མདུན་ངོས། མྱོང་བྱང་། མཎྜལ་བརྟན་བཞུ...

མཎྜལ་བརྟན་བཞུགས་དད་པའི་གསོས།

༡༢༦༥༠༠

༸རྒྱལ་བ་རིན་པོ་ཆེ་ཉིད་ལས་གཞན་སུ་ཡང་མ་བྱུང་ཞིང་མི་འབྱུང་ལ་འབྱུང་བར་མི་འགྱུར་བ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་དཔེ་ཟླར་གྱུར། དེར་བརྟེན་གང་གི་བཀའ་དྲིན་རྗེས་སུ་དྲན་ཕྱིར་འདིར་༸རྒྱལ་བ་རིན་པོ་ཆེར་བརྟན་བཞུགས་ཤིག་དབུལ་བར་བྱ། དེ་ཡང་།

ཐུན་མོང་མཛད་པ་བགྲངས་པའི་མཎྜལ་བརྟན་བཞུགས་དད་པའི་གསོས།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག

བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི།།  ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།།

འདི་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས།། བདེ་མཆོག་བདེ་བླག་ཉིད་དུ་འཐོབ་པར་བྱེད།།

གང་འདིའི་ཉེར་རྒྱུ་དུས་གསུམ་སངས་རྒྱས་ཀྱི།། འགྲོ་ལ་ཆགས་པའི་ཀུན་ཏུ་རབ་ཆགས་པའི།།

དམིགས་མེད་སྙིང་རྗེ་ཆེན་པོ་གང་དེ་ཡི།། བདག་ཉིད་ཕྱག་ན་པདྨོར་དད་ཕྱག་བརྩེགས།།

གང་དེའི་རྣམ་རོལ་འཕགས་བོད་ཡུལ་དུ་བྱོན་པ་ཡི།། འཁྲུངས་རབས་གསོལ་འདེབས་བསྐལ་མ་ལ་སོགས་མང་ན་ཡང༌།།

འདི་ན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཡི།། འཁྲུངས་རབས་གསོལ་འདེབས་བྱིན་རླབས་བདུད་རྩི་ཇི་བཞིན་བཀོད།།

མགོན་ཁྱེད་གང་འདུལ་སྤྲུལ་པའི་ཟློས་གར་ཏེ།། འཕགས་ཡུལ་སོ་དྲུག་གངས་རིའི་ཆོས་རྒྱལ་བཅུ།།

པཎ་གྲུབ་བཅུ་བདུན་༸རྒྱལ་མཆོག་རིམ་བྱོན་སོགས།། སྐུ་འཕྲེང་གསེར་རིའི་འཕྲེང་བ་ཚར་དུ་དངར།།

སྙིང་རྗེའི་རང་གཟུགས་གང་དེའི་རྣམ་པར་འཕྲུལ།། ཤིན་ཏུ་དམུ་རྒོད་བོད་འབངས་སྐྱོང་སླད་དུ།།

ཡ་ངའི་དུས་སུ་མཚན་དཔེ་བཞད་པ་ནི།། རྗེ་འབངས་དམ་ཚིག་འོ་ཆུ་འདྲེས་པའི་རྟགས།།

བོད་འབངས་མ་སྨད་བསོད་ནམས་མཐུ་སྟོབས་ཀྱིས།། ལྕགས་འབྲུག་བགྲང་བྱ་ཉེར་སྤྱོད་ལོ་ཡི་ནང༌།།

གྲུ་འཛིན་གཉིས་པའི་མི་འཇིགས་གདོང་ལྔའི་ཁྲིར།། ཞབས་སོར་འཁོད་པ་རྟགས་རྟེན་ཤིན་ཏུ་བཟང༌།།

༸རྒྱལ་བ་གཞན་ལས་ལྷག་པ་གང་ཉིད་ནི།། བགྲང་བྱ་རྒྱལ་པོ་ཙམ་ལས་མ་སོན་ཡང༌།།

བོད་ཀྱི་ཆབ་སྲིད་ཐུགས་འགན་ལྕི་མོ་དེ།། ཉིད་ཀྱིས་ཕྲག་པར་བཞེས་པ་ངོ་མཚར་ཆེ།།

པུར་རྒྱལ་བོད་ཀྱི་ཆབ་སྲིད་ཟུངས་ཟད་ཀྱི།། ནད་པ་སྨན་པས་བོར་བ་ལྟར་གྱུར་ཚེ།།

སྐུ་ཡི་ན་ཚོད་ཤིན་ཏུ་ཕྲ་ན་ཡང༌།། ཉིད་ཀྱི་ཉེར་བརྩེས་བོད་འབངས་བསྐྱབས་པར་མཛད།།

བོད་མི་སེར་སྐྱ་ཀུན་ནི་དགའ་དད་ཀྱིས།། བ་སྤུ་ལྡང་ཞིང་མིག་ནས་མཆི་མ་འཁྲུག།

དགའ་བའི་གླུ་ལེན་སྐྱིད་པའི་བྲོ་ཡང་འཁྲབ།། བཀྲ་ཤིས་འཛོམས་པའི་སྒྲ་དབྱངས་སྲིད་མཐར་སྒྲོག།།

རྒྱ་ནག་དམར་པོའི་གདུག་རྩུབ་མཆེ་བའི་འོག།། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྨེག་མེད་ཀྱི།།

བརྗོད་དཀའ་ཡ་ངའི་གནས་སུ་གྱུར་ན་ཡང༌།། སྙིང་སྟོབས་སྔར་ལྷག་བསྐྱེད་དེ་བདག་ཅག་བསྐྱབས།།

དཀའ་བ་བརྒྱ་ཕྲག་དུ་མས་འཕགས་ཡུལ་དུ།། སོན་ཡང་ཉིན་མཚན་ལྟོས་མེད་དགོངས་པའི་མཐིལ།།

བསྟན་དང་འགྲོ་བའི་ཕན་བདེའི་དོན་ཁོ་ནར།། གཅིག་ཏུ་འབུངས་མཛད་ཁྱེད་ལ་ཕྱག་འཚལ་ལོ།།

ཁྱད་པར་མི་འུ་གདུང་དྲུག་ལས་བརྒྱུད་པའི།། ཉིད་ཀྱི་གདུལ་བྱ་གཞིས་བྱེས་བོད་མི་ཡི།།

འཕྲལ་ཕུགས་ཕན་བདེའི་དགོངས་པ་བླ་མེད་ཀྱིས།། དགོན་དང་སློབ་གྲྭ་གཞིས་ཆགས་ལ་སོགས་བཏབ།།

དེ་ནས་བོད་ཀྱི་ཆབ་སྲིད་ཕྲ་ཚུགས་སླད།། དུས་བསྟུན་འགྱུར་བཅོས་ཉེར་མཁོ་གཟིགས་པ་ཡིས།།

མང་པོས་བཀྲབས་པའི་འཐུས་མི་ལས་གྲུབ་པའི།། བཙན་བྱོལ་བོད་མིའི་གྲོས་ཚོགས་གཏན་ལ་ཕབ།།

རང་རེའི་གཞུང་ལ་དགའ་ལྡན་ཕོ་བྲང་ཞེས།། བརྗོད་ཀྱང་དོན་དུ་གྲོས་ཚོགས་རྩ་ཁྲིམས་ཀྱིས།།

སྐྱོང་བའི་བོད་ཀྱི་མང་གཙོའི་གཞུང་གསར་ཡིན།། གཟུར་གནས་སྐྱེ་བོ་ཀུན་གྱིས་འདི་ལྟར་སྒྲོག།།

རིམ་གྱིས་ཁྲིམས་ལུགས་དབང་འཛིན་གཏན་འབེབས་ཆེད།། ཁྲིམས་ཡིག་ཁྲིམས་ཁང་ལ་སོགས་གཏན་འབེབས་དང༌།།

ཁྲིམས་དཔོན་བསྐོ་གཞག་ལས་གྲུབ་ཡན་ལག་གཅིག།། གསར་དུ་བསྐྲུན་ནས་མང་གཙོ་ཚད་ལྡན་གྱུར།།

དེས་ཀྱང་མི་ཚད་ཉེར་གཅིག་དུས་རབས་ནང༌།། བཀའ་བློན་ཁྲི་པ་རྒྱ་ཆེའི་མང་ཚོགས་ཀྱིས།།

བཀྲབས་པའི་ལམ་ལུགས་གཏན་འབེབས་མཛད་པ་ཡི།། མང་གཙོའི་གཞུང་འདི་སྔར་བས་འཐུས་གཙང་གྱུར།།

འུ་ཅག་སྲིད་དོན་སྐྱབས་བཅོལ་ཡིན་ན་ཡང༌།། ཉིད་ཀྱི་དྲིན་ལས་ཆོས་རིག་དཔལ་འབྱོར་དང༌།།

ཤེས་ཡོན་ལ་སོགས་གང་དགོས་ཐོབ་པས་ན།། ཁྱེད་ནི་བོད་འབངས་ལྷ་སྐལ་ཁོ་ནར་ངེས།།

མདོར་ན་གང་གིས་སྐྱོང་མཛད་བརྟན་གཡོའི་སྣོད་བཅུད་འདི།། རྣམ་དཔྱོད་ཅན་གྱིས་ཡང་ཡང་བརྟགས་ཤིང་དཔྱད་པ་ན།།

རྫོགས་ལྡན་དུས་དེ་སླར་ཡང་འཕགས་པའི་ཡུལ་འདི་རུ།། འཆར་ཞེས་གྲགས་ཀྱང་རབ་རྟོག་མི་འགྱུར་ངེས་པ་རྙེད།།

བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན།། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།།

སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌།། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

