མདུན་ངོས། མྱོང་བྱང་། ཤེས་ཡོན་སྲིད་... མྱོང་བྱང་། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་གཉིས་པ་དང་བཞི་པ། སངས་རྒྱས་བསྟན་དར། - ༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༥ ༡༦༣༤༧༩ ༠ Facebook Twitter Google+ Pinterest WhatsApp སྔོན་གླེང་། ༄༅། །དེབ་ཆུང་འདི་ནི་བོད་མི་མི་རེ་ངོ་རེ་ནས། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་གཉིས་པ་ཤེས་ཡོན་གྱི་ངོ་བོ་དང་། དོན་ཚན་བཞི་པ་ཤེས་ཡོན་གྱི་ངོས་འཛིན། ཞེས་པའི་གོ་དོན་ངོ་མ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མིན་གསལ་པོར་ཤེས་པའི་ཆེད་དུ་བྲིས་པ་ཞིག་ཡིན། ཐོག་མར་ངེས་དགོས་པ་ཞིག་ལ། སྤྱིར་ན་འདི་ཉིད་གཞི་རིམ་ཤེས་ཡོན་སྲིད་བྱུས་ཤིག་ཡིན་ཡང་། ཤེས་ཡོན་གྱི་ངོ་བོ་ཤོད་པའི་སྐབས་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་ཤོད་ཀྱི་ཡོད་པས་འདི་ཉིད་ཤེས་ཡོན་སྲིད་བྱུས་ཁྱོན་ཡོངས་ལ་གཅིག་མཚུངས་སུ་ཁྱབ་པར་ངོས་འཛིན་ཞུ་དགོས་པ་མ་གཏོགས། འབྱུང་འགྱུར་མཐོ་རིམ་ཤེས་ཡོན་སྲིད་བྱུས་དགོས་གལ་ཤར་ཚེ་ཤེས་ཡོན་གྱི་ངོ་བོ་ད་ལྟ་ལས་ལོགས་སུ་དགོས་པ་ཞིག་མིན། དེར་བརྟེན་བོད་མིའི་ཤེས་ཡོན་གྱི་ངོ་བོ་གང་འདྲ་ཞིག་དགོས་པ་འདིར་བཤད་པ་རྣམས་ནི་ཡི་གེ་བཞིན་དུ་མི་འགྱུར་བར་གནས་པ་ཡིན། གཉིས་པ་ཤེས་ཡོན་གྱི་ངོས་འཛིན་ཤོད་པའི་སྐབས་ཤེས་ཡོན་གྱི་ངོ་བོ་ཤེས་པའི་སྟེང་ནས་བསླབ་པར་བྱ་བའི་གནས་ཀྱི་རྣམ་གྲངས་གང་ཞིག་ཡོད་པ་རྣམས་རེ་རེ་ནས་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད། དེ་ཡང་ས་བཅད་ཀྱི་སྒོ་ནས་དབྱེ་ན།བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་དང་། དེང་རབས་ཀྱི་ཤེས་ཡོན་གཉིས་སུ་འབྱེད་ཅིང་། དེ་དག་ནང་གསེས་ཀྱི་རྣམ་གྲངས་ཀྱང་གྲངས་ངེས་པ་མིན་པས་འཛིན་རིམ་དང་དགོས་མཁོའི་དབང་གིས་འགྱུར་ཆོག་པ་ཡིན་ནོ། །གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་འདིར་དོན་ཚན་བཅོ་ལྔ་ཡོད་ཅིང་། སྔོན་གླེང་དང་བཅས་པའི་དོན་ཚན་ལྷག་མ་བཅུ་བཞི་པོ་མཐའ་དག་དོན་ཚན་གཉིས་པ་ཤེས་ཡོན་གྱི་ངོ་བོ་དང་དངོས་ཤུགས་གཙོ་ཕལ་གང་རུང་དང་འབྲེལ་ཏེ་ཡོང་གི་ཡོད་པས་ན་དོན་ཚན་གཉིས་པ་དེ་ནི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། འདི་ཉིད་ཀྱི་གོ་དོན་ངོ་མ་རང་གིས་བློ་ལ་ངེས་ཤིང་ཡིད་ཆེས་སྐྱེ་ཐུབ་པས་མ་ཚད་ལག་ལེན་ནང་དུ་དངོས་སུ་ཞུགས་ཐུབ་ན་ད་གཟོད་སྤྱི་ཚོགས་གསར་པའི་དཔལ་ཡོན་བཞད་པས་མ་ཚད་སྤྱི་ཚོགས་རྙིང་པའི་དཔལ་ཡོན་ཡང་རྒྱུན་འཛིན་བྱེད་ཐུབ་པའི་རེ་བ་བྱེད་ཆོག་པར་སེམས།། ངོ་སྤྲོད་བརྒྱུད་རིམ། ཕྱི་ལོ་ ༡༩༩༡ ལོར་གཏན་འབེབས་བྱུང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པ། ཤེས་ཡོན་དང་རིག་གཞུང་། ཞེས་པའི་ནང་གསེས་ ༢ པར། ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམ་པའི་ཤེས་ཡོན་གྱི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ། ཞེས་པ་འདི་ཉིད་ལག་ལེན་དུ་འཁེལ་ཆེད་བཀའ་ཤག་སྐབས་བཅུ་གཉིས་པས་ཕྱི་ལོ་ ༢༠༠༣ ལོའི་ཟླ་བ་དང་པོ་ནས་ཟླ་བ་ཉེར་གཅིག་ནང་སྔ་ཕྱིར་རགས་ཟིན་གསུམ་སྟེང་བོད་མིའི་སློབ་དགེ་རྣམས་དང་ཕྱི་ནང་མི་རིགས་མཁས་པ། ༸གོང་ས་༸སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་སློབ་ལམ་སྟོན་དང་བཅས་ཏེ་བགྲོ་གླེང་སྦྱངས་བཤད་མཐིལ་ཕྱིན་བྱས་པས་མ་ཚད་མཐར་ཕྱི་ལོ་ ༢༠༠༤ ཟླ་བ་ ༩ པའི་ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་འདུ་བརྒྱད་པའི་ཐོག་བགྲོ་གླེང་ཞིབ་རྒྱས་དང་བཅས་སྤྱི་མོས་ཐོག་གཏན་ལ་ཕབ་པ་ཞིག་རེད།། དེ་ལྟར་གཏན་འབེབས་གནང་དགོས་པའི་རྒྱུ་མཚན་ནི། ཐོག་མར་བོད་མི་རྣམས་རྒྱ་གར་དུ་འབྱོར་མ་ཐག་གི་ཛ་དྲག་གི་དུས་སྐབས་སུ་གཞན་གཡར་བྱས་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གང་ཞིག་དབྱིན་ཇིའི་མཁས་པ་མེ་ཁོ་ལ་གཙོར་གྱུར་གྱིས་གཏན་འབེབས་བྱས་པ་ལག་བསྟར་མི་བྱེད་མཐུ་མེད་དུ་གྱུར་ཀྱང་། ལོ་རབས་བདུན་ཅུའི་འགོ་སྟོད་བར་བོད་ཀྱི་རིག་གཞུང་རྙིང་པའི་བག་ཆགས་མཐུག་པའི་རྐྱེན་གྱིས་མེ་ཁོ་ལའི་སྲིད་བྱུས་ཀྱིས་གོང་མའི་མི་རབས་དེ་དག་སྲིད་བྱུས་དེའི་གཞན་དབང་དུ་གྱུར་ཐུབ་མེད་ཀྱང་། རིམ་གྱིས་མེ་ཁོ་ལས་རྒྱ་གར་ལ་བཅང་བའི་ཀུན་སློང་དེ་ཡི་བག་ཆགས་ང་ཚོར་ཡང་ཐེབས་འགོ་ཚུགས་པ་ལྟ་བུ་ཆགས་ཡོད། མེ་ཁོ་ལའི་ཤེས་ཡོན་སྲིད་བྱུས་དེ་ཡིས་རྒྱ་གར་བ་རྣམས་ཀྱི་ཤ་མདོག་དབྱིན་ཇི་བ་ལྟ་བུ་བཟོ་ཐབས་མེད་ཀྱང་། རྒྱ་གར་བ་རྣམས་ཀྱི་བསམ་བློ་དང་སྤྱོད་པ་གཉིས་ཀ་དབྱིན་ཇི་དང་གཉིས་སུ་མེད་པར་བཟོས་ཏེ་མི་རབས་ནས་མི་རབས་བར་དབྱིན་ཇིའི་སྐད་དང་རིག་གཞུང་གི་གཞན་དབང་དུ་གྱུར་པ་སྟེ་མདོར་ན་སྒོ་གསུམ་གྱི་སྤྱོད་པ་ཡོངས་རྫོགས་ཐད་དབྱིན་ཇིའི་ཞབས་ཞུ་བ་བཟོ་འདོད་པ་དེ་ནི་གཙོ་བོའི་དམིགས་ཡུལ་དེ་ཡིན་པ་རེད། དེར་བརྟེན་ད་ཆ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བརྟན་ལྷིང་སྲ་ཚུགས་བྱུང་བ་དང་བསྟུན་བོད་མིའི་ཕུགས་ཀྱི་དམིགས་ཡུལ་དང་དགོས་མཁོར་འཚམ་པའི་ཤེས་ཡོན་ལམ་སྲོལ་ཚད་ལྡན་ཞིག་བསྐྲུན་པའི་ཆེད་དུ་བཟོས་པ་ཞིག་ལགས་སོ།། ཤེས་ཡོན་གྱི་ངོ་བོ། ༡ ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ། ༢།༡ ཤེས་ཡོན་ཞེས་པ་ནི་ཚིག་གཉིས་ལས་བཟོས་པ་ཞིག་ཡིན། དང་པོ་དེ་ནི་ཤེས་བྱ་དང་། གཉིས་པ་དེ་ནི་ཡོན་ཏན་ལ་གོ་བ་ཡིན། ཤེས་བྱ་ཞེས་པའི་ཚིག་དེ་ཡིས་གཙོ་བོ་ཕྱིའི་ཡུལ་གྱི་གནས་ཚུལ་སྟེང་རྒྱུས་མངའ་ཡོད་པ་བྱེད་རྒྱུ་དེ་ཡིན་ཅིང་། དེ་ལ་བརྟེན་ནས་རང་དང་གཞན་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་བ་བདེན་ཡང་། དེ་ཙམ་གྱིས་རླབས་ཆེན་གྱི་ཕན་ཐོགས་ཤིག་ཡོང་བར་དཀའ། གཉིས་པ་ཡོན་ཏན་ཞེས་པ་དེ་ནི་གཙོ་བོ་ནང་གི་བསམ་བློ་བཟང་ཕྱོགས་སུ་གཏོང་ཐབས་མ་ནོར་བ་ཞིག་ལ་ཟེར། དེ་གཉིས་མི་ཞིག་ལ་ཚུལ་བཞིན་དུ་འཛོམས་པ་ཡིན་ན་མི་དེ་ལ་ཤེས་ཡོན་ཅན་ཟེར། མི་དེ་ཡིས་ཕྱིའི་ཤེས་བྱ་ལ་གོ་རྒྱ་དེ་ཙམ་ནམ་འཕང་གཅོད་མ་ཐུབ་ཀྱང་། རང་གིས་གང་ཞིག་ཤེས་པ་དེ་ཡིས་རང་དང་གཞན་གྱི་སྤྱི་ཚོགས་ཡོངས་ལ་རླབས་ཆེན་གྱི་ནུས་པ་ཐོན་པའི་རེ་བ་བྱེད་ཆོག །གལ་ཏེ་དེ་ལས་ལྡོག་སྟེ་ཕྱིའི་ཤེས་བྱ་ལ་ནམ་འཕང་གཅོད་ཐུབ་པའི་དབང་དུ་བཏང་ཡང་། ནང་གི་ཡོན་ཏན་གྱིས་རྩིས་ཟིན་མ་ཐུབ་ན་གང་ཞིག་ཤེས་པ་ཐམས་ཅད་བེད་མེད་དུ་འགྱུར་བར་མ་ཟད་རང་དང་གཞན་གྱི་སྤྱི་ཚོགས་སུ་དངོས་སུ་གནོད་པའི་མཐུན་རྐྱེན་དུ་འགྲོ་བའི་ཉེན་ཁ་ཡང་ཆེ། དེར་བརྟེན་ཐོག་མར་བོད་མིའི་ཤེས་ཡོན་གྱི་ངོ་བོ་ཤོད་པའི་སྐབས་ཤེས་བྱ་ཟེར་ན་གང་འདྲ་ཞིག་ལ་ཟེར་གྱི་ཡོད་པ་དང་། ཡོན་ཏན་ཟེར་ན་གང་འདྲ་ཞིག་ལ་ཟེར་གྱི་ཡོད་པ་དེ་ངོ་འཕྲོད་དགོས་པ་ཡིན། ཡང་ཤེས་ཞེས་པ་ཕྱི་ཡི་ཤེས་རིག་དང་། ཡོན་ཞེས་ནང་གི་དཔལ་ཡོན་ལའང་འགྲེལ་ཆོག་ཅིང་། དེ་གཉིས་འཛོམས་ན་ཕྱི་ནང་གི་དགོས་མཁོ་ཐམས་ཅད་ཆར་དུ་སྙིལ་ཐུབ་པ་ཡིན་ནོ།། ནང་གི་དཔལ་ཡོན་དེ་ལ་མཚོན་ན་ཚེ་འདིའི་དཔལ་ཡོན་དང་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དཔལ་ཡོན་གཉིས་ཀ་བསྡུས་པས་ན་ང་ཚོར་གནའ་དེང་གཉིས་ཀའི་དཔལ་ཡོན་ཆེད་གནའ་དེང་གི་རིག་གནས་ཆ་ཚང་སློབ་སྦྱོང་བྱེད་དགོས་པ་ཡིན་ནོ། །མདོར་ན་ཕྱི་ནང་གི་ལེགས་བཤད་མང་པོ་ནས་གསུང་བ་བཞིན་བླང་དོར་འབྱེད་ཤེས་པའི་སྐྱེས་བུ་དེ་ལ་ཤེས་ཡོན་ཅན་ནམ་མཁས་པ་ཟེར་བ་ཡིན། འབྲི་ཀློག་རྩིས་གསུམ་ཤེས་པ་ཙམ་གྱིས་མི་དེ་ཤེས་ཡོན་ཅན་གྱི་གྲལ་དུ་མི་གཏོགས། །སྔོན་གྱི་སྐྱེས་བུ་དམ་པའི་རྗེས་སུ་འབྲངས་ཏེ་ང་ཚོས་བླང་དོར་འབྱེད་པའི་སྐབས་སུ་འདི་ལྟར་བསམ་དགོས་ཏེ། ལས་ཀ་གང་ཞིག་གནས་སྐབས་ཕན་ཀྱང་ཕུགས་སུ་གནོད་ན་དེ་ཉིད་སྤོང་དགོས་ཤིང་། ལས་ཀ་གང་ཞིག་གནས་སྐབས་གནོད་ཀྱང་ཕུགས་སུ་ཕན་ན་དེ་ཉིད་སྒྲུབ་དགོས། ལས་ཀ་གང་ཞིག་གནས་སྐབས་དང་ཕུགས་གཉི་གར་ཕན་ན་དེ་ཉིད་ངེས་པར་དུ་སྒྲུབ་དགོས་ཤིང་། ལས་ཀ་གང་ཞིག་གནས་སྐབས་དང་ཕུགས་གཉི་གར་གནོད་ན་དེ་ཉིད་ངེས་པར་དུ་སྤོང་དགོས། བླང་དོར་གྱི་གནད་ལ་ཤེས་རབ་ཀྱིས་མ་རྨོངས་པར་གོང་དུ་བཤད་པ་བཞིན་ལེགས་ཉེས་འབྱེད་ཐུབ་པའི་མི་དེ་ལ་མཁས་པ་དང་ཤེས་ཡོན་ཅན་ཟེར་བ་ཡིན། ཤེས་ཡོན་སློབ་གསོ་སྤྲོད་པའི་དགོས་པ་ཤེས་པའི་སྔོན་དུ་ཤེས་ཡོན་གྱི་ངོ་བོ་ཤེས་པའི་ཐོག་ནས་བླང་དོར་ལ་ངོས་འཛིན་ཕྱིན་ཅི་མ་ལོག་པར་སྐྱེ་ཐུབ་པ་དགོས་སོ།། ཤེས་ཡོན་སློབ་པ་ལ་ཕྲུ་གུའི་ན་ཚོད་དང་བསམ་པ། སྐད་ཡིག་གི་བརྒྱུད་ལམ། སྤྱི་ཚོགས་ཀྱི་འཁོར་ཡུག སློབ་ཁྲིད་ཀྱི་ཐབས་ལམ། བསླབ་བྱའི་བརྗོད་བྱ། དགེ་རྒན་གྱི་གནས་ཚད་སོགས་མང་དག་ཅིག་གི་སྟེང་བསམ་བློ་གཏོང་དགོས་པ་ཡིན། འཛམ་བུ་གླིང་གི་ཤེས་ཡོན་མཁོ་སྤྲོད་པ་ཕལ་ཆེ་བས་གོང་གསལ་གདན་དོན་རྣམས་གལ་ཆེར་བཟུང་སྟེ་ལྟ་གྲུབ་དང་ལག་ལེན་སྣ་ཚོགས་པ་ཞིག་སྤེལ་གྱི་ཡོད་ཅིང་། དེ་དག་གི་དགོས་པ་དེ་རང་གི་ཁེ་ཕན་ལ་གཙོ་བོར་དམིགས་པ་རྣམས་ནི་ནང་གི་ཡོན་ཏན་གང་ལ་ཟེར་བ་དེའི་ངོ་བོ་མ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད། ནང་གི་ཡོན་ཏན་གལ་ཆེ་ཚུལ་ནི། རང་ལས་རང་གི་ཁྱིམ་ཚང་གལ་ཆེ་བ་དང་། རང་གི་ཁྱིམ་ཚང་ལས་རང་གི་གྲོང་ཚོ་གལ་ཆེ་བ། རང་གི་གྲོང་ཚོ་ལས་རང་གི་མངའ་སྡེ་གལ་ཆེ་བ། རང་གི་མངའ་སྡེ་ལས་རང་གི་རྒྱལ་ཁབ་གལ་ཆེ་བ། འདི་ལ་སོགས་པའི་བསམ་བློས་རྩིས་ཟིན་ན་ཤེས་ཡོན་ཟུང་ལྡན་དུ་འགྱུར་བ་ཡིན་པ་ལས། སྐད་ཡིག་གཉིས་ཙམ་ཤེས་པ་ལ་ཤེས་ཡོན་གྱི་འདབ་གཤོག་གཉིས་ལྡན་མི་ཟེར།། འདི་ལྟར་འོང་བ་ལ་ནང་གི་ཡོན་ཏན་དེར་སད་སྨིན་རྫོགས་གསུམ་འབྱུང་དགོས་པ་ཡིན། སད་ཅེས་པའི་དོན་ནི་ནམ་ལངས་ནས་གཉིད་སད་པ་དང་། ཚོད་ལྟ་བྱས་ཏེ་ཉམས་སད་པ་དང་། རིགས་སད་པ་དང་། བག་ཆགས་སད་དེ་མངོན་དུ་འགྱུར་བ་སོགས་དོན་དུ་རང་གི་བསམ་བློར་བཟང་པོའི་བག་ཆགས་ལྷན་སྐྱེས་ཀྱིས་གབ་སྟེ་ཡོད་པ་དག་ཕྱི