མདུན་ངོས། བྱིས་རྩོམ། བོད་ཀྱི་འབྲི་...

བོད་ཀྱི་འབྲི་གཡག

༢༥༢༠༨༤

སྐུ་ཁམས་བཟང་། ཁྱེད་ཚོས་སེམས་ཅན་འབྲི་དང་གཡག་མཐོང་མྱོང་ཡོད་དམ།  འབྲི་དང་གཡག་གཉིས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སེམས་ཅན་་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན། སེམས་ཅན་འདི་གཉིས་ཀྱིས་བོད་ཀྱི་ཞིང་འབྲོག་མང་གཙོའི་འཚོ་བའི་ཁྲོད་དུ་ཡང་ཤུགས་རྐྱེན་ཆེན་པོ་བཞག་ཡོད། བོད་མཐོ་སྒང་གི་འབྲི་གཡག་མང་བ་ནི་སྒོ་ཕྱུགས་སེམས་ཅན་གྱི་རིགས་ཤིག་ཡིན།  བོད་ཀྱི་འབྲི་གཡག་རྣམས་ཀྱིས་བོད་མི་རིགས་ཀྱི་འཚོ་བའི་གནས་བབ་ཀྱང་གསལ་ཁ་སྟོན་གྱི་ཡོད།་

བོད་མི་རྣམས་ཀྱིས་སྒོ་ཕྱུགས་སེམས་ཅན་གྱི་ཚུལ་དུ། ཉར་བའི་གཡག་རིགས་ཤིག་དང་སྒོ་ཕྱུགས་སེམས་ཅན་ཚུལ་དུ་མི་ཉར་བའི་འབྲོང་ཞེས་པའི་གཡག་གི་རིགས་ཤིག་ཀྱང་ཡོད།  འོན་ཀྱང་། ད་ལྟའི་ཆར་དབུས་ཨེ་ཤེ་ཡའི་ཁུལ་དང་ཡང་སྒོས་བོད་མཐོ་སྒང་དུ་གནམ་གཤིས་འཕོ་འགྱུར་གྱིས་རྐྱེན་པ་དང་རྔོན་པས་བསད་དྲགས་པས། འབྲོང་གི་རིགས་དག་མཐོང་རྒྱུ་དཀོན་པོར་འགྱུར་ཡོད།  

 

༡༽འཚོ་གནས་བྱེད་ས་དང་གཟན་རིགས།

ནུབ་ཕྱོགས་པ་མང་པོས་གཡག་ཟེར་སྐབས་ཕོ་མོ་གཉིས་ཀར་གོ་བ་ལྟ་བུ་ཡོད་ཀྱང་། བོད་མིས་ཕོ་དེ་ལ་གཡག་ཟེར་ཞིང་། མོ་ལ་འབྲི་ཞེས་བརྗོད་ཀྱི་ཡོད། སྤྱིར་བཏང་གཡག་དང་འབྲི་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཏྲི་༣༠༠༠སུམ་སྟོང་ཡན་ཆད་ཀྱི་གནམ་གཤིས་གྲང་བའི་ས་ཁུལ་དུ་འཚོ་གནས་བྱེད་ཀྱི་ཡོད། དཔེར་ན། བོད་མཐོ་སྒང་གི་ས་ཁུལ་དང། སོག་ཡུལ།  ལ་དྭགས། བལ་ཡུལ།  འབྲུག ཧི་མ་ལ་ཡའི་རི་རྒྱུད་ཁག་སོགས་གཙོ་བོར་འཚོ་གནས་བྱེད་ཀྱིན་ཡོད། གཞན་ཡང་། དེང་སང་ཨ་རི་དང་རྒྱལ་ཁབ་གཞན་ལ་ཡང་འོར་འདྲེན་བྱས་ཏེ་འཚོ་སྐྱོང་བྱེད་བཞིན་ཡོད་པ་རེད། འབྲི་གཡག་དག་གི་བཟའ་བཅའ་གཙོ་བོ་ནི་རྩྭ་ཡིན།