ཅེས་ཤིས་བརྗོད་གསོལ་འདེབས་ཀྱི་ཚིགས་སུ་བཅད་པས་ཞུ་བ་པོའི་ངག་ལམ་ཅུང་ཟད་ཡངས་པར་བྱས་ཏེ་སྐབས་སུ་གསོལ་བར་བྱ་བ་ནི། དུས་རབས་ཉེར་གཅིག་པ་འདི་ཡི་སྤྱི་ཡི་མགོན་པོ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས། གསུམ་ལྡན་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་སྤྱིར་སྐྱེ་འགྲོ་ཀུན་དང་ཡང་སྒོས་མི་ཡི་འགྲོ་བ་རྣམས། ཉིང་སྒོས་བོད་འབངས་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་གྱུར་ཅིང༌། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཆེ་རྒུ་མཐའ་དག་གི་དབུ་ཁྲིད་ཀྱི་ཏོག་ཏུ་མངོན་པར་མཐོ་བའི་དཔལ་འབར་བཞིན་པ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་སེན་སྲིད་ཞིའི་མཆོད་སྡོང་དགེ་ལེགས་འདོད་པ་ཀུན་འཇོ་ལྷར་བཅས་ཆེ་རྒུའི་གཙུག་གི་ཅོད་པན་བརྩེགས་པའི་ཁྲི་འཕང་སྲིད་ན་མངོན་པར་མཐོ་བའི་དྲུང་དུ།

མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱི་ཞོ་ཤས་འཚོ་བའི་གུས་འབངས་རྡོ་རྗེ་བུ་སློབ་སེར་སྐྱ་སྤྱི་དང་ཁྱད་པར་གསོལ་འདེབས་ཞུ་བ་པོས་མི་ཕྱེད་དད་པའི་ཡིད་ཀྱིས་ཉེ་བར་དྲངས་པའི་ཐལ་མོ་ཚངས་གནས་སུ་བཀོད་ཅིང༌། པུས་མོ་ལྷ་ང་ས་ལ་རེག་པའི་དད་ཕྱག་གི་དངོས་པོ་སྔོན་དུ་བཏང་སྟེ་དགའ་དད་སྤྲོ་གསུམ་གྱིས་གསོལ་བར་བྱ་བ་ནི། མགོན་པོ་གང་གི་སྐྱབས་འོག་གཞན་ཡུལ་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་གྱི་སྐྱབས་བཅོལ་དུ་གནས་འཁོད་གུས་ནས་གཞིས་བྱེས་གཉིས་ཀྱི་ངོ་ཚབ་བྱས་ཏེ་མགོན་པོ་གང་ཉིད་ལ་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་བརྟན་བཞུགས་མཎྜལ་(ཡི་དམ་དང་ཆོ་གའི་མཚན་འགོད་རྒྱུ་)འབུལ་འཐུས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་མགོན་པོ་གང་ཉིད་ནས་ཐུགས་དགྱེས་མཉེས་ཆེན་པོས་དེ་ལྟར་འཐུས་པའི་བཀའ་བཟང་སྤྱི་བོར་སྩལ་བ་བཀའ་དྲིན་གྱི་དཔལ་དུ་ཆེ། (དངོས་བྱུང་ལོ་རྒྱུས་མིན་)

མགོན་པོ་གང་གི་ཞི་རྒྱས་དབང་ངམ་གསང་བ་གསུམ་གྱི་མཛད་པ་འཕྲིན་ལས་ནི་འུ་ཅག་སོ་སྐྱེ་ཐ་མལ་བས་བརྗོད་ཀྱིས་ག་ལ་ལང༌། གང་གི་མཛད་པ་ནི་སྐབས་གསུམ་པ་ལས། མཁའ་ལྡིང་དབང་པོ་མཁའ་ལ་བགྲོད་བགྲོད་ནས། །ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། །ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟ་ལགས། །ཞེས་གསུངས་པ་དང་སྒོ་ཀུན་ནས་མཚུངས། དེས་ན་གང་ཉིད་ཀྱི་མཛད་པ་འཕྲིན་ལས་རང་ཅག་རྣམས་ལ་མངོན་དུ་འགྱུར་དང་མི་འགྱུར་མཆིས་སོ་ཅོག་རྣམ་པ་ཐམས་ཅད་ནས་མཆོད་བསྟོད་བསྔགས་བཀུར་འོས་པ་ཞེ་གཅིག་ཏུ་མཐུན་སྣང་དུ་གྲུབ། དེང་གི་དུས་སུ་འཛམ་གླིང་ཆེ་རྒུ་ཡོངས་ཀྱིས་མངོན་པར་བསྟོད་པ་ལ་རྗེས་སུ་ཡི་རང་དང་དགའ་དད་སྤྲོ་གསུམ་བསྒོམ་རྒྱུ་ཙམ་ལས་སྔར་མེད་གསར་གནས་ལྟ་བུར་ཆེས་ཆེར་མ་མངོན། ཞི་བའི་གཟེངས་རྟགས་དང་ཨ་རིའི་གསེར་གྱི་གཟེངས་རྟགས། སློབ་དཔོན་ཆེན་པོའི་གཟེངས་རྟགས་སོགས་བགྲང་གིས་མི་ལང་བ་ཞིག་ཕྱག་ཏུ་སོན་པ་རྣམས་ནི་ཐུན་མོང་གི་མཛད་པ་ལ་འཛམ་གླིང་ཆེ་རྒུ་ཡོངས་ཀྱིས་ངོས་བཞེས་གནང་བ་ཞིག་ཡིན་པ་མ་གཏོགས་ངོ་མཚར་མཛད་རྗེས་རྣམས་ལ་ས་གཞིའི་རྡུལ་དང་མཉམ་པའི་སྙན་གྲགས་འབར་བའི་གཟེངས་རྟགས་ཀྱི་ཆོ་ལོ་སྩལ་ནའང་ཉུང་སྐྱོན་མ་གཏོགས་མཛད་པ་འཕྲིན་ལས་དང་མཚུངས་པའི་ཆེ་བ་དང་གཟེངས་རྟགས་ནི་བསྐལ་བར་བསྒྲུབས་ཀྱང་མངོན་པར་མི་སྣང༌། དོན་དུ་ནི་དག་པ་དང་མ་དག་པའི་ཞིང་ཁམས་རབ་འབྱམས་རྣམས་སུ་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་ཚར་དུ་དངར་བས་འགྲོ་བ་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་སྒྲོལ་བ་རྣམས་སྒྲོལ་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་མཛད་པའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་རབ་འབྱམས་ཀྱི་བཀོད་པ་དེ་དག་ནི་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བསམ་བརྗོད་ལས་འདས་ཤིང༌། ལྷག་པར་རྒྱལ་བ་གཞན་གྱིས་འདུལ་བར་མ་ནུས་པའི་ཁ་བ་རི་པའི་སྐྱེ་འགྲོ་རྣམས་གདུལ་ཞིང་གི་ཕྱག་མཚན་དུ་བཞེས་ཏེ་ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་བཟུང་དམ་པའི་ཆོས་ཀྱི་སྣོད་རུང་དུ་མཛད་དེ་རྒྱལ་བའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པའི་བར་གདུལ་བྱའི་ཁམས་མོས་བསམ་པ་བག་ལ་ཉལ་དང་ཡོངས་སུ་འཚམ་པའི་གང་ལ་གང་འདུལ་བའི་སྐྱེ་རྒུར་དེ་དང་དེའི་རྣམ་པར་རོལ་པའི་ཟབ་གསང་སྒྱུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཚུལ་ནི། ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། །དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་པའང་དེ་སྙེད་ཅིག །རབ་ཏུ་ཁྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ལགས་ཏེ། །ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབད་པའི་རྟོག་པ་མངའ་མ་ལགས། །ཞེས་གསུངས་པ་ལྟར་ལགས་ཤིང༌། དེས་ན་མགོན་པོ་ཁྱེད་ནི་རྒྱལ་མཚམས་རིས་མེད་ཀྱི་སྐྱེ་འགྲོ་སྤྱི་དང་ཁྱད་པར་དད་ལྡན་རྣམས་ལ་མདོ་ཕྱོགས་ནས་ཞུས་ན་སྡོམ་པ་འབོགས་པ་དང༌། ལུང་གནང་བ། ཁྲིད་སྩལ་བ་སོགས་གནང་ཞིང༌། གསང་སྔགས་ཀྱི་ཕྱོགས་ནས་ཞུས་ན་དབང་བསྐུར་རྒྱུད་བཤད་མན་ངག་བྱིན་པས་ན་བཀའ་དྲིན་གསུམ་ལྡན་གྱི་སྐྱབས་ཡུལ་གྱི་དངོས་པོ་ཉག་གཅིག་ཏུ་ཟད་པས་ན་གང་ཉིད་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་རྒྱུ་ནི་འགྲོ་བ་ལྷ་དང་བཅས་པའི་སྲིད་ཞིའི་རྒུད་པ་ཡོངས་རྫོགས་རྨེག་མེད་དུ་འགྲོ་བའི་དུས་རབས་འདིའི་སྟོབས་ལྡན་སྲོག་རྩ་ཞིག་ཏུ་གྱུར་ཡོད།།