་རུ་ཐོན་པ་བྱེད་རྒྱུ་དེ་ཡིན། ང་ཚོ་མི་རེ་རེར་སྐྱེ་བ་མང་པོའི་བསམ་བློ་བཟང་པོ་མཐའ་ཡས་པ་ཞིག་རང་ཆས་སུ་ཡོད་ཀྱང་དེ་དག་ཚེ་འདིར་ཤེས་ཡོན་སློབ་གསོའི་བརྒྱུད་ལམ་ཚད་ལྡན་ཞིག་གི་ཐོག་ནས་ཕྱི་རུ་ཐོན་ཐུབ་པ་ཞིག་བྱེད་དགོས། འདི་ལ་མཁས་པ་ཚོས་མེ་ཏོག་རང་བཞད་ཟེར། ཇི་ལྟར་མེ་ཏོག་འདེབས་ལས་བྱེད་པོས་མེ་ཏོག་སྐྱེད་སྲིང་བྱེད་སྐབས་མེ་ཏོག་གི་ས་བོན་ཞུགས་པའི་ནུས་པ་དེ་ཉིད་ཕྱིར་འདོན་པའི་ཆེད་ས་ལུད་དྲོད་གཤེར་དང་། གནོད་པ་འགོག་པའི་ར་བ་སོགས་བསྐྲུན་པ་ཙམ་ལས་གཞན་པའི་སྐྱེད་སྲིང་བྱེད་པའི་ཐབས་ལམ་མེད་ན་ཡང་གོང་གསལ་ཐབས་ལམ་དེ་ཙམ་གྱིས་དུས་སུ་མེ་ཏོག་ཤར་འགོ་ཚུགས་ཀྱི་ཡོད། འདི་ནས་ཤེས་ཡོན་མཁོ་སྤྲོད་བྱེད་སྐབས་ཀྱང་ཕ་མ་དང་དགེ་རྒན་རྣམས་ནས་ཕྲུ་གུ་རྣམས་དང་ཐོག་ནས་ཅི་ཡང་མི་ཤེས་པ་དང་། ཡོན་ཏན་གྱི་ས་བོན་རྩ་བ་ནས་མེད་པ་ཞིག་ལ་སློབ་ཀྱི་ཡོད་པའི་འདུ་ཤེས་གཏི་ཐུག་པ་དེ་རྒྱང་དུ་བསྐྱུར་ཏེ་ཇི་ལྟར་རང་རེའི་སྲོལ་རྒྱུན་དུ་བླ་མ་སྤྲུལ་སྐུའི་ཡང་སྲིད་ལ་ཤེས་ཡོན་འབུལ་གྱི་ཡོད་པའི་བསམ་བློ་རྨད་དུ་བྱུང་བ་ཞིག་ཡོད་པ་དེ་དང་མཐུན་པ་ཞིག་བསྐྱེད་དགོས་སོ།། ནམ་ཞིག་ཐབས་ལ་མཁས་པའི་ཐོག་ནས་རང་རྒྱུད་ནང་གི་ཡོན་ཏན་གྱི་རིགས་དེ་དག་སད་པར་གྱུར་པ་ན་དེ་ནས་རྩོལ་བ་དེ་ཙམ་མི་དགོས་པར་རྒྱུན་སྐྱོང་དང་གེགས་སེལ་གྱི་གཞོགས་འདེགས་ལ་བརྟེན་ནས་ཤེས་རྒྱུད་སྨིན་ངེས་ཡིན། སད་དང་སྨིན་པ་རྣམ་གཉིས་ནི་གཙོ་བོ་ཐོས་བསམ་ཟུང་འབྲེལ་གྱི་ཐོག་ནས་ཡོང་ཆོག་ཅིང་། དེ་ཡང་ཤེས་ཡོན་གཉིས་སུ་ཕྱེ་བའི་གཙོ་བོ་ཤེས་བྱའི་ཆར་གཏོགས་པ་ཡིན། སད་སྨིན་བྱུང་རྗེས་རྫོགས་པའི་ཆ་དེ་ནི་མེ་ཏོག་ལ་མཚོན་ལ་གཞན་ལ་དྲི་བསུང་བྱིན་པ་དང་ལྷ་དང་མིའི་མིག་གི་མཛེས་རྒྱན་དུ་གྱུར་ཅིང་། རང་ཉིད་ལ་ནི་གཞན་གྱི་ལོངས་སྤྱད་བྱར་གྱུར་པ་ཙམ་ལས་གཞན་པའི་དགོས་འདུན་གང་ཡང་མེད་ཅིང་། དེ་བཞིན་སྐྱེས་བུ་ཞིག་གི་ཤེས་ཡོན་ལ་མཚོན་ན་ཡང་ཐོས་བསམ་རྣལ་མ་ལས་བྱུང་བའི་འབྲས་བུ་གང་ཞིག་རང་དང་རང་གི་སྤྱི་ཚོགས། རྒྱལ་ཁབ་དང་མི་རིགས་དང་བཅས་པའི་ངོ་བོ་དང་། རིག་གཞུང་། འཚོ་གནས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། གསར་གཏོད་གོང་སྤེལ་ཡོང་བ་ལ་ཕན་ཐོགས་པ་ནི་སྐྱེ་གནས་མ་ཤི་ཚུན་ཆད་ཀྱི་ཤེས་ཡོན་དེ་རྫོགས་པར་བརྩི་ཆོག །དེ་ལ་ཕྱི་ཡི་ཤེས་བྱ་དང་ནང་གི་ཡོན་ཏན་གཉིས་ལས་ནང་གི་ཡོན་ཏན་དེ་གལ་ཆེ། གང་ཡིན་ཟེར་ན། ནང་གི་ཡོན་ཏན་དེ་མེད་པར་གྱུར་ན་ཕྱི་ཡི་ཤེས་བྱ་དེས་གཞན་ལ་ཕན་ཐོགས་རྒྱུ་ལྟ་ཅི། རང་ལ་ཡང་ཕན་པའི་ངེས་པ་མེད། གལ་ཏེ་རང་ལ་ཕན་ཐོགས་པའི་དབང་དུ་བཏང་ཡང་གཞན་ལ་ཕན་ཐོགས་པའི་ངེས་པ་དེ་བས་ཀྱང་མེད་པར་གྱུར། དེ་ལས་ལྡོག་སྟེ་ཕྱི་ཡི་ཤེས་བྱ་དེ་ཙམ་མེད་ཀྱང་ནང་གི་ཡོན་ཏན་གྱིས་ཕྱུག་པར་གྱུར་ན་རང་ལ་ཕན་ཐོགས་པས་མ་ཚད་གཞན་ལའང་ངེས་པར་དུ་ཕན་ཐོགས་ངེས་ཡིན། གོང་དུ་བཤད་པའི་ཕྱི་ཡི་ཤེས་བྱ་དང་ནང་གི་ཡོན་ཏན་གཉིས་པོར་ཚིག་ཐག་ཆོད་པོས་སྡོམ་ཞིག་བརྒྱབ་ན། གཞན་ལ་ཕན་ཐོགས་ན་རང་ལ་ཕན་ཐོགས་པར་ངེས་ཤིང་། རང་ལ་ཕན་ཐོགས་ན་གཞན་ལ་ཕན་ཐོགས་པའི་ངེས་པ་མེད། གཞན་ལ་ཕན་ཐོགས་པ་དེ་གཙོ་བོ་ནང་གི་ཤེས་རྒྱུད་སྨིན་པའི་ལག་རྗེས་དང་། རང་ཙམ་ལ་ཕན་ཐོགས་པ་དེ་གཙོ་བོ་ཤེས་བྱ་ཙམ་ཤེས་པའི་ལག་རྗེས་སུ་བཞག་ཆོག་ཀྱང་ད་དུང་ངེས་པ་མེད་དོ། །འདི་ན་བཤད་པའི་སད་སྨིན་རྫོགས་གསུམ་གྱི་ཐ་སྙད་མཇལ་མ་ཐག་འགའ་ཞིག་གིས་ཆོས་ཀྱི་སཀོར་ཤོད་ཀྱི་ཡོད་པ་ལ་བསྙད་འདོགས་བྱས་ཏེ་འདྲོགས་མཁན་ཡང་མི་ཉུང་བ་ཞིག་ཡོད་སྲིད་ནའང་། དེ་དག་ནི་ཧ་ཅང་རྟོག་པ་རྩིང་བའི་རྣམ་འགྱུར་ཞིག་ཏུ་ངོས་འཛིན་མི་བྱེད་མཐུ་མེད་ལགས་སོ།།༝ ༢ ཤེས་ཡོན་ཞེས་པ་གཞན་ལས་ཐོས་པའི་དོན་འཛིན་པ་ཙམ་ལ་མི་འཛིན་པར། ཐོས་པའི་དོན་རང་སྟོབས་ཀྱིས་བསམ་པས་ངེས་པ་རྙེད་པ་དང་། བསམ་པའི་དོན་ལ་ཡང་ཡང་གོམས་པས་མཐར་ཕྱིན་པར་བྱེད་པ་སྟེ་གཞན་ལས་ཐོས་པ་དང་། རང་གིས་དཔྱད་པ། དེ་ལ་ཡང་ཡང་གོམས་པ་གསུམ་དང་ལྡན་པ་ཞིག་ལ་ངོས་འཛིན་བྱ་རྒྱུ། ༢།༢ ཕྱི་ནང་ཤེས་ཡོན་གྱི་ངོ་བོ་ཚུལ་བཞིན་ངོས་འཛིན་བྱས་པའི་རྗེས་སུ་འདི་ཉིད་རང་གི་རྒྱུད་དུ་ཤ་ཐིམ་རུས་ཐིམ་ཡོང་བ་ལ་བོད་ཀྱི་སྲོལ་རྒྱུན་ནས་བཤད་པས་མ་ཚད་དོན་ལ་ཡང་ཐབས་ལམ་འདི་ལས་གཞན་དུ་མེད་པ་དེ་ནི་ཐོས་བསམ་སྒོམ་གསུམ་ཟེར་བ་དེ་ཡིན། འདི་གསུམ་བེད་སྤྱོད་ཚུལ་བཞིན་བྱེད་ཐུབ་ན་ངེས་དགོས་པའི་ཤེས་བྱ་གང་ཞིག་ཡིན་ཡང་ངེས་མི་ཐུབ་པའི་གོ་སྐབས་གཏན་ནས་མེད། དེར་བརྟེན་ང་ཚོས་འདི་གསུམ་ལས་གང་རུང་གཅིག་ཚུལ་མཐུན་མ་བྱུང་བ་ཡིན་ན་ཤེས་ཡོན་ཉི་ཚེ་བ་ལས་དགོས་མཁོ་སཀོང་ཐུབ་པའི་ཤེས་ཡོན་ཞིག་ཐོབ་པའི་སྐལ་བ་མེད། དེར་བརྟེན་འདི་གསུམ་གལ་ཆེན་ཡིན་པའི་ངོས་འཛིན་དགེ་སློབ་རྣམས་ཀྱིས་ཁོང་དུ་ཆུད་དེ་འདི་ལ་ཡིད་ཆེས་སྐྱེ་ཐུབ་ན་ཤེས་བྱའི་གནས་མ་ལུས་པ་ཡར་ངོའི་ཟླ་བ་བཞིན་ཉིན་རེ་ནས་ངོ་སྤྲོད་ཇེ་གསལ་དང་། མྱུར་ཚད་ཇེ་མགྱོགས། རྒྱུས་ལོན་ཇེ་ཟབ་བྱེད་ཐུབ། །མདོར་ན་