༢༽འབྲི་གཡག་གི་རིགས་རྒྱུད།

སེམས་ཅན་ཚང་མས་ཕན་ཚུན་འདོད་སྦྱོར་བྱས་ཏེ། སོ་སོའི་རིགས་རྒྱུད་ཕྱི་མ་ཞིག་སྐྱེད་སྤེལ་བྱེད་བཞིན་ཡོད་པ་ལྟར། འབྲི་གཡག་གིས་ཀྱང་དེ་བཞིན་དུ་བྱེད་ཀྱིན་ཡོད།

དཔེར་ན། གཡག་དང་འབྲི། ཡང་ན། འབྲི་དང་གླང་ཕན་ཚུན་གཉིས་ལས་ཁོང་ཚོའི་རིགས་རྒྱུད་ཕྱི་མ་ཞིག་མུ་མཐུད་དེ་སྐྱེས་སྤེལ་བྱེད་ཀྱིན་ཡོད། དེ་ཡང་བོད་དུ་མཚོན་ན། སྟོན་ཀའི་སྐབས་སུ་ཁོང་ཚོ་ཕན་ཚུན་སྦྱོར་བ་བྱེད་པའི་ནམ་དུས་གལ་ཆེ་ཞིག་ཡིན་ཞིང། དཔྱིད་ཀའི་སྐབས་སུ། ཁོང་ཚོའི་བེའུ་བཙས་མགོ་འཙུགས་ཀྱི་ཡོད། སྤྱིར་འབྲིས་བེའུ་ལོ་ལྟར་བཙས་ཀྱི་ཡོད་ཀྱང། འབྲི་ལུས་སྟོབས་ཞན་པ་རྣམས་ལོ་གཉིས་རེའི་མཚམས་སུ།  བེའུ་རེ་བཙས་ཀྱི་ཡོད། གཞན་ཡང་། གནམ་གཤིས་དང་ཟས་བཅུད་ཀྱི་རྐྱེན་པས། འབྲི་འགའ་ཤས་ཀྱིས་དུས་ཐོག་ལ་བེའུ་བཙའ་མི་ཐུབ་མཁན་ཡང་ཡོད། རེ་འགའ་ནི་འདོད་སྦྱོར་བྱེད་ཀྱི་ཡོད་ནའང་། བེའུ་མངལ་དུ་མི་ཆགས་མཁན་ཡོད་པ་རེད། དེའི་རིགས་ལ་འབྲི་སྐམ་ཞེས་བརྗོད། གལ་སྲིད་གཡག་དང་འབྲི་གཉིས་ལས་ཕོ་བཙས་ན་གཡག་དང་། མོ་བཙས་ན་འབྲི་ཡིན། གཞན་ཡང་། འབྲི་དང་གླང་གཉིས་ལས་མོ་བཙས་ན་མཛོ་མོ་དང་། ཕོ་བཙས་ན་མཛོ་ཞེས་བརྗོད། ཁོང་ཚོ་ནི་མཐོ་སྒང་གི་རྩྭ་་ཐང་གི་སྟེང་དུ། དགའ་བའི་ངར་སྒྲ་དང་བཅས་ཏེ་ཁྱུ་ཁྱུ་རུ་འཚོ་གནས་བྱེད་ཀྱི་ཡོད།

༣༽འབྲི་གཡག་གི་བཀོལ་སྤྱོད།

གཡག་དང་འབྲི་གཉིས་ནི།  བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚུལ་གྱི་རྣམ་པ་གསལ་པོ་མཚོན་པར་བྱེད་ཀྱི་ཡོད།