རྗེ་བདག་ཉིད་ཆེན་པོས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་ཞེས་གསུངས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་གི་མཛད་འཕྲིན་ནི་ཆོས་དང་སྲིད། སྤྱི་ཚོགས་དང་དཔལ་འབྱོར། ཚན་རིག་དང་འཕྲུལ་རིག་སོགས་གང་ཐད་ནས་ཀྱང་མངོན་པར་འཕགས་ཤིང་གཞན་དྲིང་མི་འཇོག་པ་བྱུང་སྟེ་ངོ་མཚར་རྨད་དུ་བྱུང་བའི་གསུང་གི་མཛད་པ་འཕྲིན་ལས་ལ་དངོས་སུ་ལོངས་སུ་སྤྱོད་པ་པོ་མཁས་གྲུབ་རྣམས་ཀྱིས་གཙོས་གདུལ་བྱ་བགྲང་བ་ལས་འདས་པར་སྙིགས་མའི་རང་མདངས་ཆེས་ཆེར་བདོ་བའི་དུས་ངན་འདི་ལྟ་བུའི་གནས་སྐབས་སུ་ཡང་དབུགས་དབྱུང་བར་མཛད་དེ་མིའི་གཞི་རྩའི་རང་བཞིན་གདུག་རྩུབ་ཅན་ཞིག་མིན་ཞིང༌། དེ་ལས་ལྡོག་སྟེ་དེ་ཉིད་སྙིང་རྗེ་ཡིན་པའི་གསུང་བཟང་བདུད་རྩིས་འཛམ་གླིང་ཁ་ལོ་བསྒྱུར་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཇི་སྙེད་ཀྱིས་རང་གི་རྩ་བའི་དགོངས་པ་བཞེད་ཕྱོགས་ལ་བཟང་ཕྱོགས་ཀྱི་ཕན་ནུས་འབྲེལ་བའི་རླབས་ཆེན་གྱི་ནུས་པ་ཐེབས་ཤིང༌། དེ་ཉིད་གལ་ཏེ་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་བཀོད་ན་སྟོན་པ་བཅོམ་ལྡན་འདས་སླར་ཡང་མི་ཡི་ཟོལ་དུ་རྣམ་པར་རོལ་ཏེ་འཇིག་རྟེན་སྐྱོབ་པར་བྲེལ་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་སྒྲོག་ཆོག །ཇི་སྐད་དུ། ཁྱོད་གསུང་དུ་མ་ཅི་ཞིག་སྨོས། །ཆ་ཤས་རེ་ཡི་དོན་ཙམ་ལའང༌། །འོལ་སྤྱི་ཙམ་གྱི་ངེས་རྙེད་པ། །དེ་ལའང་མཆོག་གི་བདེ་བ་སྟེར། །ཞེས་པ་ལྟ་བུ་ཡིན། དེར་མ་ཟད་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་ཡང་འཛམ་གླིང་སྐད་ཡིག་མང་པོའི་ནང་མགོན་པོ་ཁྱེད་ཀྱི་བླང་དོར་འབྱེད་པའི་བྱམས་བརྩེའི་གསུང་གི་བདུད་རྩི་སྤེལ་བ་གནང་སྟེ། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང༌། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་པ་དང་གཉིས་སུ་མེད་པར་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་ཉིད་ཀྱི་གསུང་གི་བདུད་རྩིའི་འཕྲིན་ལས་ནུབ་པ་མེད་པའི་དཔལ་དུ་ངེས།།

བྱེ་བྲག་བོད་མིར་མཚོན་ན་བོད་ཀྱི་ལོ་རྒྱུས་དང༌། ད་ལྟའི་དགོས་མཁོ། འབྱུང་འགྱུར་གྱི་ཕུགས་རེ། རྒྱལ་སྤྱིའི་ཆེ་མཐོངས་གང་ཞིག་ནས་བསམས་ཀྱང་བོད་མིའི་མངོན་འདོད་ཐད་གལ་ཏེ་བཏགས་དོན་བཙལ་ནས་རྙེད་རྒྱུ་ཡོད་པའི་དབང་དུ་བཏང་ན་༸གོང་ས་༸སྐྱབས་མགོན་ཆེན་པོའི་དུས་གསུམ་གསལ་གཟིགས་ཀྱི་ཐུགས་རེ་ཉག་གཅིག་ལས་ལོགས་སུ་བཟང་བ་དང༌། མྱུར་བ། ཟབ་པ། གསལ་བ། མོས་པ། བརྟན་པ། བདེ་བ། ཕུན་སུམ་ཚོགས་པ་ཞིག་བརྒྱ་བྱིན་མིག་སྟོང་ལྡན་པས་བལྟས་ཀྱང་མངོན་དུ་མི་འགྱུར། དེ་ནི་བོད་མིའི་མངོན་འདོད་དང༌། ལས་སྐལ། ཤེས་ཡོན། འཇོན་ནུས། རྒྱལ་སྤྱིའི་གནས་སྟངས་དུ་མ་ཞིག་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་པ་ལས་མདང་ནུབ་རྨི་ལམ་དུ་རྨིས་ནས་ནངས་པར་བྱེད་སྒོའི་འཆར་གཞི་བཏིང་བ་ཞིག་གང་ནས་ཡིན། ཐ་ན་རྒྱ་མིས་ཀྱང་རྒྱ་མི་རང་ཉིད་ཀྱི་བདེ་སྡུག་འཕོ་འགྱུར་གྱི་གནས་ཚུལ་མི་ཉུང་བ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་ལ་རག་ལས་ཡོད་པའི་ཡིད་ཆེས་ཀྱིས་རྒྱ་བོད་སྔོན་འགྲོའི་ཆ་རྐྱེན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེ་ལྦན་རྒྱ་མིའི་མངའ་ཁོངས་སུ་ཞལ་བཞེས་གནང་དགོས་པའི་ཁྱབ་བསྒྲགས་འབོད་སྐུལ་བྱས་དང་བྱེད་བཞིན་པ་ཡིན། གཉིས་སྨན་དབུ་མའི་ལམ་གྱི་གོ་དོན་ནི་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་ཅིང༌། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཐོབ་ཐབས་གནང་རྒྱུའི་སྲིད་བྱས་དང་ཐབས་ལམ་འདི་ལ་དབུ་མའི་ལམ་དུ་བཙན་བྱོལ་བོད་གཞུང་ནས་ཁྱབ་བསྒྲགས་གནང་ཡོད། འབྱུང་འགྱུར་གྱི་བོད་དེ་ཡང་བོད་མི་རང་ལ་དབང་བའི་བོད་གཅིག་ཁོ་ན་བསྐྲུན་རྒྱུ་ལས་དོན་དམ་དུ་བོད་མི་རྣམས་རྒྱ་མིར་གྱུར་ཅིང༌། སྲིད་དོན་གྱི་རྣམ་འགྱུར་ཙམ་གྱི་ཆེད་དུ་བོད་རིགས་ཟུར་དུ་སྡོད་རྒྱུ་ཞིག་གཏན་ནས་མིན། དེ་ལས་ལྡོག་སྟེ་སྲིད་དོན་གྱི་དགོས་མཁོའི་དབང་གིས་བོད་དེ་རྒྱ་ཁོངས་སུ་ཞུགས་ཏེ་དོན་དམ་དུ་རྒྱ་ཁོངས་སུ་གནས་པའི་བོད་རིགས་ཡོངས་རྫོགས་ཀྱིས་རང་དོན་ཆོས་རིག་སྲུང་སྐྱོབ་དང༌། མི་རིགས་ཀྱི་ངོས་འཛིན་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་ཐུབ་པ། ས་མཚམས་ཁག་ཏུ་ཞི་བདེ་ལྷིང་འཇགས་དང་རྒྱལ་འབྲེལ་ལམ་ཁག་ཞི་བའི་སྒོ་ནས་བྱེད་ཐུབ་པ་ཡོང་རྒྱུ། དེ་བཞིན་གནའ་དེང་གི་དཔལ་ཡོན་གཉིས་ཀ་ལོངས་སུ་སྤྱོད་ཐུབ་པ་ཞིག་ལ་ང་ཚོ་ཚང་མས་འབད་དགོས་པར་མ་ཟད་དོན་དུ་རྒྱ་རིགས་མི་དམངས་མང་པོར་ཕན་པ་ཅི་ནུས་ཅི་ལྕོགས་ཞུ་རྒྱུ་དེ་ཡིན། དེ་ཡང་རེ་ཞིག་རྒྱའི་རྩ་ཁྲིམས་སུ་འཁོད་པའི་བོད་མིའི་ཐོབ་ཐང་རྣམས་རྩོད་རྒྱུ་དང་འབྲེལ་བའི་སྒོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ཅི་ཕེབས་ང་ཚོས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དང༌། འབྱུང་འགྱུར་ཡང་དུས་ནས་དུས་སུ་རྒྱལ་སྤྱིའི་འགྱུར་འགྲོས་དང་བྱེ་བྲག་རྒྱ་མིའི་བྱེད་བབ་ལ་གཟིགས་ཏེ་གཉིས་སྨན་ཐབས་ལམ་དང་བསྒྲུབ་བྱ་གཉིས་ལྡན་དབུ་མའི་ལངས་ཕྱོགས་ལས་གཞན་ཞིག་ཏུ་དགོངས་པ་བཞེས་པ་བྱུང་ཚེ་དེའི་ཚེ་དེའི་དུས་སུ་ཡང་གུས་པ་ཉམ་ཆུང་ནས་ཀྱང་དབུ་འོག་དཔུང་འདེགས་ཞུ་རྒྱུ་ཡིན། མགོན་པོ་ཁྱེད་ཀྱིས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན། བོད་རྒྱའི་རྩོད་རྙོག་ཞི་བའི་ལམ་ནས་སེལ་ཐབས་མ་བྱས་པར་ད་མུས་མཁྲེགས་བཟུང་དུས་འགྱངས་བྱ་ཐབས་གཏན་ནས་མེད་པས། མི་རིང་བར་བོད་ཡུལ་བོད་མིར་རྩིས་སྤྲོད་མི་བྱ་མཐུ་མེད་ཀྱི་དུས་ཚེས་ངེས་པར་ཤར་རྒྱུ་ཡིན། ཞེས་པའི་ལུང་བསྟན་འདི་ཡི་དུས་ཚེས་རིང་པོར་མི་ཐོགས་པར་སྨིན་པར་ངེས། ས་སྐྱ་ལེགས་བཤད་ལས། ཤིན་ཏུ་རྩོད་པ་ཆེན་པོ་ཡང༌། །ལྷག་པར་མཛའ་བའི་རྒྱུ་སྲིད་དེ། །རྩོད་པ་བྱུང་བའི་མཐའ་ཕལ་ཆེར། །འདུམ་པར་གྱུར་པ་མང་བར་མཐོང༌། །ཞེས་གསུངས་པའི་ཕྱིར། །ཇི་སྐད་དུ་༸གོང་ས་ཆེན་པོས། དབུ་མའི་ལམ་གྱི་གོ་དོན་ནི། བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གྱུར་འོག་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཆ་ཚང་བ་ཞིག་ལག་བསྟར་བྱས་ཏེ་ཕྱི་འབྲེལ་དང་རྒྱལ་སྲུང་མ་གཏོགས་པ་རང་ཁྱིམ་རང་བདག་དང་། རང་སྲིད་རང་སྐྱོང་བྱ་རྒྱུར་བོད་ཀྱི་འཛིན་སྐྱོང་བོད་རིགས་ཀྱི་མགོ་ཁྲིད་དང་བོད་རིགས་ལས་བྱེད་རྣམས་ཀྱིས་བྱེད་ཐུབ་པ་དགོས་རྒྱུ་དེ་ཡིན། འོན་ཀྱང་མཐའ་མའི་ཐག་གཅོད་ནི་བོད་དུ་ཡོད་པའི་བོད་མི་མང་ཚོགས་ཀྱིས་བྱེད་དགོས་པ་ཐོག་མ་ནས་གསུངས་ཟིན་པ་ཡིན། ཞེས་གསལ་ཐག་ཆོད་བཀའ་གནང་བ་འདི་ཉིད་ལོ་རྒྱུས་ཀྱི་དཔང་པོའི་ཡིག་ཆེན་ཞིག་ཡིན་པས་རང་གར་བྱིས་པའི་རྩེད་མོ་ལྟ་བུར་མངོན་ག་ལ་རུང་། དེས་ན་འབྱུང་འགྱུར་ནི་མི་རབས་རྗེས་མ་ཚོས་རང་གི་དུས་དང་གནས་སྐབས་ལ་གཞིགས་ཏེ་ཐག་ཆོད་གནང་ན་ཡང་གོ་སྐབས་ཕྱེ་ཡོད་པ་མ་གཏོགས་མཁྲེགས་བཟུང་གིས་སྒོ་ལྕགས་རྒྱབ་རྒྱབ་མེད་པ་ཤིན་ཏུ་གསལ།།

སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཕན་བདེ་སླར་གསོའི་བརྒྱུད་རིམ་བརྟན་ལ་འཕྲལ་ཕུགས་གཉིས་ཀར་གཅིག་ཏུ་དགེ་བར་དགོངས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་འཛིན་མང་གཙོའི་འགྲོ་ལུགས་གཏན་འབེབས་དང་། དེ་ཡང་འཚེ་བ་མེད་པའི་ཐོག་ནས་ཆབ་སྲིད་ཀྱི་མཛད་པ་མཐའ་དག་སྤེལ་ནུས་རྒྱུན་འཁྱོངས་དགོས་པའི་མིག་དཔེ་ཞིག་བསྟན་པ་གནང་བའི་རྗེས་སུ་མི་རིང་བར་འབྱུང་འགྱུར་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བས་རྗེས་སུ་འབྲངས་ཏེ་འཇིག་རྟེན་སྣོད་བཅུད་གཉན་འཕྲང་ཅན་འདི་ལས་ངེས་པར་སྐྱོབ་ནུས་ཀྱི་མིག་བྱིན་པ་ནི་འཛམ་བུ་གླིང་པ་ཀུན་ལ་གཞལ་ནུས་བྲལ་བའི་བཀའ་དྲིན་གྱི་དཔལ་དུ་ཆེ།།

ཆོས་ལུགས་ཕན་ཚུན་དབར་མ་ཤེས་རྨོངས་པའི་དབང་གིས་འོས་མིན་གྱི་དམག་འཁྲུག་ཀྱང་བྱུང་དང་འབྱུང་བཞིན་པ་འདི་དག་ལ་ཐུགས་བརྩེ་བས་ཀུན་ནས་བསླངས་ཏེ་ཐུགས་ཞིབ་ནན་པོ་གནང་སྟེ་ཆོས་ལུགས་གཅིག་དང་སྟོན་པ་གཅིག་གི་རྗེས་འཇུག་རྣམས་ལྟ་ཅི་སྨྲོས། ཆོས་ལུགས་ཐ་དད་པ་རྣམས་ཀྱང་གདུགས་གཅིག་གི་འོག་ཏུ་འཚོགས་ཏེ་མཉམ་རུབ་ཀྱི་སྒོ་ནས་འཇིག་རྟེན་ཕན་བདེ་རླབས་ཆེན་སྐྲུན་ནུས་ཀྱི་ཐབས་ལམ་ལ་འབུངས་ཏེ་དེང་ཆོས་ལུགས་ཕལ་མོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོར་གཞན་དང་མི་འདྲ་བའི་གུས་བརྩི་དང་གདེང་འཇོག་གནང་གི་ཡོད། ཆོས་ལུགས་ཡོད་དོ་ཅོག་གིས་སེམས་ཅན་ཉམ་ཐག་པ་རྣམས་ལ་བྱམས་བརྩེས་སྐྱོང་དགོས་པ་གསུང་གི་ཡོད་པ་དང་། དེ་ཡང་རང་གི་ལྟ་ཚུལ་གྱི་རྗེས་སུ་འབྲངས་ཏེ་ཕན་བདེ་སྒྲུབ་ཚུལ་མི་གཅིག་པ་མ་གཏོགས་སྣོད་བཅུད་ཀྱི་ཞི་བདེ་ལ་བརྩོན་པ་ནི་གཅིག་པར་སྣང་བར་བརྟེན་ཧིན་དུ་དང་ཡི་ཤུ་ཁ་ཆེ་ལ་སོགས་པའི་ཆོས་ལུགས་མཐའ་དག་ཕན་ཚུན་མཛའ་བརྩེའི་ངང་གནས་ཐུབ་པའི་ཀུན་ཁྱབ་སེམས་འཁུར་གྱི་དགོངས་གཞི་ནི་སྔོན་ས་སྟེང་འདི་ཡི་སྟེང་དུ་བྱུང་མྱོང་མེད་པའི་མཛད་རྗེས་རླབས་ཆེན་ཞིག་ཡིན། ལོ་ཤས་སྔོན་ནས་ཤར་ཕྱོགས་ཉི་ཧོང་རྒྱལ་ས་ཊོག་ཁྱོར་དད་ལྡན་མང་ཚོགས་རྣམས་ལ། སེམས་བཟང་པོ་ནི་བདེ་སྐྱིད་ཀྱི་གཞི་རྩ་ཡིན། ཞེས་པའི་བརྗོད་གཞིའི་ཐོག་མགོན་པོ་གང་གིས། ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ནི་ཆོས་ལུགས་ཐམས་ཅད་ཀྱི་གཞི་རྟེན་རེད་ཅེས་བཀའ་སྩལ་བ་ནི་སྔོན་ཆད་ས་སྟེང་འདི་ཡི་སྟེང་དུ་སྐྱེས་བུ་ཆེན་པོ་གང་ན་སུ་ཞིག་གི་རྣམ་པར་རྟོག་པར་འཆར་ཡང་མ་མྱོང་བའི་ཕན་བདེའི་བྱིན་རླབས་རྨད་པོ་ཆེའི་གསུང་དུ་གྱུར་ཅིང༌། འདི་ནི་ཆོས་ལུགས་ལ་བརྟེན་པའི་བཟོད་མ་བདེའི་གདུག་སྦྲུལ་མཐའ་དག་རྨེག་མེད་དུ་ཞི་བའི་ཙི་མ་གྷ་དང་མཚུངས། རང་རེ་བོད་ཀྱི་ཆོས་ལུགས་བོན་དང་བཅས་པ་ལ་མཚོན་ན་༸གོང་ས་མཆོག་ནི་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ངེས་དོན་གྱི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གྱུར་ཡོད། དེ་ལྟར་གྱུར་པ་ཡང་དྲང་སྲོང་བདེན་ཚིག་གྲུབ་པའི་དབྱངས་སྙན་ཞེས་པའི་ནང་འཁོད་པའི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམས་དང༌། སྐྱེས་ཆེན་དགེ་བའི་བཤེས་གཉེན་དང༌། མཁས་དབང་རྣམས་ཀྱི་ལྗགས་རྩོམ་ལས་ཆེས་ཤིན་ཏུ་གསལ།།