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་སྐྱེ་ཐུབ།། དང་པོ་ཐོས་པ་ཞེས་པ་ནི། དགེ་རྒན་གྱི་མདུན་ནས་སློབ་ཚན་གང་རུང་ཞིག་གི་སཀོར་ཚུལ་བཞིན་རང་གིས་ཉན་པ་དང་། དེ་བཞིན་དེབ་རིགས་མི་འདྲ་བའི་བརྒྱུད་ནས་སློབ་ཚན་གང་རུང་ཞིག་གི་སཀོར་ཚུལ་བཞིན་ཀློག་པ་དང་། སློབ་ཚན་དང་འབྲེལ་བའི་བརྗོད་བྱ་གློག་བརྙན་དང་དྲྭ་རྒྱ་བརྒྱུད་ནས་བལྟས་ཤིང་ཉན་པ་དང་། རླུང་འཕྲིན་དང་སྒྲ་འཇུག་འཕྲུལ་འཁོར་ལས་ཉན་པ་དང་། སློབ་གཉེར་ཁང་གཞན་དང་གཞན་དུ་སོང་ནས་མཁས་པ་མང་པོའི་མདུན་ནས་ཉན་པ་དང་། སློབ་ཕྲུག་གཅིག་གིས་དགེ་རྒན་གཅིག་གི་མདུན་ནས་དང་དགེ་རྒན་མང་པོའི་མདུན་ནས་ཉན་པ། སློབ་ཕྲུག་མང་པོས་དགེ་རྒན་གཅིག་གི་མདུན་ནས་དང་དགེ་རྒན་མང་པོའི་མདུན་ནས་ཉན་པ་སོགས་མང་ནས་ཐོས་པ་དང་། མང་དུ་ཐོས་པ། མང་དང་ཐོས་པ་སོགས་ཐོས་པ་དང་འབྲེལ་བའི་གནས་ཚུལ་མང་པོ་ཤོད་རྒྱུ་ཡོད།ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཞེས་པ་འདི་ཡིས་ཕྱི་ཡི་མུན་པ་སེལ་བ་ལ་སྒྲོན་མེའམ་འོད་ཟེར་དགོས་པ་བཞིན་ནང་གི་མི་ཤེས་པ་མེད་པར་བཟོ་བ་ལ་ཐོས་པ་དགོས་པ་ཤོད་ཀྱི་ཡོད། སྤྱིར་བཏང་ཐོས་པ་ཞེས་པའི་ཐ་སྙད་འདི་གཙོ་བོ་སློབ་གཉེར་བ་ཞིག་གི་ངོས་ནས་ཤོད་ཀྱི་ཡོད། འོན་ཀྱང་ཐོས་པ་གང་ལས་བྱུང་བའི་རྒྱུ་དགེ་རྒན་གྱི་འཆད་འཁྲིད་མེད་པར་ཐོས་པ་ཡོང་ས་མེད་པས་དགེ་རྒན་ཤིན་ཏུ་གལ་ཆེན་ཡིན་པའི་གནད་དོན་ཡང་གསལ་བར་ཤེས་ཐུབ་པ་ཡིན། རང་རེའི་སྲོལ་རྒྱུན་གྱི་ཐབས་ལམ་དུ་འཆད་རྩོད་རྩོམ་གསུམ་ཤོད་ཀྱི་ཡོད་ཅིང་། འདིར་བཤད་པའི་ཐོས་པ་ནི་འཆད་པའི་ཁོངས་སུ་གཏོགས།དེ་བཞིན་མཁས་བཙུན་བཟང་གསུམ་གྱི་དབང་དུ་བྱས་ན་མཁས་པའི་ཁོངས་སུ་གཏོགས། ཤེས་བྱ་དང་ཡོན་ཏན་གཉིས་ཀྱི་དབང་དུ་བྱས་ན་གཙོ་བོ་ཤེས་བྱའི་ཁོངས་སུ་གཏོགས། ལུང་རིགས་གཉིས་ཀྱི་དབང་དུ་བྱས་ན་ལུང་གི་ཁོངས་སུ་གཏོགས། བཤད་སྒྲུབ་གཉིས་ཀྱི་དབང་དུ་བྱས་ན་བཤད་པའི་ཁོངས་སུ་གཏོགས། སད་སྨིན་རྫོགས་གསུམ་གྱི་དབང་དུ་བྱས་ན་སད་པའི་གནས་སྐབས་ཡིན། དབང་ལུང་མན་ངག་གསུམ་གྱི་དབང་དུ་བྱས་ན་དབང་ལུང་མན་ངག་གསུམ་གར་བསྡུས་པ་ལགས་སོ།། ལྡོག་ཕྱོགས་ནས་བཤད་ན་སྣོད་ཀྱི་སྐྱོན་གསུམ་ལས་དང་པོ་སྣོད་ཁ་སྦུབ་པའི་སྐྱོན་གྱི་ཁ་གཏད་དུ་ཐོས་པ་བསྟེན་དགོས་པ་ཡིན། སློབ་ཕྲུག་ཅིག་ལ་སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན་དེ་ཡོད་ན་དགེ་རྒན་རྣམས་ནས་སྣོད་ཁ་ཡར་སློང་བའི་ཐབས་ལམ་བསྟེན་དགོས་པ་མ་གཏོགས་དོ་བདག་ལ་དམའ་འབེབས་དང་ཉེས་བརྡུང་གི་རིགས་མི་བསྟེན་པ་ནི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་པ་རྨ་མེད་པ་ཡིན། དེས་ན་ཐོས་པ་ནི་ཤེས་ཡོན་གྱི་ས་བོན་འདེབས་པ་ལྟ་བུ་ཡིན། །འོན་ཀྱང་ཐོས་པ་གཅིག་པུས་ཆོག་ཤེས་པར་འཛིན་པ་ནི་དབང་རྟུལ་གྱི་སློབ་སྦྱོང་བྱེད་སྟངས་ཤིག་རེད། ཐོས་པ་ལས་བྱུང་བའི་ཤེས་རབ་རྒྱས་པ་དེར་ཐོས་བྱུང་གི་ཤེས་རབ་ཟེར་བ་ཡིན། དེ་ཡིས་འདོད་པ་མ་ཁེངས་པར་བྱས་ཏེ་ཐོས་པའི་རྗེས་སུ་བསམ་པ་བསྟེན་དགོས་པ་ཡིན་ནོ།། གཉིས་པ་བསམ་པ་ནི། ཐོས་པའམ་ཉན་པའི་དོན་དེ་རང་གིས་ཇི་བཞིན་ཤེས་པ་ལ་ཐོས་པའི་དོན་དེ་ཡིན་ཤག་དང་མིན་ཤག ཡོད་ཤག་དང་མེད་ཤག་མི་བྱེད་པར་བརྟག་དཔྱད་བྱེད་རྒྱུའི་བསམ་བློ་ཞིག་དགོས་པ་ཡིན། འདི་ལ་བསམ་པ་ཟེར་བ་ཡིན། བརྟག་དཔྱད་བྱེད་པའི་ཐབས་ལམ་ཡོངས་སུ་གྲགས་པ་ནི་དྲི་བ་འགོད་རྒྱུ་དེ་ཡིན། དཔེར་ན། ཕག་གྲུའི་གདན་ས་ཐེལ། ཞེས་པ་ལ་མཚོན་ན། གདན་ས་ཐེལ་ཟེར་ན་ག་རེ་རེད། དེ་ས་གནས་གང་དུ་ཡོད་པ་རེད། དེ་ག་དུས་བྱུང་བ་རེད། བླ་མ་སུའི་གདན་ས་རེད། ཆོས་བརྒྱུད་གང་གི་གདན་ས་རེད། གདན་སའི་སྒྲ་བཤད་ག་རེ་རེད། དེ་དེང་སང་ཡོད་པ་རེད་དམ། གདན་ས་དེ་ནས་སློབ་མ་སྐད་གྲགས་ཆེ་བ་སུ་དང་སུ་བྱུང་ཡོད། འདི་ལྟ་བུའི་དྲི་བའི་ཐོག་ནས་སློབ་སྦྱོང་གནང་ན་དོན་གནད་གང་འདྲ་ཞིག་ཡིན་ཡང་གསལ་གསལ་ཐིང་ཐིང་ཤེས་ཐུབ། མ་མཐར་ཡང་གོ་ནོར་མི་ཐེབས་པ་ལ་མཆོག་ཏུ་གྱུར། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཞེས་པ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཞིག་རེད། བཀའ་འདི་ཡིས་བསམ་པ་གལ་ཆེན་པོ་ཡིན་པ་བསྟན་གྱི་ཡོད། དཔེར་ན་རིན་ཆེན་དང་པོ་གསེར་ལ་ལྷད་ཡོད་མེད་བརྟག་པའི་ཆེད་མགར་བས་དེ་ཉིད་མེར་བསྲེགས་པ་དང་། ཕ་ལམ་གྱིས་གཅོད་པ་དང་། ལྕགས་ལ་བརྡར་བའི་བརྒྱུད་ནས་བརྟག་དཔྱད་བྱེད་པ་བཞིན། སློབ་ཕྲུག་ཚོས་ཀྱང་རྒན་ལགས་དང་མཁས་པ་གཞན། དེ་བཞིན་དེབ་ནང་ཡོད་པ་རྣམས་དྲི་བའི་ལམ་ནས་བརྟག་དཔྱད་བྱས་ཏེ་སེམས་ལ་ངེས་དགོས་པ་ཡིན། བསམ་པ་ནི་གཙོ་བོ་རིགས་པ་བེད་སྤྱོད་གཏོང་བ་ལ་གོ་དགོས་ཤིང་། བསླབས་ཟིན་པའི་སློབ་ཚན་དེར་སྔ་ཕྱིར་འགལ་བ་འདུག་གམ་མི་འདུག འབྲེལ་བ་འདུག་གམ་མི་འདུགབརྡ་སྤྲོད་དང་ཚིག་སྦྱོར་གྱི་སྐྱོན་འདུག་གམ་མི་འདུག