མདུན་ངོས། མྱོང་བྱང་། རྡོར་གདན་སྐོར...

རྡོར་གདན་སྐོར་ལམ་གྱི་དྲན་རྟོག་རབ་རིབ།

༣༤༤༨༩

༄༅།། རྒྱ་གར་རྡོ་རྗེ་གདན་ནི་ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ཐུན་མོང་གིས་དད་པ་ཞུ་ཡུལ་གྱི་གནས་ཆེན་ཁྱད་པར་བ་ཞིག་ཡིན་ལ། ཨེ་ཤ་ཡའི་ཡུལ་གྲུ་སྣ་ཚོགས་ཀྱི་དད་ལྡན་གནས་སྐོར་བ་བརྒྱ་སྟོང་མང་པོ་དང། ནུབ་ཕྱོགས་ཡུལ་ལུང་ཁག་གི་ཤེས་ཡོན་ལྗོངས་རྒྱུ་བ་བཅས། བསམ་བློའི་མོས་པ་དང་ཕྱི་ཚུལ་གྱི་ཆ་ལུགས་མ་འདྲ་བ་ཤིན་ཏུ་མང་པོ་འདུས་སྡོད་ཞུ་སའི་ས་གནས་ཤིག་ཏུ་ཆགས་ཡོད། ཆག་ལོ་ཙཱ་བའི་གནས་ཡིག་དང། ཀུན་མཁྱེན་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང། བཙན་པོ་སྤྲུལ་སྐུའི་འཛམ་གླིང་རྒྱས་བཤད། དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་སོགས་སུ་རྡོ་རྗེ་གདན་གྱིས་མཚོན་པའི་རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་གི་གནས་ཚུལ་གང་འཚམས་རྒྱས་པ་འཁོད་ཡོད། བོད་ཆོས་ལྡན་གྱི་ཞིང་ལ་མཚོན་ན་ཡི་གེ་ཤེས་མིན་གྱི་ཁྱད་པར་ལ་མ་ལྟོས་པར། རྒྱ་གར་རྡོ་རྗེ་གདན་ཞེས་མཚན་ཐོས་པ་ཙམ་གྱིས་ཀྱང་ལུས་ཀྱི་བ་སྤུ་གཡོ་བ་ལྟ་བུའི་དད་པ་རང་ཤུགས་ཀྱིས་འབྱུང་བའི་གོམས་སྲོལ་གྱི་རྒྱབ་ལྗོངས་གཏིང་ཚུགས་པ་ཞིག་གནའ་སྔ་མོ་ནས་ཡོད། གོམས་སྲོལ་འདིའི་ཤུགས་རྐྱེན་ང་ཚོའི་ཤ་གསེང་རུས་གསེང་ལ་ཐིམ་ནས་ཡོད་སྟབས། རྒྱ་གར་རྡོ་རྗེ་གདན་གྱི་གན་ངྷོ་ལ་འདི་རྒྱ་གར་པའི་ཆོས་དང་རིག་གནས་ཀྱི་ལྟེ་གནས་དང་མཚོན་རྟགས་ཤིག་ལ་ངོས་འཛིན་བྱེད་མཁན་ཡང་མང་པོ་མཆིས།
གནའ་སྔ་མོ་བྷོ་ངྔྷི་གཱ་ཡ་ཞེས་པ་འདི་ནང་པའི་ཐེག་ཆེན་གྱི་ཆོས་སྡེ་ཆེན་པོ་ཞིག་གི་རྟེན་གཞི་སྙན་གྲགས་ཅན་ཞིག་ཡིན་པར་མ་ཟད། འདི་ནས་ཁད་ཉེ་བའི་སར་དཔལ་ན་ལེནྡྲའི་གཙུག་ལག་ཁང་དང། དེ་ནས་རྒྱང་མི་རིང་བའི་སར་ཨོ་ཏན་ཏ་པཱུ་རིའི་གཙུག་ལག་ཁང། དེ་ནས་ཇོ་བོ་རྗེའི་སྐུ་ཚེ་སྨད་ཀྱི་གདན་ས་བི་ཀྲ་ལ་ལ་ཤཱི་ལའི་གཙུག་ཁང་བཅས་བསྟར་ཆགས་སུ་ཡོད་འདུག་ཅིང། སྟག་ཤཱི་ལའི་གཙུག་ལག་ཁང་ཞེས་པ་དེ་ཡང་དེང་སང་པ་ཀི་སི་ཐན་གྱི་རྒྱལ་ཁོངས་སུ་ཡོད་པར་གྲགས། གང་ལྟར་ཡང་བྱང་རྒྱུད་དུ་ཡོད་པའི་གཙུག་ལག་ཁང་འདི་དག་ནི་གནའ་སྔ་མོ་ནང་པའི་མདོ་རྒྱུད་ཀྱི་བསྟན་པའི་འབྱུང་ཁུངས་མཚན་སྙན་འཛམ་གླིང་ལ་ཁྱབ་པ་ཤ་སྟག་ཡིན་པས། རྒྱ་གར་ཡུལ་དུ་ནང་པའི་བསྟན་པ་དར་ཁྱབ་ཆེ་ཤོས་སུ་ཕྱིན་པ་ནི་བྱང་རྒྱུད་ཀྱི་ཡུལ་གྲུ་འདི་དག་ཡིན་པ་རྟོགས་ཐུབ།

སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་གཙོས་རྒྱ་གར་གྱི་ནང་པའི་མཁས་གྲུབ་མང་པོ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་འཁྲུངས་པ་ཡིན་ཡང། ཕྱིས་སུ་འཕྲིན་ལས་རྒྱ་ཆེར་འཕེལ་སའི་ཁོར་ཡུག་གཙོ་བོ་དག་ནི་རྒྱ་གར་བྱང་རྒྱུད་ཀྱི་ཡུལ་གྲུ་དག་ཡིན་འདུག་ཅིང། ལྷོ་རྒྱུད་དུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་སྐོར་གྱི་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན། འདི་མཆོད་རྟེན་རང་འགའ་བ་ཞིག་མ་ཡིན་པར་དགེ་འདུན་པ་མང་པོ་འདུས་སྡོད་བྱེད་སའི་གཙུག་ལག་སློབ་གཉེར་ཁང་རྒྱ་ཆེན་པོ་ཞིག་ཡིན་པ་ཤུགས་ཀྱིས་རྟོགས་ཐུབ་ཀྱང། ལྷོ་རྒྱུད་དུ་ནང་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དཔལ་ན་ལེནྡྲ་ལྟ་བུའི་ཆོས་སྡེ་མཚན་སྙན་ཅན་གཞན་བྱུང་མ་མྱོང་བ་ཡིན་ནམ། ཡང་ན་སྔོན་གྱི་བྱུང་བ་རྣམས་བསྐལ་དོན་དུ་གྱུར་པའི་དབང་གིས་ད་ལྟར་ཤེས་རྟོགས་མི་ཐུབ་པར་གྱུར་པ་ཡིན། འདི་ནི་བསམ་གཞིག་བྱ་དགོས་པའི་གནད་དོན་ཞིག་ཡིན་པ་ལས་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་མིན།

ཕྲན་རྡོ་རྗེ་གདན་དུ་ཐོག་མར་འབྱོར་བ་ནི་ཕྱི་ལོ་ ༡༩༩༧ ལོར་ང་ཚོའི་མཐར་ཕྱིན་འཛིན་གྲྭ་རྣམས་གནས་སྐོར་ལ་བསྐྱོད་པའི་སྐབས་བཅར་བ་དེ་ཡིན་ལ། དེ་ནས་བཟུང་ད་བར་ཉུང་མཐའ་ཡང་ཡང་རྡོ་རྗེ་གདན་ལ་ཐེངས་མ་བརྒྱད་བཅར་ཐུབ་པའི་གོ་སྐབས་བྱུང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་བྱང་རྒྱུད་ཀྱི་ནང་པའི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕྱིན་པའི་སྐབས་ཀྱི་ཉིན་ཐོ་ལ་གཞིར་བྱས་ཏེ་རྩོམ་ཡིག་ཅུང་རྒྱས་པ་ཞིག་བྲིས། ཕྱིས་སུ་ཉིན་ཐོའི་ཚུལ་དུ་བྲིས་པའི་རྩོམ་ཡིག་དེ་བཞུགས་སྒར་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་གི་དུས་དེབ་རླབས་ཕྲེང་ཡིན་ནམ་གསལ་ཤོག་རྩོམ་རིག་གར་ཕྲེང་གང་རུང་ཞིག་ཏུ་བཀོད་པ་དྲན་གྱི་འདུག་ཀྱང། རྩོམ་ཡིག་མ་ཟིན་དང་བཅས་པ་གློག་ཀླད་དུ་ཉར་ཚགས་བྱས་མི་འདུག་པས་ནང་དོན་གང་འདྲ་བྲིས་ཡོད་མེད་དྲན་ལམ་ན་དེ་ཙམ་གསལ་པོ་མི་འདུག སྐབས་དེར་གནས་ཡིག་གསར་རྙིང་འགའ་ཤས་བསྡུར་ནས་གནས་ཚུལ་ཆེ་ཕྲ་འགའ་ཤས་ཐོག་བསམ་གཞིག་ཕྲན་བུ་བྱས་མྱོང།