སངས་རྒྱས་ཀྱི་བསྟན་པ་དག་ཐེར་གྱི་དབང་དུ་བྱས་ན་ཡང་མགོན་པོ་ཁྱེད་ནི་གཞན་དྲིང་མི་འཇོག་པ་ཀུན་གསལ་ཡིན། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་འདི་ཉིད་བསྟན་པའི་རྨང་གཞིར་དགོངས་ཏེ་དེ་སྔ་བོད་ཀྱི་གཞིས་དགོན་ཕལ་མོ་ཆེའི་ནང་ཆོ་ག་ཕྱག་ལེན་རྐང་མཛད་པ་མ་གཏོགས་དགོན་ཆེན་བཞིན་དུ་བཤད་སྒྲུབ་གཉིས་ཀའིབྱ་བར་ཞུགས་པ་ཤིན་ཏུ་ཉུང༌། ད་ཆ་བཙན་བྱོལ་ནང་གི་གཞིས་དགོན་ཕལ་མོ་ཆེ་ཡི་ནང་དུ་དགོན་ཆེན་བཞིན་དུ་དེ་སྔ་རང་གི་དགོན་པའི་ལོ་རྒྱུས་སུ་བཤད་གྲྭ་ཚུགས་མ་མྱོང་ན་ཡང་ད་ཆ་བཤད་སྒྲུབ་ཟུང་དུ་སྦྲེལ་ཏེ་ལུང་རྟོགས་བསྟན་པར་བརྩོན་བཞིན་པ་འདི་ཡང་མགོན་པོ་ཁྱེད་ཀྱི་རྨད་བྱུང་ལམ་སྟོན་གྱི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཏུ་མངོན། སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་གཉིས་སུ་བསྡུས་ཤིང༌། འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་བཤད་སྒྲུབ་ལས་གསུམ་གྱི་བགྱི་བ་མེད་ཐབས་བྲལ་ཞིང༌། དེ་ཡི་དོན་དུ་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་ནི་ཤིན་ཏུ་སྨན་པས་འདི་ཐད་མགོན་པོ་ཁྱེད་ཀྱི་ཕྱག་རྗེས་བཀའ་དྲིན་གྱི་ཕུང་པོ་ནི་ནམ་མཁའ་བས་ཡངས་ཤིང་། རྒྱ་མཚོ་བས་ཟབ་པ་ཡིན། འདི་ནི་དོན་དམ་པའི་ཆོས་རིག་གི་རྨང་གཞི་བརྟན་པོ་ཚུགས་པའི་དན་རྟགས་ཟུབ་ཏུ་མེད་པ་ཞིག་ཏུ་གྱུར་ཡོད། བསྟན་པ་དར་ཁྱབ་ཀྱི་དབང་དུ་བྱས་ན་ཡང་༸གོང་ས་མཆོག་གིས་དངོས་སུ་ཞབས་ཀྱིས་བཅག་དང་མ་བཅག་གི་ཡུལ་གྲུ་བགྲང་བ་ལས་འདས་པར་མགོན་པོ་གང་གི་ཉེར་བརྩེས་སངས་རྒྱས་བཅོམ་ལྡན་འདས་ལ་སྔར་མེད་ཀྱི་དད་པ་ཞུ་མཁན་ཨེ་ཤི་ཡའི་དད་ལྡན་རྣམས་ལྟ་ཅི། ཡོ་རོབ་ཀྱི་ཡུལ་གྲུ་དུ་མར་ཡང་སྤང་ལ་ཤ་མོ་བརྡོལ་བ་ལྟར་ལོ་ངོ་བཅུ་ཕྲག་ལྔའི་དུས་ཡུན་ནང་ཟམ་མི་ཆད་པར་བྱུང་དང་འབྱུང་བཞིན་པ་ཡིན། ས་ཁད་ཀྱི་དབང་གིས་ནང་པར་ཁས་འཆེས་པ་རེ་ཟུང་གིས་དེ་སྔ་སྲོག་གི་མཆོད་སྦྱིན་བྱེད་པ་དེ་དག་ཀྱང་དུས་འཁོར་དབང་ཆེན་ལྟ་བུའི་ཆོས་ཀྱི་འཁོར་ལོ་སྐོར་ཐེངས་རེས་རྨེག་མེད་དུ་གྱུར་པ་ནི་བྱུང་བ་མངོན་སུམ་པ་ཞིག་ཡིན། མགོན་པོ་ཉིད་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་ཆོས་འཁོར་བསྐོར་བ་གཅིག་པུར་མཚོན་ན་ཡང༌། ཟམ་གདོང་རིན་པོ་ཆེས། ཁྱད་པར་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་སྒྲོལ་བའི་མགོན་པོ་ཙམ་མ་གཏོགས། གཞན་སུས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ལན་གྲངས་འདི་ཙམ་གནང་བ་བྱུང་བ་མ་ཐོས་ཤིང༌། ཏཱརནཱཐས་དབང་བསྐུར་གྱི་ལན་གྲངས་མང་དུ་མཛད་པར་གྲགས་ནའང་སྐུ་ཚེ་ཧྲིལ་པོའི་གདུལ་བྱའི་གྲངས་གཅིག་ཏུ་བསྡོམས་རུང༌། མགོན་པོ་གང་གི་དབང་བསྐུར་ལན་གཅིག་གི་གདུལ་བྱའི་འདུ་ཚོགས་ཀྱི་ཆ་ཤས་ཙམ་ལའང་འགྲན་པར་མི་བཟོད་ཅིང༌། འཕགས་བོད་ཀྱི་ཡུལ་གྲུ་ཙམ་མ་ཟད་ཐག་རིང་ནུབ་གླིང་རྣམས་སུའང་དབང་བསྐུར་རྒྱུད་བཤད་མཛད་པའི་རྣམ་ཐར་འདི་ལྟ་བུ་ནི་སྔོན་མ་བྱུང་ཞིང༌། ཕྱིས་ཀྱང་འབྱུང་བར་དཀའ་བའི་གནས་ཚུལ་ལོ་རྒྱུས་ཡིག་ཚང་དུ་འཇོག་འོས་པ་ལགས་ཤིང༌། ཞེས་གསུངས། གཞན་ཡང་ཞང་སྟོན་བསྟན་པ་རྒྱ་མཚོའི་རང་རྒྱུད་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་ལས་བཤད་པ། བཤད་པ་གང་གནང་ཚད་ཉམས་སུ་ལེན་ཐུབ་པ་དཀའ་ཡང་། རང་ལ་ཆེད་དུ་གཉེར་ནས་གསུངས་པ་དེ་མ་བསྒྲུབས་ན་ཤིན་ཏུ་མི་མཉེས་པས་དེ་འདྲ་ལ་འདུལ་བའི་ཐབས་མེད། ཅེས་གསུངས་པ་ལྟར་གུས་རང་དེ་ལྟར་མ་གྱུར་པར་ཆོས་སྐྱོང་བསྟེན་ཕྱོགས་གཙོ་བོར་གྱུར་པའི་ཆེད་དུ་གཉེར་ནས་གསུངས་པ་རྣམས་དྲན་པ་དང་ཤེས་བཞིན་གྱི་ལྕགས་ཀྱུས་ལེགས་པར་བཟུང་སྟེ་ཉམས་ལེན་གྱི་མཐིལ་དུ་བཟུང་དང་གཟུང་བའི་ཁས་ལེན་སླར་ཡང་གསལ་འདེབས་ཞུ་བཞིན་པ་ལགས་སོ། །ལྷག་པར་དེང་གི་དུས་སུ་ཚན་རིག་གི་ཤེས་བྱ་ནི་མི་མང་དུང་ཕྱུར་མང་པོའི་ཡིད་ཆེས་བྱེད་ཡུལ་གྱི་རིག་གནས་ཤིག་ཏུ་གྱུར་ཡོད་ན་ནང་ཆོས་འདི་ཡང་བརྟགས་ཤིང་དཔྱད་ན་བདེན་པར་གཞི་རྟེན་བཅོལ་བ་ཡིན་པ་རིགས་པ་ཡང་དག་གིས་ཤེས་དགོས་པའི་ལམ་སྟོན་བཀའ་སློབ་རྒྱ་ཆེར་སྩལ་ཡོད། སྟོན་པས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་དཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པ་དང་། ནང་པའི་གཞུང་ལུགས་ལ་ཐོས་བསམ་བྱེད་སྐབས་བཞི་བརྒྱ་པ་ནས་གསུངས་པ་བཞིན་ཉན་པོ་བློ་ལྡན་ཞེས་པ་དེའི་འགྲེལ་བརྗོད་དུ་ཐོག་མ་ནས་ཐག་མ་བཅད་པའི་ངང་ནས་ཚུལ་བཞིན་ཉན་དགོས་པའི་འགྲེལ་བརྗོད་འདི་ཉིད་ཤིན་ཏུ་ཡིད་དབང་འཕྲོག་ཅིང་། གསེར་སྲང་འབུམ་ཕྲག་རི་པ་དེ་ལྟར་སྔ་ཕྱིར་སྩལ་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ཚན་རིག་མཁས་ཅན་དུ་མ་ལས་གྲུབ་པའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་དབུས་སུ་ནང་པའི་གཞུང་གི་ངོས་ནས་ཕྱི་དངོས་པོར་ལྟ་ཚུལ་དང་འབྲེལ་བའི་ལེགས་བཤད་རྨད་པོ་ཆེ་རིམ་པར་སྕལ་ཏེ་མཁས་པ་རྣམས་ཀྱང་མི་སྨྲའི་བརྟུལ་ཞུགས་ཀྱི་གནས་ལ་བཀོད་ནས་ཆོས་དུག་ཏུ་བརྩི་བའི་མ་འོའི་བསམ་ཚུལ་དེ་མི་དམིགས་ནམ་མཁའི་དབྱིངས་སུ་སྭཧཱར་བཏབ་པ་ལགས་སོ། །དེ་དང་ཆབས་ཅིག་ཚན་རིག་ལྷན་ཚོགས་ནས་དུས་དང་རྣམ་པ་ཀུན་ཏུ་༸གོས་ས་མཆོག་ནི་སློབ་སྟོན་པར་བཞུགས་དགོས་པའི་གསོལ་བ་ལན་མང་ཕུར་ཚུགས་སུ་འདེབས་པར་མཛད།།

སྔ་ལོ་བོད་དུ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་སྒོ་ནས་མངོན་འདོད་གསལ་སྟོན་བྱས་པ་ལ་དམར་གཞུང་གིས་གོ་མཚོན་བེད་སྤྱོད་ཀྱིས་ཚད་ལས་བརྒལ་བའི་གདུག་རྩུབ་བྱས་ན་ཡང་། ཉིད་ནས་ད་དུང་བྱམས་བརྩེའི་རང་བཞིན་གཡོ་མེད་ཀྱིས་རྒྱ་རིགས་ཡོངས་ལ་གསུང་འཕྲིན་དམིགས་བཀར་སྩལ་ཏེ་རྒྱའི་རྒྱ་བོད་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་རྨེག་མེད་དུ་ཞི་བར་གྱུར་ཡོད། དེ་ལྟའང་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་བཀའ་སློབ། རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་སྲབ་ཏུ་འགྲོ་གི་འདུག་མ་གཏོགས་རྒྱ་ནག་མི་མང་ལ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་ཡོད་ཅེས་གསུངས་ཏེ་རང་གི་ཆབ་སྲིད་ཀྱི་ནང་དོན་ངོ་མ་གང་ཡིན་བློ་ལྡན་ཡིན་ན་ད་གཟོད་མཁྱེན་དགོས་ཚོད་ལགས།

མགོན་པོ་གང་གི་བོད་མི་ས་ཡ་དྲུག་གི་འབྱུང་འགྱུར་གྱི་དོན་དུ་སྤྱི་ཚོགས་ལེགས་བཅོས་ཀྱི་ཐབས་བྱུས་ལ་བསམས་ཚེ། བོད་དེང་རབས་ཅན་དུ་སྐྲུན་སླད་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྗེས་སུ་བསླབ་པར་མཛད་དེ་དུས་བསྟུན་གློག་འཕྲུལ་དང་། ཡིག་ཟམ། དངུལ་དཔར། རི་ཀླུང་རྩ་ཚིག། ས་སྟོང་བེད་མེད་ཇི་ཡོད་ལ་ཞིང་འདུལ་དང་། སྦྱར་ལྕང་ཤིང་སྣ་འདེབས་བཀོལ་བྱེད་པར་སུས་ཀྱང་བཀག་འགོག་མི་ཆོག་པའི་བཀའི་གནང་བ་སྩལ། གསེར་དངུལ་ཟངས་གསུམ་གྱི་ཊམ་སྒོར་དང་། དངུལ་ལོར་གསར་སྤེལ། སྦྲག་ཏར་དང་། ན་གཞོན་ཚོ་ཁག་ལ་དབྱིན་ཡིག་སློབ་སྦྱོང་། རྒྱལ་སྤྱིའི་སྤྱི་ཚོགས་འཕེལ་རྒྱས་ལ་རྟོག་ཞིབ། དམག་དཔུང་རྒྱ་བསྐྱེད་ཀྱིས་རྒྱལ་མཚམས་བརྟན་སྲུང་གི་བཀོད་འདོམས་མཛད་ཅིང་། གཞན་ཡང་ལེགས་བཅོས་ཚོགས་པ་བརྒྱུད་ནས་བརྟག་དཔྱད་ཞིབ་ནན་གནང་སྟེ་སོ་ནམ་པ་བུ་ལོན་སྤྲོད་འཇལ་མི་ཐུབ་པ་རྣམས་ནས་ངོ་སྐྱེད་རྩ་ཡང་གིས་སྤྲོད་འཇལ་མི་དགོས་པ་དང་། སྐྱེད་འཇལ་མི་ཐུབ་ཅིང་ངོ་བོ་རིམ་སྤྲོད་ཐུབ་པའི་རིགས་ལ་སྐྱེད་འབབ་ཆག་ཡང་གིས་ངོ་བོ་རྣམས་བསྡེབས་སྤྲོད་མི་དགོས་པར་ལོ་དུས་རིམ་སྤྲོད་བྱེད་རྒྱུ། འཁོས་འབྱོར་བཟང་པོར་གྱུར་པ་རྣམས་ཀྱི་ངོ་སྐྱེད་རྣམས་ལོ་དུས་རིམ་སྤྲོད་བྱེད་རྒྱུ་བཅས་སུ་བཅོས་འགྱུར་གནང་སྟེ་སོ་ནམ་པ་ཉམ་ཐག་རྣམས་བུ་ལོན་ལས་བསླངས་ཏེ་རང་འཚོའི་བཀའ་དྲིན་བསྐྱངས། དེ་བཞིན་སྒེར་ཁག་ལ་ཡང་ལེགས་བཅོས་ཚོགས་པ་དང་བཀའ་ཤག་ནས་བརྟག་ཞིབ་ནན་ཏན་གནང་སྟེ་གཞིས་ཁག་ཆེ་བ་ཕལ་ཆེར་གཞུང་འཛིན་བྱེད་རྒྱུ་དང་། སྒེར་པའི་ནང་མི་ཚོར་རིན་སྐྱིན་སྤྲོད་རྒྱུ། གཞུང་ཞབས་མི་འགྲོར་དངུལ་ཕོགས་སྤྲོད་རྒྱུ། ས་ཞིང་རྣམས་སོ་ནམ་པ་ཚོར་བགོ་རྒྱུ་བཅས་གནང་། དེ་བཞིན་འགྲིམ་འགྲུལ་གླ་མེད་ཀྱི་ལུགས་སྲོལ་དེ་འཁྲི་འཁེལ་ཆེན་པོ་ཡོད་པར་བརྟེན་རྗེ་༸སྐུ་གོང་མ་སྐུ་ཕྲེང་བཅུ་གསུམ་པས་རྟ་ཁལ་རིགས་ལ་གླ་ཆ་སྒྲིག་བཅས་སྤྲོད་དགོས་པའི་རྒྱས་བཅས་གནང་ན་ཡང་། ཡུལ་དུས་གླ་ཆ་རིམ་འཕར་གྱིས་སྒྲིག་བཅས་གླ་ཆས་འགྲིགས་མིན་ཐོག་རྟ་ཁལ་བསྐུལ་རྒྱུའི་ཐོབ་ཐང་ཡང་མི་ཕལ་མང་པོར་ཡོད་པར་བརྟེན་༸གོང་ས་མཆོག་ཉིད་ཀྱིས་བཀའ་ཤག་གི་ལག་འཁྱེར་དམིགས་བསལ་ཅན་མེད་པར་གང་བྱུང་སྐུལ་དེད་མི་ཆོག་པ་བཟོས་པ་གནང་ཞིང་། དེ་ནས་རིམ་བཞིན་ཆོས་གཞིས་ཁག་ལ་འགྱུར་བཅོས་གནང་རྒྱུ་ཡིན་ཡང་རྒྱ་མི་དམར་པོས་བོད་ལ་དབང་བསྒྱུར་བྱས་ཏེ་འཕྲོ་ལུས་སུ་གྱུར། ལྷག་པར་མགོན་པོ་ཉིད་ཀྱིས་ཆོས་སྲིད་ཀྱི་དབང་ཆ་ཚང་མ་བཞེས་འཕྲལ་ཉིད་ཀྱི་མཚན་ཐོག་ནས་དྲིལ་བསྒྲགས་ཀྱིས་བོད་ནང་བཙོན་པ་ཡོད་ཚད་གློད་བཀྲོལ་རང་དབང་དུ་བཏང་བའི་མི་འཇིགས་སྲོག་གི་རྒྱལ་སྲས་ཀྱི་སྦྱིན་པ་འདི་ནི་དེང་གི་དུས་སུ་བསམས་ཚེ་ཉིད་ཀྱིས་རྒྱལ་ཁབ་ཕན་ཚུན་དབར་དམག་འཁྲུག་ཡན་ཆད་འགོག་ནུས་པའི་རླབས་ཆེན་གྱི་མཛད་བཟང་དེ་ཡི་སྔ་ལྟས་ནི་མཛད་པ་འདི་ནས་དབུ་བཙུགས་པར་སེམས་ཆོག

བཙན་བྱོལ་བོད་མིར་མཚོན་ན་མགོན་པོ་གང་གིས་དུས་དང་རྣམ་པ་ཀུན་ཏུ་མ་གཅིག་བུ་གཅིག་ལྟ་བུའི་མཛའ་བརྩེས་ལེགས་པར་བསྐྱངས་ཏེ་ད་ལྟའི་བོད་མི་རྣམས་ཀྱི་ཆོས་སྲིད་ཤེས་ཡོན་དང་བཅས་པ་ལྟ་ཅི། འཕགས་ཡུལ་དུ་གོམ་པ་འདེགས་འཇོག་བྱེད་པ་ཡན་ཆད་ཀྱང་ཁྱེད་ཉིད་ཀྱི་སྐུ་དྲིན་ཡིན། གཞན་དུ་ན་མགོན་པོ་ཁྱེད་ཉིད་རྒྱ་གར་འཕགས་ཡུལ་དུ་ཞབས་སོར་མ་འཁོད་སྔ་རོལ་ཟླ་བ་རེ་གཉིས་ནང་བོད་མི་སྔོན་དུ་སླེབས་པ་རྣམས་ཀྱང་ཟླ་དྲུག་ནང་བོད་དུ་ཕྱིར་ལོག་བྱེད་དགོས་པའི་གནས་སྟངས་སུ་གྱུར་ཡོད། ནམ་ཞིག་མགོན་པོ་གང་ཉིད་འཕགས་ཡུལ་དུ་ཞབས་སོར་འཁོད་འཕྲལ་བོད་མི་རྣམས་ཨམ་ཕྲག་ནང་དུ་ཁ་ཕོར་ཙམ་ཡང་འཁུར་རྒྱུ་མེད་ཀྱང་ཉིད་ཀྱི་དྲིན་ལས་རོགས་རམ་གྱི་ཆར་པ་རིམ་བཞིན་བབ་སྟེ་དུས་ད་ལྟ་བར་ཚུལ་བཞིན་འཚོ་བས་མ་ཚད་ཡར་སྐྱེད་ཀྱི་རིམ་པར་གཞན་རྣམས་འགྲམ་ཆུ་ལྡང་དགོས་ཀྱི་གནས་སུ་གྱུར་ཡོད། མདོར་ན་མགོན་པོ་གང་ལ་དད་ལྡན་རྣམས་ཀྱིས་ཕུལ་བའི་སྐུ་རྒྱུ་ཕྱག་རྫས་ཡོངས་སུ་རྫོགས་པ་དངོས་དང་བརྒྱུད་པའི་སྒོ་ནས་བསྟན་འགྲོ་སྤྱིའི་བདེ་ཐབས་དང་བྱེ་བྲག་བོད་མིའི་སྤྱི་ཚོགས་ཀྱི་ཕན་བདེའི་སླད་དུ་གཏོང་བར་མཛད་པ་ནི་ཐུན་མོང་སོ་སྐྱེའི་སྣང་ངོར་མཐུན་སྣང་དུ་གྲུབ་པའི་རྣམ་ཐར་ཙམ་ཡིན། གཞན་ཡང་རྒྱ་ཆེའི་མང་ཚོགས་ཀྱི་འབྱུང་འགྱུར་ལ་དམིགས་ནས་གཞིས་ཆགས་འཆར་འགོད་དང་གསར་འཛུགས། རིགས་མྱུག་རྣམས་ཀྱི་ཤེས་ཡོན་ལ་དམིགས་ནས་བོད་ཀྱི་སློབ་གྲྭ་ཟུར་འཛུགས་བསྐྱངས་པ། ཆོས་རིག་གི་དགོན་སྡེ་རྨང་གཞི་མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཏེ་བཤད་སྒྲུབ་ཀྱི་ལྟེ་གནས་ཕུགས་རེ་ལྡན་པ་འཛུགས་སྐྲུན་ཐུབ་ཡོད། བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་ལ་མཚོན་ན་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསོལ་ལྕོག་ནས་ལོ་སྟར་ཧིན་སྒོར་བྱེ་བ་མང་པོ་ནར་སྩོལ་བཀའ་དྲིིན་མཛད་ཅིང༌། ལྷག་པར་ལོ་ཤས་སྔོན་ནས་ནར་སྩོལ་ཧིན་སྒོར་བྱེ་བའི་གྲངས་དེ་ཉིད་གསུམ་ལྡབ་ཏུ་སྤར་ཆ་སྩལ་ཏེ་མདོར་ན་བཙན་བྱོལ་གཞུང་དམངས་ཚུལ་བཞིན་འཚོ་ཐུབ་པ་འདི་ཡང་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པས་མ་ཚད་དེ་སྔ་བོད་ཀྱི་སྲིད་པ་ཆགས་པ་ནས་བྱུང་བའི་ལོ་རྒྱུས་གང་གི་ནང་དུ་ཡང་བྱུང་མ་མྱོང་བའི་ཆོལ་གསུམ་དང་ཆོས་ལུགས་དབར་དམ་ཚིག་གཙང་མའི་མནའ་མཐུན་ནམ་རྡོག་རྩ་ཆིག་སྒྲིལ་བྱུང་བ་ནི་ལོ་རྒྱུས་ཀྱི་ཡིག་ཆར་འགོད་འོས་ཀྱི་ངོ་མཚར་རྨད་བྱུང་གི་གཏམ་ཞིག་ཡིན། དེས་ན་བོད་མིར་གང་གི་བཀའ་དྲིན་གྱི་ཕུང་པོ་ནི་ཆེས་ཤིན་ཏུ་ལྕི་བས་ནམ་མཁའ་མ་ཟད་བར་དུ་བཀའ་དྲིན་དྲིན་གཟོ་བྱེད་པའི་དབང་དུ་བཏང་ཡང་ཆ་ཤས་ཀྱི་ཆ་ཤས་ཙམ་ཡང་བསབ་མི་ཐུབ་པ་ནི་སུ་ཞིག་གིས་བལྟས་ཀྱང་མངོན་སུམ་ཚད་མས་དཔོག་ནུས་ཡིན།།

