མདུན་ངོས། ལོ་རྒྱུས། རྟ་སྤྱོད་མཁན་...

རྟ་སྤྱོད་མཁན་མཐོང་རྒྱུ་མི་འདུག

༡༦༦༦༧༣

༅༅།། ང་ཡི་མིང་ལ་རྟ་ཕོ་རླུང་གཤོག་རྐྱང་པོ་ཟེར། ངའི་ཕ་མའི་ཕ་མ་ཚོར་ཐེར་ཀ་འདྲུད་དགོས་པ་སོགས་ཀྱི་ལས་ཀ་ཤིན་ཏུ་མང་ཡོད་ཅིང༌། དུས་དེར་མི་ཚང་མས་ཁོང་ཚོ་གལ་ཆེན་པོར་འཛིན་གྱི་ཡོད། ཡིན་ནའང༌། ང་ལ་མཚོན་ན་དངོས་གནས་ཁག་པོ་འདུག “རྟ་འདྲུད་འཁོར་ལོ་”རྣམས་ཀྱི་ཚབ་ཏུ་ད་ཆ་“རྟ་མེད་འཁོར་ལོ་”སྟེ

མི་ཚོས་ལོ་ངོ་སྟོང་ཕྲག་གི་རིང་དུ་རྟ་བེད་སྤྱོད་བྱས་སྟབས། རྒྱུན་རིང་བེད་སྤྱོད་བྱས་པའི་དངོས་པོ་ཡག་པོ་ཞིག་དོར་ཏེ་རང་འགུལ་འཕྲུལ་འཁོར་ལྟ་བུའི་ཅ་དངོས་ཁྱད་མཚར་དག་ལ་ལམ་སེང་དགའ་པོ་བྱས་མེད་པ་ནི་ཨ་ཅང་ཅང༌།

ཕྱི་ལོ་ ༡༧༦༩ ལོར་ཕ་རན་སིའི་མི་མིང་ལ་ ནི་ཁོ་ལསེ་ ཇོ་སེཧཕ་ ཁུག་ནོ་ཊི(Nicolas-Joseph Cugnot)ཞེས་པ་དེས་ལམ་བརྒྱུད་སྐྱེལ་འདྲེན་འཁོར་ལོ(Road vehicle)ཐོག་མ་དེ་བསྐྲུན་པ་རེད། དེ་ནི་དུད་འགྲོས་འདྲུད་མི་དགོས་པའི་སྐྱེལ་འདྲེན་འཁོར་ལོ་ཞིག་ཡིན་ཞིང་། དེ་རླངས་ཤུགས་ལ་བརྟེན་ནས་འགྲོ་ཐུབ་ཀྱི་ཡོད། དེའི་གོང་དུ་སུས་ཀྱང་རང་གི་ནུས་པས་འགྲོ་ཐུབ་པའི་སྐྱེལ་འཁོར་ཞིག་མཐོང་མྱོང་མེད་པ་རེད། དེ་རྗེས་ལོ་ངོ་མང་པོའི་རིང་མི་ཚོས་རླངས་ཤུགས་ཀྱི་སྐྱེལ་འདྲེན་འཁོར་ལོས་སྐྱེལ་འདྲེན་བྱེད་ཆེད་དུ་ཚོད་ལྟ་མང་པོ་བྱས་ཀྱང༌། སྐབས་དེ་དུས་ཀྱི་སྐྱེལ་འདྲེན་འཕྲུལ་འཁོར་ལས་དུ་བ་མང་པོ་ཐོན་ཀྱི་ཡོད་པར་མ་ཟད། སྒྲ་ཆེན་པོ་བསྟུད་མར་སྒྲོག་པ་དེས་རྟ་འདྲོག་གི་ཡོད་པས། ཉེ་འཁོར་དུ་ཐེར་ཀ་འདྲུད་པ་སོགས་ཀྱི་གལ་ཆེའི་ལས་ཀ་བྱེད་ཐབས་མེད། དེར་བརྟེན་མི་མང་པོས་སྐྱེལ་འདྲེན་འཕྲུལ་ཆས་གསར་པར་དགའ་པོ་བྱེད་ཀྱི་མེད།