དངོས་བསྟན་དང་ཤུགས་བསྟན་གང་དང་གང་རེད། མཚན་ཉིད་པ་དང་བཏགས་པ་བ་གང་ཞིག་ཡིན་མིན། འདོད་རྒྱལ་དང་རྗེས་སྒྲུབ་གང་ཞིག་ཡིན་མིན་ལ་སོགས་པའི་སྟེང་བགྲོ་གླེང་གི་ལམ་ནས་ངེས་དགོས་པ་རྣམས་ལ་བསམ་པ་ཟེར་རོ།། དགེ་སློང་རེ་མདོ་སེང་གེའི་བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་སུ། འཇར་མན་གྱི་མཚན་ཉིད་རིག་པ་མཁས་ཅན་སུའུ་པུན་ཧེར་གྱིས། སློབ་སྦྱོང་ལ་བརྟེན་ནས་ཐོབ་པའི་བདེན་དོན་ནི་བཅོས་མའི་སོ་དང་རྐང་ལག་གམ་པྲ་ཚིལ་གྱིས་བཟོས་པའི་སྣ་དང་ཡང་ན་སྐྱི་པགས་བརྗེ་ལྷན་གྱི་ལག་རྩལ་སོགས་ཀྱིས་ལུས་ཀྱི་དབང་པོ་ཆ་འདྲ་བ་བཅོས་པ་དང་འདྲ་བའམ། ཐ་ན་དེ་ཙམ་གྱི་ཚད་དུའང་མི་ཐོན་པ་འདྲ། རང་ཉིད་ཀྱིས་བསམ་བློ་བཏང་བ་ལས་རྙེད་པའི་བདེན་དོན་ནི་ལྷན་སྐྱེས་ཀྱི་ཡན་ལག་དང་འདྲ་བར། རང་ཉིད་ལ་ངེས་པའི་ཚུལ་དུ་གཏོགས་པ་ཡིན་ཞེས་གསུངས་པ་ལས་ང་ཚོས་བསམ་པ་བསྟེན་རྒྱུ་ཇི་ཙམ་གལ་ཆེན་ཡིན་པ་ད་ཆ་ངོ་སྤྲོད་གསལ་པོ་ཆགས་པའི་རེ་བ་ཡོད། དེང་གི་ཆར་ཞིབ་འཇུག་གི་སློབ་མ་ཚོས་གཙོ་བོར་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་ཤེས་ཡོན་ཡག་པོ་ཤེས་པས་མ་ཚད་མི་ཚེའི་ནང་གཞན་གྱི་མགོ་སཀོར་འོག་ཏུ་རྩ་བ་ནས་ཚུད་ཀྱི་མ་རེད། རང་རེའི་སྲོལ་རྒྱུན་གྱི་ཐབས་ལམ་དུ་འཆད་རྩོད་རྩོམ་གསུམ་ཤོད་ཀྱི་ཡོད་ཅིང་། འདིར་བཤད་པའི་བསམ་པ་ནི་རྩོད་པའི་ཁོངས་སུ་གཏོགས།དེ་བཞིན་མཁས་བཙུན་བཟང་གསུམ་གྱི་དབང་དུ་བྱས་ན་མཁས་པའི་ཁོངས་སུ་གཏོགས། ཤེས་བྱ་དང་ཡོན་ཏན་གཉིས་ཀྱི་དབང་དུ་བྱས་ན་གཙོ་བོ་ཤེས་བྱའི་ཁོངས་སུ་གཏོགས། ལུང་རིགས་གཉིས་ཀྱི་དབང་དུ་བྱས་ན་རིགས་པའི་ཁོངས་སུ་གཏོགས། བཤད་སྒྲུབ་གཉིས་ཀྱི་དབང་དུ་བྱས་ན་བཤད་པའི་ཁོངས་སུ་གཏོགས། སད་སྨིན་རྫོགས་གསུམ་གྱི་དབང་དུ་བྱས་ན་སྨིན་པའི་གནས་སྐབས་ཡིན། དབང་ལུང་མན་ངག་གི་དབང་དུ་བྱས་ན་ཕྱི་མ་མན་ངག་ལ་སྒྲོ་འདོགས་དཔྱད་པ་དེར་ཟེར། དགག་བཞག་སྤོང་གསུམ་གྱི་དབང་དུ་བྱས་ན་གསུམ་གའི་ཁོངས་སུ་བསྡུས་པ་ལགས་སོ། །བསམ་པ་ཕུན་སུམ་ཚོགས་པ་ཞིག་འོང་བ་ལ་གསང་ཕུ་ནེའུ་ཐོག་གི་གདན་སར་ཕྱྭ་པ་ཆོས་སེང་གིས་གསར་གཏོད་མཛད་པའི་རྩོད་པའི་རིགས་ལམ་དེ་ཤིན་ཏུ་ཕན་ཐོགས་ཆེན་པོ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོས་འདི་སྟེང་སྔ་ཕྱིར་ནན་ཏན་བཀའ་སློབ་ཕེབས་པ་ལ་བརྟེན་ནས་དེང་གི་ཆར་བོད་པའི་སློབ་གྲྭ་མི་ཉུང་བ་ཞིག་གི་ནང་རྩོད་གྲྭའི་རིགས་ལམ་གྱི་མྱུ་གུ་བུས་བཞིན་པ་འོ། །ལྡོག་ཕྱོགས་ནས་བཤད་ན་སྣོད་ཀྱི་སྐྱོན་གསུམ་ནས་བསམ་པ་བསྟེན་པ་ནི་སྣོད་ཞབས་བརྡོལ་བའི་ཁ་གཏད་དུ་འགྲོ་བ་ཡིན། སློབ་ཕྲུག་ཅིག་ལ་སྣོད་ཞབས་བརྡོལ་བའི་སྐྱོན་ཡོད་ན་དགེ་རྒན་རྣམས་ནས་སྣོད་ཀྱི་ཞབས་ལ་ལྷན་པ་གླན་དགོས་པ་མ་གཏོགས་ཉེས་རྡུང་དང་དམའ་འབེབས་ཀྱི་རིགས་མི་བྱེད་པ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཡིན། འོན་ཀྱང་སློབ་ཕྲུག་བློས་གཏོང་བྱེད་པའི་ཐབས་ལམ་གཏི་ཐུག་པ་དེ་རིགས་ནམ་ཡང་བསྟེན་རྒྱུ་ལྟ་ཅི་དྲན་པ་ཡང་བྱེད་མི་རིགས། ཉམས་ཞིབ་མ་བྱས་གོང་གནད་དོན་དེའི་སྟེང་ཐོས་པ་ཤུགས་ཆེན་པོ་བསྟེན་དགོས་པ་ཏན་ཏན་ཆགས་ཀྱི་ཡོད། ཐོས་པ་ཤུགས་ཆེན་པོ་བསྟེན་པའི་གནད་དོན་དེར་ལོག་རྟོག་ཇི་སྙེད་ཡོད་པ་མཐོང་སྟེ་འདི་ཉིད་སྟེང་དངོས་འབྲེལ་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱས་ཏེ་ལོག་རྟོག་སེལ་བའི་གསར་བརྗེའི་བསམ་བློ་དང་ལྟ་བ་སྤེལ་དགོས་པ་མཐོང་ཐུབ་པ་ཡིན། ཤེས་ཡོན་གཅིག་པུའི་ཆེད་ཉམས་ཞིབ་བྱས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དང་ཆབ་སྲིད་ཀྱི་ལྟ་སྟངས། འགྲོ་བ་མིའི་དགོས་མཁོ་སོགས་དང་རྩ་བ་ནས་མ་འབྲེལ་ཚེ་ཉམས་ཞིབ་བྱས་ཀྱང་དོན་གོ་ཆུང་།། བསམ་པའམ་ཉམས་ཞིབ་ཀྱི་གལ་ཆེ་ཚུལ་དང་དཔེ་མཚོན་ཡོངས་གྲགས་ཤིག་བཤད་ན། ཉེ་བའི་ལོ་ཟླའི་ནང་རྒྱ་གར་གྱི་འདྲེན་པ་ཨ་མིར་ཁཱན་ཟེར་བས་ལས་འཆར་རྒྱ་ཆེན་ཞིག་སྤེལ་ཏེ་བུད་མེད་ས་ཡ་མང་པོས་མངལ་ལས་བྱིས་པ་འདོན་པའི་གནད་དོན་འདིའི་སྟེང་ཉམས་ཞིབ་བྱས་ཡོད། དེ་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་ལོག་རྟོག་ཆེན་པོ་གཉིས་སེལ་ཐུབ་པ་བྱུང་སྟེ་སྤྱི་ཚོགས་ཀྱི་ཕན་བདེར་ཞབས་འདེགས་བླ་ན་མེད་པ་ཞུས་ཐུབ་པ་བྱུང་ཡོད། དེ་སྔ་ཡིན་ན་འདོད་རྔམས་ཀྱི་རྐྱེན་པས་རྒྱ་གར་གྱི་བྱིས་པ་བུ་མོ་ས་ཡ་མང་པོ་གསོད་པའི་ལས་ལ་ཞུགས་ཀྱི་ཡོད། ཁྱིམ་ཚང་ཞིག་ལ་བུ་མོ་ཞིག་སྐྱེས་ཚེ་སྡུག་པ་ཡིན་པ་དང་། དེ་ཡང་གཙོ་བོའི་རྐྱེན་དེ་བྱིས་པའི་ཨ་མ་རྣམས་ཡིན་པ་སྤྱི་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཨ་མ་ཤིན་ཏུ་མང་པོར་གདུག་རྩུབ་ཕོག་ཡོད། འོན་ཀྱང་ཚན་རིག་གིས་འདི་སྟེང་ཉམས་ཞིབ་བྱས་ཏེ་བྱིས་པ་ཕོ་མོ་གང་ཞིག་སྐྱེ་མིན་ཕའི་ས་བོན་གྱིས་ཐག་གཅོད་པ་ལས་མའི་མངའ་གྱིས་ཐག་གཅོད་ཀྱི་མེད་པ་གསལ་བསྒྲགས་བྱས་ཏེ་ལོག་རྟོག་ཆེན་པོ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གནས་པ་དེ་ད་ལྟའི་ཆར་བདེན་པ་གང་ཞིག་ཡིན་པ་དེ་གསལ་བཤད་བྱུང་ཡོད། གལ་ཏེ་བྱིས་པ་བུ་མོ་སྐྱེས་པ་དེ་ནག་ཉེས་ཡིན་ན་ནག་ཉེས་དེ་དག་སྐྱེས་པ་ལས་བྱུང་བ་མ་གཏོགས་བུད་མེད་ལས་རྩ་བ་ནས་བྱུང་མེད། དེར་བརྟེན་ཉམས་ཞིབ་ཀྱི་འཚོལ་རྙེད་དེར་དགོས་པ་རླབས་པོ་ཆེ་ཡོད་པ་ང་ཚོས་གསལ་པོ་མཐོང་ཐུབ་ཀྱི་ཡོད།། དེ་བཞིན་ཡང་རྒྱ་གར་བ་མང་ཆེ་བས་མངལ་ལས་བྱིས་པ་འདོན་པ་དེ་སུས་བྱེད་ཀྱི་ཡོད་པ་བཅར་འདྲི་མི་ཉུང་བ་ཞིག་བྱས་པ་ན་མང་ཆེ་བས་ཁྱིམ་ཚང་ཉམ་ཆུང་དེ་ཚོས་བྱེད་ཀྱི་ཡོད་སཀོར་དང་། དེ་བཞིན་ཤེས་ཡོན་མེད་པ་ཚོས་བྱེད་ཀྱི་ཡོད་པ།དེ་བཞིན་གྲོང་གསེབ་པ་དེ་ཚོས་བྱེད་ཀྱི་ཡོད་སཀོར་ལན་བརྒྱབ་ཤག་ཤག་བྱས་ཡོད། འོན་ཀྱང་འདི་སཀོར་ཉམས་ཞིབ་མཐིལ་ཕྱིན་པ་བྱས་རྗེས་རྙེད་དོན་ནི་དེ་ལས་ལྡོག་སྟེ་བྱུང་བ་བཤད་ཡོད། ནག་ཉེས་ཀྱི་ལས་དོན་བྱེད་མཁན་དེ་དག་ཉམ་ཆུང་རྣམས་མིན་ལ་ཕལ་ཆེ་བ་མི་ཚང་ཕྱུག་པོ་རྣམས་ཡིན་ཅིང་། དེ་བཞིན་ནག་ཉེས་དེ་དག་གསོག་མཁན་གྲོང་གསེབ་པ་རྣམས་མིན་ལ་ཕལ་ཆེ་བ་གྲོང་ཁྱེར་བ་རྣམས་ཡིན་ཅིང་། དེ་བཞིན་ནག་ཉེས་དེ་དག་གསོག་མཁན་ཤེས་ཡོན་མེད་མཁན་རྣམས་མིན་ཅིང་། གཙོ་བོ་ཤེས་ཡོན་ཡོད་མཁན་རྣམས་ཡིན་པ་གསལ་བཤད་བྱུང་ཡོད། གཏེ་བོ་དེ་དག་དེང་གི་དུས་སུ་ཁྲིམས་སུ་གཏུགས་ཏེ་ཁྲིམས་གཅོད་བྱེད་བཞིན་པ་ལགས་སོ། །དེས་ན་བསམ་པ་ནི་ཤེས་ཡོན་གྱི་ས་བོན་ལ་ཆུ་ལུད་དྲོད་གཤེར་བྱིན་པ་ལྟ་བུ་ཡིན། །རྒྱུ་མཚན་བཀོལ་ཏེ་རིག་པ་གསར་པ་རྙེད་པ་དེ་རིགས་ལ་བསམ་བྱུང་གི་ཤེས་རབ་ཟེར། བསམ་པ་བསྟེན་པའི་སྒོ་ནས་སློབ་སྦྱོང་བྱེད་སྟངས་འདི་རིགས་ལ་དབང་རྣོན་གྱི་སློབ་སྦྱོང་བྱེད་སྟངས་ཟེར་རོ། །འདིས་ཀྱང་ཆོག་ཤེས་མི་བྱེད་པར་ཡང་ཡང་འདྲིས་ཏེ་སྒོམ་པ་བསྟེན་དགོས་པ་ཡིན་ནོ།། གསུམ་པ་སྒོམ་པའམ་གོམས་པ་ནི། ཡང་ནས་ཡང་དུ་བསླབས་ཟིན་སློབ་ཚན་རྣམས་ལ་གོམས་འདྲིས་བྱེད་པའི་དོན་ཡིན།སློབ་ཚན་གྱི་རིགས་མི་ཉུང་བ་ཞིག་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་ཀྱང་། ཡོན་ཏན་དང་པོ་སློབ་པར་དཀའ། །ཤེས་བཞིན་མེད་ན་ཉམས་པར་སླ། །ཆུ་ཐིགས་བསགས་པ་འགེངས་དཀའ་ཡང་། །བོ་ན་ཅིག་ཅར་ཉིད་དུ་འཛད། །ཅེས་གསུངས་པ་བཞིན་གལ་ཏེ་ཡང་ནས་ཡང་དུ་གོམས་འདྲིས་བསྟེན་མ་ཐུབ་ན་མ་བསླབ་པ་དང་ཁྱད་པར་མེད་པར་འགྱུར་ཉེན་ཆེ། དེར་བརྟེན་ཤེས་ཡོན་སྟེང་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་བསྟེན་པ་དེར་སྒོམ་པའམ་གོམས་པ་ཟེར།། ༸གོང་ས་༸སྐྱབས་མགོན་ཆེན་པོས་དགེ་བའི་བཤེས་གཉེན་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེར་འདི་ལྟར་བཀའ་བརྩད་གནང་བ། ཁྱེད་ཀྱིས་ལོ་ངོ་བཞི་བཅུའི་གོང་དུ་སྦྱངས་ཟིན་པ་རྣམས་ཀྱང་ཁ་སང་དེ་རིང་སྦྱངས་པ་ལྟ་བུ་གསུང་ཐུབ་ཀྱི་འདུག་ཅིང་། ངོས་ལ་འདི་ལྟར་འོང་གི་མི་འདུག་གསུངས་སྐབས། བཀའ་ལན་དུ། ཡང་ཡང་མ་འདྲིས་བརྩོན་འགྲུས་སྐྱོན།།ཞེས་གསུངས་ཡོད། དེས་ན་སློབ་གཉེར་བ་རྣམས་ཀྱིས་རང་ཉིད་གང་ལ་མོས་པའི་སློབ་ཚན་དེར་ཡང་ཡང་འདྲིས་པར་བྱས་ཏེ་གོམས་པ་བསྟེན་ཐུབ་ན་ཤེས་བྱ་ལ་མངའ་རྙེད་ཐུབ་ངེས་ཡིན། །ལྡོག་ཕྱོགས་ཀྱི་སྒོ་ནས་བཤད་ན། ཡང་ཡང་འདྲིས་པར་བར་ཆད་གཏོང་མཁན་སྟོབས་དང་ལྡན་པ་དེ་ནི་སློབ་ཚན་ལ་དགའ་མོས་སྐྱེ་མ་ཐུབ་པ་དང་། ལེ་ལོ་གཉིས་ཡིན་པ་རེད། སྔོན་གྱི་མེས་པོའི་བསླབ་བྱར། མ་ཉལ་མ་ཉལ་བུ་མ་ཉལ། ཉལ་བའི་བུ་ལ་ཡོན་ཏན་མེད།ཅེས་དང༌།ཕོ་བཟས་ནས་མི་ཕུང་། ཉལ་ནས་ཕུང་། ཞེས་དང་། ས་པཎ་གྱིས། ལེ་ལོ་ཅན་ལ་ཆུ་ཡང་རིང་། །ཞེས་དང་། མདོ་ལས་ཀྱང་། གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་སོགས་ལས་ལེ་ལོའི་སྐྱོན་གནད་གསལ་བར་མཐོང་ཐུབ། འདི་ཡི་གཉེན་པོ་གཙོ་བོ་ནི་གོང་དུ་བཤད་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་རྟག་སྦྱོར་གྱི་བརྩོན་འགྲུས་ལགས་སོ།། རྗེ་བཙུན་མི་ལས་དྭགས་པོ་ལྷ་རྗེར་གདམས་ངག་གི་ཡང་སྙིང་བུམ་པ་གང་བྱོའི་ཚུལ་དུ་བྱིན་ཟིན་ན་ཡང་ད་དུང་གདམས་ངག་གཅིག་ལྷག་ཡོད་པ་དྭགས་པོ་ལྷ་རྗེ་ཁོ་ནར་བྱིན་རྒྱུ་ཡིན་པ་དེ་ནི་ཞམ་འབོགས་ཀྱི་སྐུ་ཤ་ཟད་དེ་རུས་ལ་ཐུག་པ་བསྟན་པ་དེ་ཡིན་པ་རེད། དེར་བརྟེན་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་སྒྲུབ་ཀྱང་ལེ་ལོའི་གཞན་དབང་དུ་མ་སོང་བ་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རང་རེའི་སྲོལ་རྒྱུན་གྱི་ཐབས་ལམ་དུ་འཆད་རྩོད་རྩོམ་གསུམ་ཤོད་ཀྱི་ཡོད་ཅིང་། འདིར་བཤད་པའི་སྒོམ་པ་ནི་རགས་པའི་དབང་དུ་བྱས་ན་རྩོམ་པ་ལས་བྱུང་བའི་ལག་རྗེས་དང་རྗེས་སུ་མཐུན། དེ་བཞིན་མཁས་བཙུན་བཟང་གསུམ་གྱི་དབང་དུ་བྱས་ན་རགས་པའི་དབང་དུ་བྱས་ན་བཙུན་པའི་ཆར་གཏོགས་ཡིན། ཤེས་བྱ་དང་ཡོན་ཏན་གཉིས་ཀྱི་དབང་དུ་བྱས་ན་གཙོ་བོ་ཡོན་ཏན་གྱི་ཁོངས་སུ་གཏོགས། ལུང་རིགས་གཉིས་ཀྱི་དབང་དུ་བྱས་ན་རིགས་པའི་ཁོངས་སུ་གཏོགས། བཤད་སྒྲུབ་གཉིས་ཀྱི་དབང་དུ་བྱས་ན་སྒྲུབ་པའི་ཁོངས་སུ་གཏོགས། སད་སྨིན་རྫོགས་གསུམ་གྱི་དབང་དུ་བྱས་ན་རྫོགས