ཆབ་སྲིད་ཀྱི་སྒོ་ནས་མཛད་འཕྲིན་སྐྱོང་སྟངས་ལ་དཔག་ན་ངོ་མཚར་སྤྲུལ་པའི་ཟློས་གར་ཉག་ཅིག་ཏུ་སེམས་ཤིང༌། རང་ཡུལ་བྲལ་ཏེ་མི་ཡུལ་དུ་བཙན་བྱོལ་བའི་གནས་སྟངས་སུ་གྱར་ཡོད་ཀྱང་རང་བཙན་ཡོད་པའི་རྒྱལ་ཁབ་ལྟ་བུ་བཀའ་ཤག་དང༌། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས། ཕྱི་དྲིལ་ལས་ཁུངས། བདེ་སྲུང་ལས་ཁུངས། དཔལ་འབྱོར་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ལས་བོད་གཞུང་མང་གཙོའི་འཛིན་སྐྱོང་གི་ཀ་བ་ལྟེ་བ་དེ་གྲུབ་ཡོད། བོད་ནང་ཕྱོགས་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་ཙམ་སྒྲོག་ཀྱང་མནར་གཅོད་ཐེབས་ཡུལ་དུ་གྱུར་དང་འགྱུར་བཞིན་པ་དེ་ལྟར་ཡང་ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གི་སྐུ་ཚབ་སྔ་ཕྱི་བོད་དུ་འཚམས་གཟིགས་སུ་ཕེབས་ཐུབ་པ་ནི་མི་སྲིད་སྲིད་པའི་རྣམ་ཐར་མིན་ན་ཅི་ཞིག་ལགས། འདི་དག་ལ་སོ་སྐྱེ་རང་ག་བས་ཅི་ཙམ་སེམས་ཀྱང་མི་སྲིད་སྲིད་པའི་རྣམ་ཐར་རིམ་གྱིས་བྱུང་དང་འབྱུང་བཞིན་པར་མངོན། དེས་ན་མགོན་པོ་ཁྱེད་ནི་དུས་རབས་ཉེར་གཅིག་འདིའི་ནང་གི་འཛམ་གླིང་སྤྱི་དང་ཡང་སྒོས་བོད་མིའི་བདེ་སྡུག་ཐམས་ཅད་ཀྱི་བྱེད་པོ་ལྟ་བུར་མངོན་ཞིང༌། གུས་འབངས་གཞིས་བྱེས་རྣམས་ནས་མ་ཤེས་རྨོངས་པའི་དབང་གིས་བྱེད་འཛོལ་བྱུང་ཡོད་ན་ལས་དེ་མིན་མགོན་པོ་གང་གི་གསུང་གི་རྗེས་སུ་ཚུལ་མཐུན་ལས་གཡོལ་ཏེ་སྒོ་གསུམ་གྱི་བྱ་བ་བརྩམས་པ་འདས་པའི་དུས་སུ་ནམ་ཡང་བྱུང་མེད་ཅིང༌། འབྱུང་འགྱུར་ཡང་དེ་རིགས་རྩ་བ་ནས་མི་བགྱི་བའི་དམ་བཅའི་ཁས་ལེན་ཞུ་བཞིན་པའི་ངང་ནས་གང་སྐུའི་མཚན་དཔེ་ཉིན་བྱེད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་སོ། །འདི་ལྟར་མཎྜལ་བཤད་པའི་ཟོལ་ནས་བཀའ་དྲིན་གྱི་ཕུང་པོའི་ཆ་ཙམ་ཡིད་ལ་དྲན་པར་བྱས་ཏེ་དམ་བཅའི་ཁས་ལེན་སྔོན་བཏང་གིས་སྙིང་ཁུང་རུས་པའི་གཏིང་ནས་ཞབས་བརྟན་གསོལ་འདེབས་ཕུར་ཚུགས་སུ་བཏབ་པའི་འབྲས་བུར་ཚེ་རབས་ནས་ཚེ་རབས་སུ་ཉེར་བརྩེས་རྗེས་སུ་བཟུང་བ་དང་བཞེད་དོན་ལྷུན་གྱིས་འགྲུབ་པར་ཤོག སླར་ཡང་གསོལ་འདེབས་ཞུ་རྒྱུར།

བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།  གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།།

སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌།། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

གང་གི་ཐུགས་རྗེའི་ལྕགས་ཀྱུས་ཉེར་བཟུང་བའི།། གུས་འབངས་དད་པའི་ཨ་ལོང་བཅངས་པ་རྣམས།།

དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་མ་ཐོབ་བར།། བསྐལ་བརྒྱར་བཞུགས་ཏེ་རྗེས་སུ་གཟུང་དུ་གསོལ།།

མགོན་པོ་གང་གིས་བསྟན་འགྲོར་བཀའ་དྲིན་སྐྱོང་མཛད་རྣམས།། ཇི་ལྟ་ཇི་ལྟར་དད་ལྡན་བུ་སློབ་རྣམས་བསམས་པ།།

དེ་ལྟ་དེ་ལྟར་ཇེ་གསལ་ཇེ་བརྟན་གྱུར་པས་ན།། རྗེ་འབངས་དམ་ཚིག་མི་འགྱུར་གཡུང་དྲུང་བཀྲ་ཤིས་ཤོག།

དེས་ན་བསྟན་དང་འགྲོ་བ་སྤྱི་ཡི་སླད།། ཁྱད་པར་གངས་ཅན་བོད་འབངས་རྣམས་ཀྱི་སླད།།

སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་རྣམས།། མ་གཡེལ་ཐུགས་དམ་མཛད་བཞིན་བསྐལ་བརྒྱར་བརྟན།།