གཙུག་ལག་ཁང་ལྟེ་བའི་མདུན་གྱི་གཡོན་ཕྱོགས་སུ་དབུས་མ་དང་དབྱིབས་འདྲ་བའི་མཆོད་རྟེན་ཞིག་ཡོད་པ་འདི་ནི། སྟོན་པ་དང་པོ་འདིར་བྱོན་སྐབས་ཞལ་ནས་འོད་ཟེར་སྤྲོས་ཏེ་བྱང་ཆུབ་ཤིང་དངོས་མ་མིན་པ་གཞན་རྣམས་བསྲེགས་པའི་ཤུལ་དུ་བཞེངས་པ་ཡིན་པས་དེ་ལ་འོད་ཟེར་འཕྲོ་བའི་གན་དྷོ་ལི་ཞེས་ཟེར། ཤིང་ཚིག་པ་རྣམས་ཀྱི་སོལ་བ་སྤུངས་པའི་སར་ཨ་ཀར་བྷོ་དྷི་བྱ་བའི་བྱང་ཆུབ་ཤིང་ཞིག་སྐྱེས་པ་ད་ལྟ་བྱང་ངོས་སུ་ཡོད་པ་དེ་ཡིན་ཞིང། ཤིང་དེའི་རྩར་ར་ས་ཀུ་ལའི་ཁྲོན་པ་ཡོད། དེའི་ཆུ་སྟོན་པས་རྫུ་འཕྲུལ་གྱིས་དངུལ་ཆུར་བྱིན་གྱིས་རླབས་པས་འཐུང་ན་ཕོ་ནད་ལ་ཕན་པའི་བཤད་སྒྲོས་མཆིས། དབུས་མའི་ལྷོ་ངོས་ས་སྟེགས་ཡངས་པ་ཞིག་ཡོད་ས་དེར་སྟོན་པའི་བཞུགས་གདན་གྱི་རྩྭ་རྣམས་བོར། དེར་སྔོན་མཆོད་རྟེན་དབུས་ཀྱི་འདི་དང་འདྲ་བའི་ཆེན་པོ་ཞིག་ཡོད་སྐད་ཀྱང་ད་ལྟ་མི་སྣང། རྭ་བའི་ཤར་གྱི་དུར་ཁྲོད་ནང་གི་དཀྱིལ་འཁོར་དེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད་ཅེས་མཁས་དབང་དགེ་ཆོས་ཀྱིས་དོགས་སློང་མཛད་ཡོད། དབུས་གན་ངྷོ་ལ་རྟེན་དང་བརྟེན་པ་དང་བཅས་པ་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བ་བྱ་བས་བཞེངས། བསྐོར་ལམ་ནང་མའི་མཐའི་རྭ་སྐོར་གྱི་རྡོའི་དྲ་མིག་འདི་དག་ཐོག་མར་དཔལ་མགོན་ཀླུ་སྒྲུབ་ཀྱིས་བཞེངས་པ་ཡིན་འདུག་ཀྱང། དེང་སང་རྡོའི་དྲ་མིག་རྙིང་པ་མང་པོ་ཞིག་ཉེ་འཁྲིས་ཀྱི་འགྲེམས་སྟོན་ཁང་དུ་བཞགས་འདུག གཙུག་ལག་ཁང་གི་ཤར་ངོས་སུ་བཞུགས་པའི་སྒྲོལ་མའི་སྐུ་འདི་ཇོ་བོ་རྗེ་ལ་ལུང་བསྟན་གནང་བའི་སྐུ་གསུང་འབྱོན་མ་དེ་ཡིན་ཟེར་བ་དང། རིགས་ཤིག་གིས་ལུང་བསྟན་གནང་མཁན་གྱི་སྒྲོལ་མ་གསུང་འབྱོན་མ་དེ་ནི་གཙུག་ལག་ཁང་གི་མདུན་ཕྱོགས་གཡས་ངོས་ཀྱི་ས་ཁང་དོག་པོ་ཞིག་ཏུ་སྒྲོལ་མའི་སྐུ་ཆུང་ཆུང་ཞིག་ཡོད་པ་དེ་ཡིན་ཟེར།