ཕྱི་ལོ་༡༨༨༠ གྱ་གྲངས་ནང་ཀ་རལ་ བྷན་ཛ་(Karl Benz)དང༌། གྷོ་ཊི་ལིབ་ ཌིམ་ལར་(Gottlieb Daimler) ཞེས་པའི་འཇར་མན་གྱི་གསར་གཏོད་པ་གཉིས་ཀྱིས་སྣུམ་སྤྱོད་འགུལ་བྱེད་འཕྲུལ་འཁོར་(Engines)གསར་བཏོད་བྱས། སྣུམ་འཁོར་དེ་ནི་རླངས་ཤུགས་ཀྱིས་འཁོར་བའི་འཕྲུལ་ཆས་དང་བསྡུར་ན་ཧ་ཅང་ལེགས་པ་ཡོད། ཁོང་གཉིས་ཀྱིས་འགུལ་བྱེད་འཕྲུལ་འཁོར་དེ་འཁོར་ལོ་གསུམ་མམ་བཞིའི་སྟེང་དུ་བསྒྲིགས་སྟབས། དེའི་དབྱིབས་ནི་རྟ་འཐེན་ཐེར་ཀ་དང་འདྲ་པོ་ཡོད། མི་ཚོས་དེ་ལ་རྟ་མེད་ཐེར་ཀ་ཞེས་བརྗོད་པའི་རྒྱུ་མཚན་ཡང་དེ་རང་ཡིན།དུས་སྐབས་དེར་མི་མང་ཆེ་བས་རྟ་འཐེན་ཐེར་ཀ་སྤྱོད་ཀྱི་ཡོད་སྟབས་རྟ་ལ་ལས་ཀ་ཧ་ཅང་གི་མང་པོ་ཡོད། དོན་དངོས་སུའང་སྣུམ་འཁོར་ཐོག་མ་དག་དང་བསྡུར་ན། རྟ་ནི་མྱུར་ལ་ཡིད་རྟོན་རུང་བ་ཞིག་ཡིན་ཞིང༌། དུས་ཡུན་གང་ཙམ་རིང་རྟ་དང་སྣུམ་འཁོར་གྱིས་མཉམ་དུ་གྲོང་ཁྱེར་གྱི་སྲང་ལམ་འདྲ་མཉམ་ངང་བཟུང༌། འོན་ཀྱང་ལས་ལམ་དུ་འགྲོ་བ་འདི་རྟག་པར་ཡོད་པ་ཞིག་མ་རེད། སྣུམ་འཁོར་ནང་སྡོད་མཁན་གྱིས་སྣུམ་འཁོར་འདམ་བག་ནང་འཁར་ཏེ་འགྲོ་མི་ཐུབ་པ་མཐོང་སྐབས་ཁ་ལོ་བར་“རྟ་ཞིག་རག་ནའང་དེ་ལས་ལེགས་”ཞེས་བརྗོད་ངེས་ཡིན་ཞིང༌། ཞིང་པ་རྣམས་ནི་སྣུམ་འཁོར་གྱིས་རང་གི་རྟ་ལ་འདྲོག་སྒོ་སླངས་སྟབས་ཞེན་པ་གཏིང་ནས་ལོག་ཏེ་ངོ་རྒོལ་བྱེད། སྤྱི་ཚོགས་འགའ་ཤས་ཀྱི་ནང་དུ་གནད་དོན་འདི་ལ་དམིགས་ནས་ཁྲིམས་གཞི་ཡང་བསྡམས་ཡོད་པ་སྟེ། སྣུམ་འཁོར་གྱི་མདུན་དུ་ཆེད་འཛུགས་བྱས་པའི་མི་ཞིག་གིས་ལག་ཏུ་དར་ཆ་དམར་པོ་ཞིག་འཁྱེར་ནས་སྣུམ་འཁོར་ཡོང་གི་ཡོད་པའི་བརྡ་སྟོན་བྱེད་དགོས་པ་བཟོས། འོན་ཀྱང་ཞིང་པའི་ངོ་རྒོལ་དེ་ནི་ཉི་ཤར་སྦར་མོས་མི་ཁེབས་པ་ལྟ་བུ་ཞིག་ལས་གྲུབ་འབྲས་མེད་པ་ཞིག་ཏུ་གྱུར།