སྒོ་གསུམ་དད་ཕྱག་གྲངས་མེད་བརྩེགས་ཤིང༌། ལྷག་བསམ་གྱི་ཀུན་སློང་དྲི་བྲལ་ཤེལ་དཀར་ལྟ་བུའི་ངང་གུས་འབངས་གཞིས་བྱེས་ཡོངས་ཀྱི་ངོ་ཚབ་བྱས་ཏེ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ་བོད་རབ་ལོ་དགུ་བརྒྱ་བརྒྱད་ཅུ་གྱ་གསུམ། འགལ་བ་ཞེས་བྱ་འབྱུང་བ་གསུམ་ལྡན་རབ་གནས་ས་གླང་བོད་རྒྱལ་ལོ་ ༢༡༣༦ བོད་ཟླ་ ༡ ཚེས་ ༡༠ ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༦ ཉིན། གནས་ཕུན་སུམ་ཚོགས་པ་འཛམ་གླིང་འཕགས་པའི་ཡུལ་བྱང་ཕྱོགས་ཏེ་ལོ་ན་རོ་སོགས་ཀྱིས་བྱིན་གྱིས་བརླབས་ཤིང༌། ཁྱད་པར་ཚུལ་ཁྲིམས་ཀྱི་ལེའུའི་དུས་འདིར་ཐེག་ཆེན་གྱི་བླ་མ་དགེ་བའི་བཤེས་གཉེན་བགྲང་བ་ལས་འདས་པ་གཅིག་ཏུ་འཚོགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་གནས། ཡང་སྒོས་འགྲོ་བ་ལྷ་དང་བཅས་པའི་བསྟན་འགྲོའི་མགོན་པོ་གང་ཉིད་ཀྱི་གཉུག་མའི་བཞུགས་གནས་གངས་གཞོལ་མངའ་སྡེའི་ཆོས་ཁང་དུ་གྲགས་པའི་ཡུལ་འདིར། སྟོན་པ་ཕུན་སུམ་ཚོགས་པ་ཁྱབ་བདག་དཀྱིལ་འཁོར་གྱི་མགོན་པོ་དཔལ་དུས་ཀྱི་འཁོར་ལོའི་རྣམ་འདྲེན་འཇིག་རྟེན་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་གང་ཉིད་ཀྱིས། འཁོར་ཕུན་སུམ་ཚོགས་པ་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྒྱལ་སྲས་བླ་སྤྲུལ་མཁན་པོ་དང༌། དགེ་བའི་བཤེས་གཉེན་ངུར་སྨྲིག་འཛིན་པའི་དགེ་འདུན་གྱི་འདུས་སྡེ་ཆེན་པོ། དད་འདུས་ཀྱི་བུ་སློབ་འཇིག་རྟེན་གྱི་ཡུལ་གྲུ་དུ་མ་ནས་ལྷགས་པའི་མི་ཚོགས་ཆེན་པོ་དེ་དག་ལ། དུས་ཕུན་སུམ་ཚོགས་པ་སྟོན་པ་རྣམ་འདྲེན་བཞི་པ་ཟས་གཙང་སྲས་པོ་སྐུ་བལྟམས་ནས་གནས་བརྟན་ལུགས་སུ་ལོ་གྲངས་ ༢༥༥༣ ཧྲིལ་པོར་འཁོར་ཞིང༌། རབ་ལོ་ ༩༨༣ བོད་རྒྱལ་ལོ་ ༢༡༣༦ ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཡི་མཚན་དཔེ་བཞད་ལོ་ན་ཚོད་ལྡན་ལོ་རབ་རྒྱལ་ཤིང་ཕག་ནས་འགལ་བ་རབ་གནས་ས་མོ་གླང་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པ་སྟེ་ཚེས་བཅུའི་ཉིན། ཆོས་ཕུན་སུམ་ཚོགས་པ་རྒྱལ་སྲས་རྣམས་ཀྱི་ལམ་གྱི་རིམ་པ་གང་ཞིག་ས་གསུམ་གྱི་སྒྲོན་མེ་གཅིག་པུར་སེམས་ཆོག་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། ༸རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་གསུང་བྱང་ཆུབ་ལམ་གྱི་རིམ་པ་གསེར་ཞུན་མ་བཅས་ཀྱི་ཆོས་ཀྱི་འཁོར་ལོ་སྐོར་བར་མཛད་བཞིན་པའི་བཀའ་དྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བྱུར་བུར་བཀང་སྟེ་ཉིན་བཞིན་ལན་བརྒྱར་བསྐལ་པའི་བར་དུ་ཕུལ་ཡང་ཆ་ཙམ་བསབ་པའི་གོ་སྐབས་ག་ལ་མ་ཆིས། འོན་ཀྱང་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་བསབ་པའི་མངོན་འདོད་ལྷག་བསམ་གྱི་རང་མདངས་མཚོན་སླད་དུ་ཕྱག་བྱ་བའི་དངོས་པོ་སྔོན་དུ་འགྲོ་བའི་བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་དངོས་པོའི་ཚོགས་དང་བཅས་པ་རིན་ཆེན་བཟང་པོ་མཎྜལ་བཟང་པོའི་ངོ་བོར་འབུལ་བ་ནི། དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་མཚོན་ཕྱིར་སྣོད་བཅུད་ཡོངས་སུ་རྫོགས་པ་ལ་རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པ་ཡི་ལོ་ཏོག་ལ་སོགས་པ་གླིང་བཞི་མཚོ་ལྔའི་ཁྱད་ནོར་དང༌། གཞན་ཡང་འཁོར་ལོ་ལ་སོགས་པའི་རྒྱལ་སྲིད་སྣ་བདུན། སྒེག་མོ་ལ་སོགས་མཆོད་པའི་ལྷ་མོ་རྣམ་བརྒྱད། རིན་ཆེན་གདུགས་ལ་སོགས་པས་སྤྲས་པའི་དབུས་ན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཚང་ཞིང༌། ཡིད་དུ་འོང་བའི་ཕྱི་ནང་གཞན་གསུམ་གྱི་ཞིང་ཁམས་རྒྱ་མཚོའི་བཀོད་པས་ཐོག་དྲངས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང༌། ན་བཟའ་ཉེར་སྤྱད། བཀྲ་ཤིས་རྟགས་བརྒྱད་སོགས་དངོས་འབྱོར་གྱི་འབུལ་བ་ཕྲན་ཚེགས་མངོན་པར་དྭངས་པའི་ཡིད་ཀྱི་འཁོར་གསུམ་དམིགས་མེད་དུ་རྒྱས་བཏབ་སྟེ་འབུལ་ཐོ་ཟུར་གསལ་(འབུལ་ཐོ་ཟུར་དུ་འགོད་དགོས་)འབུལ་བཞིན་པ་ལགས་ན་དབུལ་བྱའི་དངོས་པོ་ཤིན་ཏུ་ཕྲ་ཡང༌། བདག་ཅག་གི་བསོད་ནམས་ཀྱི་སྐལ་བར་དགོངས་ཏེ་དགྱེས་པའི་སྤྱན་རས་ཡུད་ཙམ་གཡོ་བ་དང༌། སླར་ཡང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། སྙིགས་དུས་ཀྱི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས།

འཛམ་བུས་མཚན་པའི་གླིང་དང་ཁྱད་པར་དུ།། གངས་རིའི་ལྗོངས་འདིར་ཀུན་གྱི་མཐུན་སྣང་དུ།།

ཉི་ཟླའི་དཀྱིལ་འཁོར་ཡོངས་སུ་མ་ཤར་ན།། གདུལ་བར་བྱ་བ་རིང་དུ་ཇི་ལྟར་འཚོ།།

དགེ་མཚན་འབུམ་བཅས་མཚན་དཔེའི་ཟེའུ་འབྲུ་གསལ།། གཞན་ལ་ཕན་པར་དགོངས་གཅིག་མཛད་འཕྲིན་ཡང༌།།

ཕན་ཚུན་རྗེས་སུ་མཐུན་པའི་ཡིད་ཅན་ཀུན།། ཕན་དང་བདེ་བའི་བདུད་རྩིས་འཚོ་བར་ཤོག།

དཔལ་གྱི་དུམ་བུ་བཟང་པོའི་དྲི་ངད་དང༌།། མཇུག་སྒྲོ་ལྡན་པ་ཆུ་འཁུར་ཅན་གྱི་སྒྲ།

དམ་པ་གཞན་དོན་བློ་དང་འགྲོགས་པ་བཞིན།། གདུལ་བྱའི་ངོར་ཡང་ཐུགས་མཐུན་རྩེེར་གྱུར་ཅིག།

གསང་གསུམ་ཐབས་མཁས་སྒྱུ་འཕྲུལ་གར་བསྟན་ཡང༌།། གདུལ་བྱ་ལྟེམ་རྐྱང་བཏང་བའི་མོས་གུས་ཀྱིས།།

དགེ་བའི་མཛད་པར་བསམ་སྦྱོར་མཐུན་གྱུར་ནས།། བདེ་སྐྱིད་སྣང་བའི་རོ་ཡིས་ཚིམ་གྱུར་ཅིག།

དེར་ཡང་ཚད་མའི་སྟོན་པ་སྲས་བཅས་ལྟའི།། འཁོར་ལོ་གསུམ་གྱི་སྣང་བས་ཁྱབ་བཞིན་དུ།།

ནམ་མཁའ་འགྲོ་བ་ཇི་སྲིད་གནས་པའི་བར།། ཞབས་ཟུང་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག།

ཅེས་དྲང་སྲོང་བདེན་པའི་དབྱངས་ཀྱིས་ཇི་ལྟར་བསྙད་པ་ལྟར་མཁའ་མཉམ་ཡིད་ཅན་ཀུན་གྱི་འཕྲལ་ཡུན་ཕན་བདེའི་ལེགས་ཚོགས་སྤྱི་དང༌། ཁྱད་པར་བོད་འབངས་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཡུན་ཆོས་སྲིད་ཀྱི་ལེགས་ཚོགས་མཆིས་སོ་ཅོག་ནི་གུས་འབངས་ཡོངས་ཀྱི་མཐུན་སྣང་དུ་མཇལ་བར་ནུས་པའི་གཟུགས་སྐུ་མཚན་དཔེའི་ཕུང་པོ་འདི་ཉིད་འཚོ་ཞིང་གཞེས་པ་ཉིད་ལ་རག་ལུས་པ་ལགས་ན། བདག་ཅག་ཉམ་ཐག་མགོན་མེད་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་མི་བསྲུན་ལྔ་ཡི་བདག་ཉིད་ལས་གྲུབ་འགྲོ་བ་རྣམས་ལ་མ་རིག་རྨོངས་པའི་དབང་གིས་མི་བསྲུན་ཞེ་གཅིག་མ་གཏོགས་སྒྲུབ་ཏུ་མེད། འོན་ཀྱང་གང་གི་ཐུགས་རྗེའི་ཉེར་བརྩེས། ཇི་སྐད་དུ། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་གསུངས་པ་ལྟར་ཇི་ལྟ་ཇི་ལྟར་སྙིགས་དུས་བརླང་སྤྱོད་ཀྱི་སྐྱེ་འགྲོའི་ངན་སྤྱོད་ཆེས་ཆེར་བདོ་བ། དེ་ལྟ་དེ་ལྟར་མགོན་པོ་ཉིད་ཀྱིས་ཐུགས་སྟོབས་སྙིང་རྗེའི་གོ་ཆ་ལྷག་པར་བཞེས་ཏེ། ཞབས་ཟུང་སྲིད་མཐའི་བར་དུ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་དུ། རྟག་བརྟན་གཞོམ་བྲལ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པ་དང༌། ཞར་བྱུང་གུས་འབངས་སྐྱབས་འོག་པ་བདག་སོགས་གནས་སྐབས་གེགས་མེད་ལམ་ལྷོང་ཡོང་བ་དང༌། གཞན་ཡང་འབྲེལ་ཐོགས་འདས་གསོན་མཆིས་སོ་ཅོག་དེང་ནས་བྱང་ཆུབ་སྙིང་པོའི་བར་མགོན་པོ་གང་ཉིད་ཀྱི་འབྲལ་མེད་མཉེས་བཞིན་རྗེས་སུ་གཟུང་དུ་གསོལ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་རྩེ་གཅིག་ཏུ་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། བཀའ་ཡི་ཞལ་བཞེས་བཟང་པོ་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་སྩོལ་བ་ཅི་ནས་ཀྱང་མཁྱཻན། མཁྱཻན། མཁྱཻན། མཁྱཻན། མཁྱེན་ལགས།།

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།