རྡོ་རྗེ་གདན་གྱི་གན་ངྷོ་ལ་འདི་བཞེངས་ནས་ད་བར་ལོ་ཉིས་སྟོང་ལྷག་ཕྱིན་པའི་རིང་ལོ་རྒྱུས་ཀྱི་གནས་བབ་མ་འདྲ་བ་སྣ་ཚོགས་བརྒྱུད་ནས་བྱོན་ཞིང། ཕྱི་ལོ་དུས་རབས་བཅུ་གསུམ་པའི་ནང་གཏོར་བཅོམ་ཚབས་ཆེན་ཕོགས་པས་དབུས་ཀྱི་གན་ངྷོ་ལ་ཞིག་རོ་ཙམ་མ་གཏོགས་མ་ལྷག་པར་རྩ་མེད་དུ་ཕྱིན་ཡོད། ལྷག་པར་དུ་བདག་ཅག་གི་སྟོན་པ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་པའི་སྐབས་སྐུ་རྒྱབ་རྟེན་སའི་བྱང་ཆུབ་ཀྱི་ལྗོན་པ་རྩ་བ་ནས་བཀོག་པའི་ཤུལ་དུ་ལྕགས་ཀྱི་ཁྲོ་ཆུ་བླུག་པའི་གནས་ཚུལ་ཡ་ང་བ་ཡང་བྱུང་ཡོད།

འོན་ཀྱང་བཅོམ་ལྡན་རིག་རལ་གྱིས་མཛད་པའི་རྡོ་རྗེ་གདན་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་ལས། རྡོ་རྗེའི་གདན་ཞེས་བྱ་བ་དེ་ནི། །ས་ཕྱོགས་རྡོ་རྗེའི་རྣམ་པ་ཅན། །རང་དང་གཞན་གྱིས་མི་འཇིག་པ། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ལས་བྱུང་བ། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལ། བྱང་ཆུབ་ཀྱི་ཤིང་སྐྱེས་པ། རྡོ་རྗེའི་རྩེ་མོ་བཞིའི་ཐད་ཀ་ན་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་ཉན་ཐོས་པ་རྣམས་འདོད་དོ། །ཞེས་དང། ཡང་དེ་ཉིད་ལས། ཐེག་ཆེན་པ་རྣམས་ནི་རྡོ་རྗེ་རྩེ་ལྔ་པ་ལངས་ནས་ཡོད་པའི་ཁོང་གསེང་ནས། བྱང་ཆུབ་ཀྱི་ཤིང་བྱུང་བ་རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་འདོད་དོ། །དེ་ན་ཁྲི་འཕང་མེད་པའི་མཆོད་རྟེན་བུམ་པ་བུམ་རྟེན་ཅན་འདོམ་གསུམ་པ་འཁོར་ལོ་རྡོ་རྗེས་མཚན་པ་བཞི་པོ་དེའི་བར་ན་མདའ་རྒྱང་འབྲིང་པོ་ཙམ་རེ་ཡོད་དོ། །དེ་ནི་རྡོ་རྗེ་གདན་གྱི་རྒྱའི་ཚད་དོ། །འདི་ཛམྦུ་གླིང་གི་དཀྱིལ་ན་ཡོད་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་ཐམས་ཅད་འཚང་རྒྱ་བ་དང་། བསྐལ་པ་འཇིག་པའི་མེ་ལ་སོགས་པས་ཀྱང་མི་འཇིག་པར་གཉིས་ཀས་འདོད་དོ། །ཞེས་སོགས་གསུངས་ཤིང། འདི་ལྟ་བུའི་བཤད་པ་ཆོས་འབྱུང་གི་གཞུང་མང་པོར་གཅིག་མཚུངས་ཀྱིས་འབྱུང་བས། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་གན་ངྷོ་ལ་འདི་ལ་ཆག་འཇིག་དང་གཞོམ་གཞིག་གི་གནས་ཚུལ་གཏན་ནས་མེད་པར་བཞེད།