བོད་དུ། དེང་རབས་ཀྱི་འཕྲུལ་ཆས་བཟོ་ལས་ཀྱི་འགྲིམ་འགྲུལ་ཤུགས་ཆེར་མགོ་མ་ཚུགས་པའི་ལོ་ངོ་སྟོང་ཕྲག་དུ་མའི་གོང་དུ། གཡག་ནི་མི་རིགས་རང་གི་དངོས་ཟོག་ས་གནས་གཅིག་ནས་གཅིག་ལ་འོར་འདྲེན་བྱེད་མཁན་སྒོ་ཕྱུགས་སེམས་ཅན་མེད་ཐབས་མེད་པ་ཞིག་ཡིན། དཔེར་ན། བོད་མི་རྣམས་ཀྱིས་ཚྭ་དང་། འབྲུ་རིགས། ཞིང་ལས་འདེགས་འཛུགས་དང་། དེ་བཞིན་མེ་ཤིང་སོགས་ས་ཆ་གཅིག་ནས་གཅིག་ལ་འོར་འདྲེན་བྱེད་ཀྱི་ཡོད། གཞན་ཡང་། བོད་དུ་འཕྲུལ་ཆས་བཟོ་ལས་ཐོན་སྐྱེད་རྒྱ་ཆེར་མ་དར་བའི་གོང་དུ་གཡག་གཉིས་བཀོལ་སྤྱོད་བྱས་ཏེ། ཞིང་ཁར་རྨོས་རྒྱབ་ཀྱི་ཡོད། དེང་སང་ཡང་། བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ལམ་སྲོལ་དེ་མུར་གནས་ཡོད།

 ༤༽འབྲི་གཡག་ནས་བྱུང་བའི་ཐོན་རྫས།

འབྲི་གཡག་ནས་འབྱུང་བའི་ཐོན་རྫས་ཤིན་ཏུ་མང་པོ་ཡོད། དེ་བཞིན་འབྲི་གཡག་ནས་བྱུང་བའི་དངོས་ཟོག་དག་ནི་བོད་མི་རིགས་རང་ཉིད་ཀྱིས་རང་གི་ལུང་པ་ནས་ཐོན་བསྐྱེད་བྱེད་ཅིང་། དེས་བོད་མི་ཚོ་རང་ཁ་རང་གསོའི་ངང་ལོ་ངོ་སྟོང་ཕྲག་ནས་སྟོང་ཕྲག་བར་འཚོ་གནས་ཐུབ་པར་ཕན་ཐོགས་བྱུང་ཡོད། འབྲོག་པ་ཞིག་ལ་མཚོན་ན། འབྲི་གཡག་ནས་བྱུང་བའི་རྩིད་པས་སྦྲ་དང་སྐུད་པ། སྣོད། འོ་འཐག ས་གདན་སོགས་འཐག་གིན་ཡོད། དེ་བཞིན་ལུས་ལ་ཕན་ཞིང་རོ་བཅུད་ཕུན་སུམ་ཚོགས་པའི་འོ་མ་ལས་མར་དང་། ཞོ། ད་ར། ཕྱུ་ར། ཐུད་སོགས་ཐོན་བསྐྱེད་བྱེད་ཀྱི་ཡོད།

འབྲི་གཡག་གི་་ལྕི་བ་རྣམས་སྐམ་པོ་གྱུར་རྗེས་སུ་མཐོ་སྒང་གི་ཁུལ་དུ་མཆོག་ཏུ་འགྱུར་བའི་འབུད་རྫས་ཆགས་ཀྱི་ཡོད། གཞན་ཡང་། མཐོ་སྒང་དུ་གནས་པའི་བོད་མིས་ཁོང་ཚོའི་ཤ་ཟ་བ་དང་པགས་པས་ཀོ་གྲུ་དང་ཀོ་ལྷམ་སོགས་པའི་འཚོ་བའི་ནང་དུ་དགོས་མཁོ་ངེས་ཅན་གྱི་ཡོ་ཆས་རྣམས་བཟོ་གིན་ཡོད

 

 