དེ་ཡང་ཕྱི་ལོ་ ༡༩༠༨ ལོར་ཨ་རི་བ་ ཧན་རའི། ཕོར་ཌི་ ཞེས་པས་་མོ་ཌལ་ ཊི་(Model T)ཞེས་པའི་སྣུམ་འཁོར་ཐོག་མར་ངོ་སྤྲོད་བྱས་པ་དང༌། ཕྱི་ལོ་ ༡༩༡༣ ལོར་ཁོང་གིས་བཟོ་གྲྭའི་ནང་འགུལ་ལྡན་སྣུམ་འཁོར་ལྷུ་སྒྲིག་བྱེད་ས་(Moving Assembly line)ཞིག་ཆེད་འཛུགས་བྱས་ཤིང༌། དེ་ལྟར་བྱས་པར་བརྟེན་ནས་ཁོས་ལས་ཕྱོད་ཆེན་པོའི་ངང་རིན་གོང་ཁེ་བའི་སྣུམ་འཁོར་མང་པོ་དུས་ཐུང་ནང་ཐོན་སྐྱེད་བྱེད་ཐུབ་པ་བྱུང་བས། གློ་བུར་དུ་སྣུམ་འཁོར་གྱི་གོང་ཚད་མར་ཆག་ཏེ་ཐ་ན་འབྱོར་བ་ཆེན་པོ་མིན་པའི་མི་ཚོས་ཀྱང་སྣུམ་འཁོར་ཉོ་ཐུབ་པ་བྱུང༌། ཁོའི་བཟོ་གྲྭ་དེས་ཕྱི་ལོ་ ༡༩༢༧ བར་ཁོ་ནར་མོ་ཌལ་ ཊི་རྟགས་ཅན་གྱི་སྣུམ་འཁོར་ས་ཡ་ ༡༥ ལྷག་བཙོང་ཐུབ་པ་བྱུང༌། དེ་ལྟར་མི་ཚོས་སྣུམ་འཁོར་ལ་དགའ་ཤུགས་ཆེ་རུ་ཆེ་རུ་སོང་བ་དང་མཉམ་དུ་ང་ཚོ་རྟ་ཡི་སྤྱོད་གོ་ཇེ་ཆུང་ཇེ་ཆུང་དུ་སོང་ནས་མཐར་རྟ་རྣམས་ངལ་རྩོལ་ནུས་ཤུགས་ཀྱི་གཙོ་གནད་ཅིག་ཡིན་པའི་ལོ་རྒྱུས་དེ་མཇུག་ཡོངས་སུ་བསྒྲིལ།
དེང་སྐབས་འཛམ་གླིང་ནང་དུ་སྣུམ་འཁོར་ས་ཡ་ ༤༥༠ ཙམ་ཡོད་ཅིང༌། མི་ཚོས་རྟ་མེད་འཁོར་ལོར་ལྟ་སྟངས་གསར་པ་ཞིག་ཀྱང་ཆགས་ཡོད། སྣུམ་འཁོར་རམ་རང་འགུལ་སྐྱེལ་འདྲེན་འཁོར་ལོ་མང་པོ་བྱུང་བར་བརྟེན་ནས་འཛམ་གླིང་གི་གྲོང་ཁྱེར་ཁག་རྒྱ་ཆེ་ལ་ལམ་ཁ་མང་པོར་འཛུགས་སྐྲུན་བྱས་ཏེ་རྣམ་པ་གཞན་དུ་འགྱུར་བ་ཕྱིན་ཡོད། ཁྱེད་རང་གྲོང་ཁྱེར་གྱི་ཉེ་འདབས་ཀྱི་གྲོང་ལག་ཏུ་སྡོད་ཀྱི་ཡོད་དམ། སྣུམ་འཁོར་གསར་བཏོད་མ་བྱས་གོང་དུ་གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་གྲོང་ལག་མེད། དེའི་རྒྱུ་མཚན་ནི་མི་རྣམས་རང་གི་ལས་གནས་དང་ཉེ་སར་སྡོད་དགོས་པས་རེད། དེང་སྐབས་མི་རྣམས་རང་གི་ལས་གནས་དང་ཐག་རིང་སར་གནས་སྡོད་བྱས་ནའང་སྐྱོན་མེད། གང་ཡིན་ཟེར་ན་རང་འགུལ་སྐྱེལ་འདྲེན་འཁོར་ལོས་ཁོང་ཚོ་ལས་གནས་དང༌། རང་ཁྱིམ་དབར་ཕར་འགྲོ་ཚུར་འོང་བྱེད་རྒྱུར་དཀའ་ངལ་མེད་པ་བཟོས་ཙང་ཡིན།

སྣུམ་འཁོར་ནི་སྤྱོད་གོ་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་དངོས་གནས་རེད། ཡིན་ནའང་སྣུམ་འཁོར་དར་རྗེས་ང་ལས་གནས་ནས་བུད་འདུག དེ་ནི་དྲང་བདེན་ཞིག་མ་རེད། སྣུམ་འཁོར་མེད་སྐབས་ཁ་མིག་ཐོགས་ཚད་ཀྱིས་ང་ལ་དགའ་ཞིང་གཅེས་ལ་ངའི་རིན་གོང་ཡང་ཆུང་ཆུང་ཡིན། ངས་རི་རླུང་དང་སྐམ་གཤེར་གང་དུའང་འགྲུལ་སྐྱོད་བྱེད་ཐུབ། གལ་ཏེ་ཁྱེད་ཀྱིས་ས་གནས་གང་ཞིག་ཏུ་ང་ལྟ་བུར་ལས་ཀ་ཞིག་ཡོད་པ་ཐོས་ཚེ། ང་ལ་འབྲེལ་བ་གནང་རོགས། དེང་སྐབས་རྟ་སྤྱོད་མཁན་དངོས་གནས་མཐོང་དཀོན་པོ་འདུག ། །།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།