གང་ལྟར་ཡང་བོད་ཀྱི་མཁས་གྲུབ་དང་ལོ་ཙཱ་བ་མང་པོ་ཞིག་གནས་འདིར་བྱོན་ཡོད་པ་གོར་མ་ཆག་ལ། དམིགས་བསལ་གྱི་མཛད་རྗེས་དང་རྣམ་ཐར་ཡོད་པའི་རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་དང། རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ། ཆག་ལོ་དགྲ་བཅོམ་སོགས་གནས་འདིར་བྱོན་པའི་ལོ་རྒྱུས་གསལ་པོ་ཡོད་སྟབས། རྡོ་རྗེ་གདན་ལ་སླེབས་པའི་སྐབས་རྒྱུན་དུ་ཁོང་ཚོའི་རྣམ་ཐར་ཡིད་ལ་འཁོར་ནས་གནས་འདི་དང་འདི་ལ་ཁོང་རྣམ་པ་ཕེབས་ཡོད་ངེས་སྙམ་ནས་དད་པ་དང་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་རང་བཞིན་གྱིས་བརྡོལ་ཡོང་བ་ཞིག་འདུག རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་དང། རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ་གཉིས་ཤིན་ཏུ་སྙན་གྲགས་ཆེན་པོ་ཡིན་པའི་ཚོད་ཀྱིས་འགྱུར་གཞུང་དེ་ཙམ་མང་པོ་བཞུགས་མེད་ཀྱང། ཁོང་གཉིས་ཀ་རྒྱ་གར་གྱི་མཁས་པ་དང་མང་ཚོགས་གཉིས་ཀའི་ནང་ཤིན་ཏུ་མཚན་སྙན་དང་མཛད་རྗེས་ཆེན་པོ་ལྡན་པ་ཞིག་ཡིན། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་རྩ་མི་སངས་རྒྱས་གྲགས་རྒྱ་གར་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད་པའི་ལོ་རྒྱུས་གསལ་པོ་འཁོད་པར་མ་ཟད། ལོ་རྒྱུས་གཞན་དག་ཏུ་བླ་མ་རྩ་མི་སངས་རྒྱས་གྲགས་དཔལ་ནཱ་ལེནྡྲའི་མཁན་པོར་ཕེབས་མྱོང་ཚུལ་བྲིས་པའང་ཡོད། རྒྱ་གར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། པཎ་ཆེན་ཨ་བྷྱ་ཀཱ་ར། རྡོ་རྗེ་གདན་པ་དོན་ཡོད་རྡོ་རྗེ་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་སྙན་གྲགས་ཅན་མང་པོས་རྩ་མི་སངས་རྒྱས་གྲགས་བླ་མར་བསྟེན།