༥༽འབྲི་དང་གཡག་གི་དགྲ་བོ།

མི་མང་པོས་གཡག་ཤ་དང་འབྲི་ཤ་ཟས་སུ་སྤྱོད་ཀྱི་ཡོད་པས། མི་རྣམས་ནི་ཁོ་ཚོའི་དགྲ་བོ་གཙོ་བོ་ཡིན། དེ་བཞིན་གནམ་གཤིས་གྲང་སར་གནས་མཁན་མི་རྣམས་དཀར་ཟས་ཟ་རྒྱུ་དཀོན་པས། འབྲི་དང་གཡག་མང་པོ་གསོད་དེ་ཤ་ཟ་གིན་ཡོད། གཞན་ཡང་བོད་ཀྱི་ས་ཁུལ་རེ་འགའི་ནང་དུ་ཆོས་ཕྱོགས་ཀྱི་བསམ་བློ་བཏང་སྟེ། འབྲིའམ་གཡག་སོགས་ཀྱི་རྣ་ཅོག་སྟེང་དུ་དར་རྩིད་དམར་པོ་ཞིག་བཏགས་ནས། ཁོང་ཚོ་རིའི་སྒང་དུ་ཚེ་ཐར་གཏོང་སྲོལ་ཞིག་ཀྱང་ཡོད། ཚེ་ཐར་བཏང་ཟིན་རྗེས་ཁོང་ཚོ་ལོ་ན་རྒས་པའམ་རྒྱུ་རྐྱེན་གཞན་གྱིས་ཐོག་ནས་ཤི་ན་མ་གཏོགས་བདག་པོས་གསོད་མི་རུང་། ཁོང་ཚོ་གང་འདོད་ལྟར་འཚོ་གནས་བྱེད་ཀྱི་ཡོད། རིའི་སྟེང་དུ་ཁོང་ཚོའི་དགྲ་བོ་ནི་སྟག་དང་། གཟིག དྲེད་མོང། སྤྱང་ཀི། རི་ཁྱི་སོགས་ཡིན། ཁོང་ཚོས་ཉེན་ཁ་ལས་སྲུང་སྐྱོབ་ཀྱི་སླད་དུ་ཁྱུ་ཁྱུ་བྱས་ཏེ་འཚོ་གནས་བྱེད་ཅིང་། ལུས་སྟོབས་ལྡན་པའི་འབྲི་གཡག་རེ་འགས་དགྲ་བོ་ཐུག་སྐབས་སུ་མགོ་བོའི་རྭ་ཅོ་ཟུང་བསྟན་ནས་འཛིང་ཐབས་བྱེད་ཀྱི་ཡོད། གནོད་འཚེ་འགོག་སླད་དུ་འབྲི་གཡག་བཅུ་ཕྲག་དང་བརྒྱ་ཕྲག་མང་པོའི་རྗེས་སུ་རྫི་བོ་འགའ་ཤས་ཀྱིས་ཟས་འཁྱེར་ཏེ་འཚོ་རུ་འགྲོ་གི་ཡོད།

༦༽ཚེ་སྲོག་གི་དུས་ཡུན།

འབྲི་གཡག་གི་ལོ་བརྩི་ཚུལ་ལ་ཡང་མི་འདྲ་བར་འགའ་ཤས་ཡོད་པ་མཐོང་། ལོ་གཅིག་ལ་བེའུ་དང་ལོ་གཉིས་ལ་ཡ་རུ་དང་ལོ་གསུམ་ལ་ཤད་དང་དེ་བཞིན་དུ་ལོ་ལྔ་ལ་སོ་བཞི་དང་ལོ་དྲུག་ལ་སོ་དྲུག་དང་ལོ་བདུན་ལ་ཁ་གང་སོགས་བརྩི་ཚུལ་འདུག  འབྲི་དང་གཡག་གི་སོ་དང་རྭ་ཅོར་ལྟས་ཏེ། ཁོང་ཚོ་འི་ལོ་ཚོད་ཇི་ཙམ་སླེབས་ཡོད་མེད་བལྟ་སྲོལ་འདུག རྭ་ཅོ་ལ་ལྟ་བ་དེ་ནི་ཤིང་སྡོང་འགའ་ཤས་ཀྱི་པགས་པ་ལོ་ལྟར་བརྗེ་བ་ཇི་བཞིན་དུ་ཡིན། ཆ་སྙོམས་བྱས་ན་ཁོང་ཚོ་ནི་ལོ་སུམ་ཅུ་ཙམ་སྡོད་ཀྱི་ཡོད་པ་རེད།

༧༽འབྲི་གཡག་གི་དངོས་བྱུང་།

  • འབྲི་དང་གཡག་ནི་མི་སུས་ཀྱང་སྒོ་ཕྱུགས་སེམས་ཅན་གྱི་ཚུལ་དུ་ཉར་ཐུབ་པ་དང་། དེ་བཞིན་གསོ་ཉར་མ་བྱས་པར་ཨ་མའི་མངལ་ནས་བཙས་རྗེས་རྩྭ་ཐང་དང་རིའི་སྒང་དུ་རང་འགར་འཚོ་གནས་བྱེད་ཐུབ་ཀྱི་ཡོད།
  • སྤྱིར་གཡག་དང་འབྲི་མང་ཆེ་བ་ལ་རྭ་ཅོ་གཉིས་རེ་ཡོད་ཀྱང་། འགའ་ཤས་ལ་རྭ་ཅོ་མེད་པའང་ཡོད། རྭ་ཅོ་མེད་པར་དེ་དག་ལ་གཡག་ཨ་ཡེའམ་འབྲི་ཨ་ཡེ་ཞེས་བརྗོད། རྭ་ཅོ་དེ་གཉིས་ཀྱིས་རྒྱུན་དུ་ཁོང་ཚོ་ལ་གནོད་འཚེ་བྱེད་མཁན་གྱི་སེམས་ཅན་ཞིག་ཐུག་ན། རྭ་ཅོ་་ཕར་བསྟན་ཏེ་མཇུག་མ་ཡར་སླངས་ནས་འཛིང་གི་ཡོད།   རྭ་ཅོ་་རིང་བ་ལ་སན་ཌི་མི་ཌོར་གསུམ་ཙམ་ཡོད།
  • འབྲི་གཡག་གི་སྤུ་མདོག་ནི་མི་འདྲ་བར་སྣ་ཚོགས་ཡོད། དཔེར་ན། དཀར་པོ། ནག་པོ། ཁམ་པ་སོགས་རྩིད་པ་ཡང་མཐུག་པོ་ཡོད། འབྲི་གཡག་གི་ལུས་ལ་རྩིད་པ་རིང་པོ་ཡོད་ཅིང། དེས་གནམ་གཤིས་གྲང་བའི་གནོད་འཚེ་ལས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད།

༼མཆན།  མ་འོངས་པར་བོད་ཀྱི་འབྲི་གཡག་གི་སྐོར་ལ་དཔྱད་པར་འོས།  སྐྱོན་གྱི་ཆ་ཅི་མཆིས་པ་ཐམས་ཅད་བདག་ལ་སློབ་སྟོན་དང་དགོངས་འཆར་གནང་བར་མཁྱེན། རི་མོ་མཁན་ནི་ཨོ་གླིང་རི་སྔོན་པོར་བཞུགས་པའི་འཛིན་རིམ་བདུན་པའི་སློབ་མ་བསྟན་འཛིན་འཛོམས་སྐྱིད་ལགས་ཡིན་པས།་བཀའ་དྲིན་ཆེའོ་ཞུ།༽

གལ་ཆེའི་མིང་ཚིག་ཁག་ཅིག

༡༽རྫི་བོ།     ༢༽རྩིད་པ།   ༣༽ཁྱུ་ཅིག  ༤༽གཟན། ༥༽ཚེ་ཐར།    ༦༽བེའུ།   ༧༽ཨ་ཡེ།   ༨༽སྒོ་ཕྱུགས་སེམས་ཅན།

 

 

 

མཆན་གཅིག

  1. ཤིན་ཏུ་ལེགས། འབྲི་གཡག་གཉིས་ནི་ང་ཚོ་བོད་ཁ་བ་ཅན་གྱི་མེད་དུ་མི་རུང་བའི་རྒྱུ་ནོར་ཡིན་པ་མང་ཚོགས་ལ་འདི་འདྲ་ངོ་སྤྲོད་ཐུབ་པ་ངོ་མ་བཟང་ངོ་།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།