རྒྭ་ལོ་ཙཱ་བ་ཐོག་མར་བོད་ནས་རྒྱ་གར་དུ་འབྱོར་བའི་སྐབས། རྒྱ་གར་དུ་མཁས་པ་སུ་དང་སུ་ཡོད་དྲིས་པ་ན། བོད་ཀྱི་ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས་མཁས་ཤོས་ཀྱི་གྲས་ཡིན་པར་ངོ་སྤྲོད་ཞུས་འདུག་ཀྱང། རྒྭ་ལོ་ཙཱ་བའི་དགོངས་པར་བོད་ནས་རྒྱ་གར་དུ་ཡོང་སྟེ་བོད་མི་གཅིག་ལས་ཆོས་ཉན་པ་དོན་མེད་དགོངས་ཏེ། དེ་མིན་གཞན་མཁས་པ་སུ་དང་སུ་བཞུགས་དྲིས་པར། སློབ་དཔོན་ཨ་བྷྱ་ཀཱ་ར་དང་ཨོ་རྒྱན་གྱི་པཎྜི་ཏ་ཝཱ་གི་ཤྭ་ར་མཁས་ཟེར་ནས་ངོ་སྤྲོད་ཞུས་འདུག འོན་ཀྱང་ཁོང་གིས་ཞིབ་འཇུག་མཛད་པའི་སྐབས་རྒྱ་གར་གྱི་སློབ་དཔོན་སློབ་དཔོན་ཨ་བྷྱ་ཀཱ་ར་དང་ཨོ་རྒྱན་གྱི་པཎྜི་ཏ་ཝཱ་གི་ཤྭ་ར་གཉིས་ཀས་རྩ་མི་སངས་རྒྱས་གྲགས་བླ་མར་བསྟེན་ནས་ཆོས་ཉན་བཞིན་ཡོད་པ་གཟིགས་པས། ཕྱིས་སུ་རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཀྱང་རྩ་མི་སངས་གྲགས་བླ་མར་བསྟེན་པའི་དྲུང་ནས་ཆོས་མང་པོ་གསན་པའི་ལོ་རྒྱུས་ཡོད། ཕྱིས་སུ་རྒྭ་ལོ་ཙཱ་བས་གསན་བསམ་གྲུབ་པའི་རྗེས་དུད་ཁྲོད་བསིལ་བའི་ཚལ་དུ་སྒྲུབ་པ་མཛད་ཅིང། རྒྱ་གར་ཡུལ་དུ་ཤིན་ཏུ་མཚན་སྙན་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད། སྐབས་དེའི་མ་ག་ངྷའི་རྒྱལ་པོས་རྒྭ་ལོ་ཙཱ་བ་སྤྱན་དྲངས་ཏེ་ཆོས་ཞུ་བའི་སྐབས། སྐྱེ་བོའི་ཚོགས་ཀྱིས་ས་གཞི་གང་བ་ལྟ་བུ་འདུས་ཏེ་མེ་ཏོག་གཏོར་བ་པུས་མོ་ནུབ་པ་ཙམ་བྱུང་འདུག་པ་དང། རྒྱ་གར་ཡུལ་དུ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་ཆོས་སྨྲ་བ་ཞིག་ལ་མེ་ཏོག་གཏོར་བ་དེ་ལས་མང་བ་མ་བྱུང་བར་གྲགས་པའི་ལོ་རྒྱུས་ཡོད།

ཆག་ལོ་དགྲ་བཅོམ་རྡོ་རྗེ་གདན་དུ་ཡོད་པའི་སྐབས་ཉིན་ཞིག་ཏི་རི་ཁའི་དཔུང་གི་འཇིགས་པ་སླེབས་པ་ན། ཁོར་ཡུག་ཏུ་ཡོད་པའི་སྐྱ་སེར་ཡོངས་རྫོགས་བྲོས་བྱོལ་དུ་ཕྱིན་ཡང། ཆག་ལོ་དགྲ་བཅོམ་གནས་བརྟན་དགུང་ལོ་དགུ་བཅུ་བརྒལ་བ་ཞིག་དང་ལྷན་དུ་བཞུགས་པ་ལས་བྲོས་བྱོལ་དུ་མ་ཕྱིན། གནས་བརྟན་གྱིས། ཅི་འདྲའི་བོད་པ་གླེན་རྒན་ཞིག གཞན་དག་ཡོངས་རྫོགས་དམག་གི་འཇིགས་པ་ལ་བསྐྲགས་ནས་བྲོས་བྱོལ་དུ་ཕྱིན་ན་ཁྱོད་ཅིའི་ཕྱིར་མ་བྲོས་པ་ཡིན། ཞེས་ཟེར། ཆག་ལོས། གཞན་དག་ཡོངས་རྫོགས་བྲོས་ཀྱང་རུང། ངས་བླ་མ་ཤུལ་དུ་བསྐྱུར་ནས་འབྲོ་མི་ཐུབ་ཟེར། གནས་བརྟན་གྱིས། བོད་པ་འདི་མི་བློ་གཏད་ཆོག་པའི་མི་བསླུ་བ་ཞིག་འདུག་ཅེས་གསུངས།
རྡོར་གདན་སྐོར་ལམ་གྱི་དྲན་རྟོག་རབ་རིབ་ཅེས་པ་འདི་ནི་རེ་མདོ་སེངྒེས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༡༣ ཉིན་མཆོད་རྟེན་ཉེ་འཁྲིས་ཀྱི་ཀིརྟིའི་མགྲོན་ཁང་དུ་བྲིས།

རྩོམ་སྔ་མ།མྱུར་སྐྱོབ་བཅོས་ཐབས།
རྩོམ་རྗེས་མ།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས།༼དུམ་བུ་དྲུག་པ།༽
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།