་པའི་གནས་སྐབས་ཤིག་ཡིན། དབང་ལུང་མན་ངག་གི་དབང་དུ་བྱས་ན་མན་ངག་མཐར་ཕྱིན་གྱི་ཁོངས་སུ་བསྡུས་པ་ལགས་སོ། །དེས་ན་སྒོམ་པ་ནི་ཤེས་ཡོན་གྱི་འབྲས་བུ་སྨིན་པ་ལྟ་བུ་ཡིན། །ཐོས་བསམ་སྒོམ་གསུམ་གྱི་ཐ་སྙད་མཇལ་མ་ཐག་འགའ་ཞིག་གིས་ཆོས་ཀྱི་སཀོར་ཁོ་ན་ལ་གོ་བ་ལེན་དགོས་པར་བསམ་པ་ནི་ཧ་ཅང་གི་རྟོག་པ་རྩིང་བའི་རྣམ་འགྱུར་ཞིག་ཏུ་ངོས་འཛིན་མི་བྱེད་མཐུ་མེད་ཡིན། མདོར་ན་ཤེས་ཡོན་ལམ་སྲོལ་ནང་ཤེས་ཡོན་ལ་འཇུག་པའི་རིམ་པ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་ཅིས་ཀྱང་དགོས་ཤིང་། ཆོས་ཕྱོགས་ནས་བཤད་ན་བཤད་སྒྲུབ་ཟུང་དུ་སྦྲེལ་དགོས་པ་དེ་ཡིན། ལམ་རིམ་ནས་གསུངས་པ་བཞིན་དཀྱུས་ས་གཞན་དང་རྒྱུག་ས་གཞན་དུ་བྱས་པས་འབྲས་བུ་བཟང་པོ་ལག་ཏུ་སྨིན་པ་མི་ཡོང་ངོ་།།༝༝ ༣ ཤེས་ཡོན་ཞེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་། སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་ཐབས་ཚུལ་གཉིས་ཕན་ཚུན་ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱ་རྒྱུ། ༢།༣ ཤེས་རབ་ཅེས་པ་ནི་ཡུལ་ལ་སྤུ་རིས་འབྱེད་པའི་བློ་ཞིག་ལ་ཟེར། སྤུ་རིས་འབྱེད་པའི་དོན་ནི་ཁ་དོག་ལ་མཚོན་ན་སྔོ་སེར་དཀར་དམར་སོགས་གང་ཡིན་ངོས་འཛིན་བྱེད་པའི་ཤེས་པ་དང་། དེ་བཞིན་མཐར་གཏུགས་ན་རྡུལ་ཕྲན་ངོས་འཛིན་བྱེད་པའི་ཤེས་པ་བར་སླེབས་ཐུབ། དབྱིབས་ལ་མཚོན་ན་སྒོར་མོ་ཟླུམ་པོ་རིལ་རིལ་ཟུར་གསུམ་གྲུ་བཞི་སོགས་གང་ཡིན་ངོས་འཛིན་བྱེད་པའི་ཤེས་པ་དང་། ཁྱད་ཆོས་ལ་མཚོན་ན་བཟང་པོ་ངན་པ། རིང་པོ་ཐུང་ཐུང་། ཆེན་པོ་ཆུང་ཆུང་། མཐོན་པོ་དམའ་བོ་ལ་སོགས་གང་ཡིན་ངོས་འཛིན་བྱེད་པའི་ཤེས་པའི་བྱ་བ་དེ་ལ་སྤུ་རིས་འབྱེད་པ་ཟེར། མཐར་གཏུགས་ན་དངོས་པོ་རང་རང་གི་རང་བྱུང་གི་གནས་ལུགས་གང་ཞིག་ཡིན་པ་ཤེས་ཐུབ་པའི་སྤུ་རིས་འབྱེད་པའི་རྣམ་དཔྱོད་བར་སླེབས་ཐུབ་པ་ཡིན། གོང་གསལ་མངོན་སུམ་གྱི་ཡུལ་ལ་སྤུ་རིས་འབྱེད་པའི་ཐབས་ལམ་ནི་ཕྱིའི་འཕྲུལ་རིག་བེད་སྤྱོད་བྱས་ཏེ་སྤུ་རིས་འབྱེད་སྟངས་གཅིག་དང་། ནང་གི་བློའི་ནུས་པ་གོང་འཕེལ་དུ་གཏོང་བའི་སྒོ་ནས་ཡུལ་ལ་སྤུ་རིས་འབྱེད་སྟངས་བཅས་གཙོ་བོ་དེ་གཉིས་སུ་བསྡུས་པ་ཡིན། དང་པོ་དེ་ནི་ཆེ་ཤེལ་གྱི་འཕྲུལ་རིག་བེད་སྤྱོད་བྱེད་པ་ལ་བརྟེན་ནས་ཆུང་ཆུང་ཆེན་པོར་བཟོས་ཏེ་ཆུང་བའི་མཐར་ཐུག་པ་ངོས་འཛིན་བྱེད་ཐུབ་པའི་ཤེས་པ་སྐྱེ་བ་དང་། ས་བཀྲ་བེད་སྤྱོད་བྱས་ཏེ་ཆེན་པོ་ཆུང་ངུར་བཟོས་ཏེ་ཆེ་བའི་མཐར་ཐུག་པ་ངོས་འཛིན་ཐུབ་པའི་ཤེས་པ་སྐྱེ་བ་དང་། དེ་བཞིན་རྒྱང་ཤེལ་གྱི་འཕྲུལ་རིག་བེད་སྤྱོད་བྱས་ཏེ་ཐག་རིང་གི་དངོས་པོ་ཉེ་བར་བཟོས་ཏེ་ཐག་རིང་གི་མཐར་ཐུག་པའི་གཟའ་སྐར་རྣམས་ཀྱི་གནས་ཚུལ་ཡང་མངོན་སུམ་མིག་གི་སྤྱོད་ཡུལ་དུ་འགྱུར་བཞིན་པའི་ཤེས་པ་སྐྱེ་བ་དང་བཅས་ནི་ཚན་རིག་གི་ལམ་ནས་དངོས་པོ་སྤུ་རིས་འབྱེད་པའི་ཤེས་པར་གྲོགས་བྱེད་མཁན་གྱི་མཐུན་རྐྱེན་རྣམས་ཡིན་ཡང་ཤེས་རབ་དངོས་སྐྱེ་བ་ལ་དེ་ཙམ་ནུས་པ་མེད། གང་ཡིན་ཟེར་ན་བཟང་ངན་འབྱེད་པའི་རྣམ་དཔྱོད་ནི་ནང་གི་སྤུ་རིས་འབྱེད་པའི་བློའི་ནུས་པ་ཞིག་ཡིན་ན་ཕྱི་དངོས་པོས་ནང་གི་ཤེས་པ་ཇེ་རྣོར་གཏོང་ག་ལ་ཐུབ། དེར་བརྟེན་ནང་གི་སྤུ་རིས་འབྱེད་པའི་བློའི་ནུས་པ་གོང་མཐོར་སྤེལ་བ་ལ་བསམ་བློ་བཟང་པོའི་ཆ་གོང་མཐོར་སྤེལ་དགོས་པ་ཡིན།། ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་སྐྱེ་བ་ལ་གལ་ཆེན་ནང་གི་གལ་ཆེན་དེ་ནི་ཐོས་པའི་ཤེས་རབ་དེར་སྒྲོ་འདོགས་དཔྱད་དེ་བསམ་པའི་ཤེས་རབ་སྐྱེ་བར་བྱེད་རྒྱུ་དང་། དེ་ལ་ཡང་ནས་ཡང་དུ་གོམས་པར་བྱས་ཏེ་གོམས་པ་ལས་བྱུང་བའི་ཤེས་རབ་སྐྱེ་བ་བྱེད་རྒྱུ་དེ་ཡིན། དེ་ནས་ཕྱི་ནང་ཐུན་མོང་གི་དབང་དུ་བྱས་པ་ཡིན་ན་ལྷ་མོ་དབྱངས་ཅན་མར་གསོལ་བ་འདེབས་རྒྱུ་དང་། ནང་པ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་སྟེ་དྷིའི་གཟུངས་སྔགས་འདྲེན་པ་བྱེད་རྒྱུ་སོགས་ཡོད་པ་ཡིན། སྤྱིར་ན་ཤེས་རབ་ཡིན་ན་བཟང་བ་ཡིན་པའི་ངེས་པ་ག་ལ་ཡོད་དེ་ཤེས་རབ་ཉོན་མོངས་ཅན་ཡང་ཇི་སྙེད་ཅིག་ཡོད། འོན་ཀྱང་ནམ་ཞིག་བློའི་ནུས་པ་བཟང་ཕྱོགས་སུ་འཕེལ་རྒྱས་བྱེད་ཐུབ་པའི་ཤེས་རབ་ཅིག་བྱུང་ན་ནི་ཤེས་རབ་དེ་ཉིད་བདེ་སྐྱིད་ཀྱི་རྩ་བར་ཆགས་པ་ཡིན། ཤེས་རབ་ཙམ་ནི་བྱའི་གཤོག་པ་ཡ་གཅིག་ལྟ་བུ་ཡིན་པས་ཤེས་བྱའི་ནམ་མཁའ་ལ་འཕུར་ལྡིང་བྱས་ཏེ་གཞན་ཕན་གྱི་ནམ་འཕང་གཅོད་མི་ཐུབ། དེས་ན་གོང་བཤད་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་དེ་སེམས་རྒྱུད་རབ་ཏུ་ཞི་བའི་ཐབས་དང་ངེས་པར་དུ་སྦྱར་དགོས། དེ་ལྟར་མིན་ན་རང་གཞན་ཀུན་ལ་ཕན་པའི་ངེས་པ་མེད་པས་ཤེས་རབ་དེ་ཉིད་བདེ་སྐྱིད་ཀྱི་རྩ་བར་ཇི་ལྟར་གྱུར་པ་ལགས་སོ།། སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་མན་ངག་དེ་ལ་ཐབས་ཟེར། འདི་ལ་སྤྱོད་པ་ཡང་ཟེར། བོད་ཀྱི་གཏམ་དཔེར། ལྟ་བ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས། ཟེར་བ་ལྟར་ལྟ་བའམ་ཤེས་རབ་དེ་ཇི་ཙམ་བཟང་ཡང་སྤྱོད་པས་མ་སྤྲས་ན་གཞན་ཕན་སྒྲུབ་པར་དེ་ཙམ་མཁོ་བའི་ངེས་པ་མེད། འོ་ན་སྤྱོད་པའམ་ཐབས་ཟེར་ན་ག་རེ་རེད་ཟེར་ན། ལུས་ངག་ཡིད་གསུམ་གྱི་བྱ་བ་གང་ཞིག་བྱས་ཀྱང་རང་སྐྱིད་མིས་སྨོན་གྱི་དང་བ་འདྲེན་ཐུབ་པའི་རྣམ་འགྱུར་ཞིག་ལ་སྤྱོད་པ་ཡ་རབས་དང་སྤྱོད་པ་བཟང་པོ་ཟེར། ཐ་ན་ཁང་པའི་སྒོ་ཞིག་འབྱེད་པའི་གནས་སྐབས་ཡིན་ནའང་།སྤྱོད་འཇུག་ནས་གསུངས་པ་བཞིན། ཁྲི་ལ་སོགས་པ་བབ་ཅོལ་དུ། །སྒྲ་དང་བཅས་པར་མི་དོར་རོ། །སྒོ་ཡང་དྲག་ཏུ་མི་དབྱེ་སྟེ།།རྟག་ཏུ་གཅོམ་སྐྱུང་དགའ་བར་བྱ། །ཞེས་ཁྲི་དང་མལ་སྟན་ལ་སོགས་པ་འཇོག་ཚེ་བབ་ཅོལ་དུ་རྡིག་སྒྲ་ཤུགས་ཆེ་བ་དང་། སྒོ་རྒྱག་པ་དང་ཕྱེ་བའི་སྐབས་གྲོགས་པོ་འདྲོག་དགོས་པའི་ཚོད་ཙམ་མི་བྱེད་པར་དལ་པོར་བྱེད་དགོས། དེ་ལྟ་བུའི་རྡིག་སྒྲ་དང་ཏོག་སྒྲ་བྱས་ན་མི་ང་རྒྱལ་ཆེན་པོ་ལྟ་བུར་སྣང་བས་གུས་པའི་རྣམ་འགྱུར་དེ་ཡལ་བར་འགྱུར་ཞིང་། རྟག་ཏུ་གཅོམ་སྐྱུང་ཞེས་པ་ང་རྒྱལ་བཅག་ནས་གཉོམ་ཆུང་བྱ་དགོས་པར་གསུངས་པ་ཡིན།། ངག་ལ་མཚོན་ན་མི་ཆོས་གཙང་མ་བཅུ་དྲུག་ནས་གསུངས་པ་བཞིན་ངག་འཇམ་ཞིང་བློ་ཁོག་ཡངས་པ་དང་། ཡིད་ལ་མཚོན་ན་སྙིང་རྗེ་དང་གཞན་ཕན་ལས་གནོད་སེམས་དང་འགྲན་སེམས་ཕྲག་དོག་ལྟ་བུས་ཅིས་ཀྱང་མ་བསླད་པ་ཞིག་དགོས། དེ་ལྟར་བྱུང་ན་ཤེས་རབ་དེ་ཡང་བཟང་ཕྱོགས་སུ་འགྲོ་བར་ངེས་པས་ཐབས་ཤེས་ཟུང་དུ་འབྲེལ་བ་ཟེར་བ་ཡིན། མི་དེ་རིགས་ནི་ཤེས་ཡོན་གྱི་ངོ་བོ་ཚང་བའི་སྐྱེས་བུ་ཞིག་ཡིན་པར་བརྟེན་ཤེས་ཡོན་མཐར་ཐུག་པ་དེ་ཡིན་ཞིང་། འདི་ལྟར་ཆགས་པ་ལ་རྣམ་པ་ཐམས་ཅད་དུ་འབད་པ་བརྒྱ་ཕྲག་གིས་བརྩོན་དགོས་པ་ལགས་སོ། །ཆོས་ཀྱི་གཞུང་ལྟར་ན། བཟང་པོའི་སྤྱོད་ལམ་ལ་ཚུལ་ཁྲིམས་ཟེར་ཞིང་། ཚུལ་ཁྲིམས་ལྡན་པའི་སྐྱེས་བུ་དེ་ལ་སེམས་རྩེ་གཅིག་པའི་ཏིང་ངི་འཛིན་སྐྱེ་ཞིང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལྡན་པའི་སྐྱེས་བུ་ལ་ཤེས་རབ་སྐྱེ་བར་གསུངས་ཡོད། དེར་བརྟེན་ཤེས་རབ་སྐྱེ་བ་ཙམ་ལ་ཡང་སྤྱོད་ལམ་ཇི་ཙམ་གལ་ཆེན་ཡིན་པ་གསལ་སྟོན་བྱས་ཡོད། སློབ་ཕྲུག་རྣམས་ནས་ཕ་མ་དང་རྒན་རབས། ལྷག་པར་རང་གི་དགེ་རྒན་ལ་གུས་པ་ཆེན་པོ་བྱེད་པ་དེ་ཐབས་ཀྱི་ཆ་གལ་ཆེན་ཞིག་ཡིན་ཅིང་། ད་དུང་དེ་ཡི་སྟེང་དུ་འཚེ་མེད་ཞི་བའི་ལམ་རྣམ་པ་ཐམས་ཅད་དུ་བསྟེན་དགོས། ལུས་ངག་གཉིས་འཚེ་བ་མེད་པ་ཙམ་དུ་མ་ཟད་གཙོ་བོ་ནི་ནང་གི་སེམས་དེར་གཞན་ལ་གནོད་པའི་སེམས་མེད་པ་ཞིག་དགོས། གཱན་དྷཱི་ལྟ་བུར་མཚོན་ན་ཚངས་སྤྱོད་བསྟེན་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེན་གསུངས་ཡོད། དེ་ལ་བརྟེན་ནས་ཤེས་རབ་ཟབ་གསལ་མྱུར་གསུམ་གོང་མཐོར་འཕེལ་ཐུབ་ཅིང་། དེ་ཡི་འབྲས་བུར་སློབ་སྦྱོང་གང་ཞིག་བྱས་ཀྱང་ཁུར་དུ་མི་འགྲོ་བར་རྒྱན་དུ་འགྲོ་བ་ལགས་སོ།། ༤ ཤེས་ཡོན་ཞེས་པ་སྤྱི་སྒེར་གྱི་ཚུལ་མིན་བྱ་སྤྱོད་བཟང་སྤྱོད་དུ་སྒྱུར་བྱེད་ཀྱི་ནང་གི་འཕྲུལ་རིག་གཙོ་བོ་ཞིག་ལ་ངོས་འཛིན་བྱ་རྒྱུ། ༢།༤ སྤྱིར་ན་ཤེས་ཡོན་ཞེས་པ་ཕྱི་ནང་གཉིས་ཀར་བཤད་དུ་ཡོད་པ་གོང་དུ་བཤད་ཟིན་པ་དེ་ལྟར་ལགས་མོད། གཙོ་བོ་ནི་ནང་གི་ཡོན་ཏན་ལ་གོ་བ་ཡིན། གནའ་དེང་གི་ཤེས་ཡོན་ཇི་ཙམ་ཕུན་སུམ་ཚོགས་པོ་ཡོད་ན་ཡང་དེ་ཡིས་རང་དང་གཞན་གྱི་སྒོ་གསུམ་གྱི་བྱེད་ལས་བཟང་ཕྱོགས་སུ་སྒྱུར་མི་ཐུབ་པ་དང་། གསར་གཏོད་ཀྱི་རྣམ་དཔྱོད་མེད་ཚེ་དེ་ཙམ་དོན་གོ་མི་ཆེ། ལྷག་པར་རང་དང་གཞན་གྱི་སྤྱི་ཚོགས་ནང་དགེ་འདོན་སྐྱོན་སེལ་ལམ་བླང་དོར་འབྱེད་པའི་ལས་ལ་ཞུགས་མ་ཐུབ་ན་ཤེས་ཡོན་སློབ་སྦྱོང་གི་དགོས་པ་གཏན་ནས་མ་གྲུབ། དེར་བརྟེན་ཤེས་ཡོན་གྱི་བསྟི་གནས་ཁག་དང་དགེ་རྒན་མང་པོའི་མདུན་ནས་ལོ་མང་བསྒྲིམས་ཏེ་ཤེས་བྱ་ཡོན་ཏན་བྲེ་གསོག་འཕུལ་གསོག་བྱས་པ་རྣམས་རང་དང་རང་གི་སྤྱི་ཚོགས་ཀྱི་ནང་དུ་བེད་སྤྱོད་བཏང་སྟེ་ནོར་བ་ཡོ་བསྲང་དང་། ཆད་པ་ཁ་སཀོང་། ལྷག་པ་སྤོང་བར་བྱེད་པའི་ལས་ལ་ཞུགས་ཏེ་སྤྱི་ཚོགས་དག་ཐེར་གཏོང་དགོས། དེ་ལྟར་འོང་བ་ལ་ཐོག་མར་རང་ཉིད་ཀྱིས་རང་ཉིད་ལ་དག་ཐེར་མཐར་ཕྱིན་པ་ཞིག་བྱེད་དགོས་ཤིང་། དེ་ནས་གཞན་ལ་ལམ་སྟོན་དང་དཔེ་སྟོན་བྱེད་ཐུབ་པ་ཡིན།། དེ་ཡང་སྤྱི་ཚོགས་ཤིག་ལ་དྲང་བདེན་ནི་ཤིན་ཏུ་གལ་ཆེན་ཡིན་ཞིང་། དྲང་བདེན་ཚད་ལྡན་ཞིག་འོང་བ་ལ་ཐོག་མར་རང་ཉིད་རྐུ་དང་རྫུན་མི་ཤོད་མཁན་དང་། ཉེ་རིང་མི་བྱེད་མཁན། ཉམ་ཆུང་ལ་དམིགས་བཀར་ལྟ་རྟོག་བྱེད་མཁན། མཐོ་བ་ལ་ཕྲག་དོག་མི་བྱེད་མཁན། རང་སྐྱོན་གཞན་ལ་བསྙོན་འཛུགས་མི་བྱེད་མཁན། གཞན་ལ་ཆེ་མཐོང་བྱེད་མཁན། དེ་དག་གི་སྟེང་དུ་གཞན་རྣམས་ཀྱང་གོང་གསལ་གྱི་ལམ་དུ་འཇུག་པར་བྱེད་མཁན་དང་། དེ་ལས་ལྡོག་པ་བྱེད་མཁན་རྣམས་བློ་ཁོག་ཆེན་པོས་ཐེར་འདོན་བྱས་ཏེ་དཀར་ནག་ཤན་ཕྱེ་བའི་སློབ་གསོ་སྤྲོད་ཐུབ་པ་བྱེད་དགོས། མ་མཐར་ཡང་རང་གི་ཕྲག་སྟེང་དུ་བབ་པའི་ལས་འགན་རྣམས་ཕྱི་བཤོལ་དང་སྒྱིད་ལུག་མི་བྱེད་མཁན་དང་། གཞན་དེ་ལྟར་དུ་བྱེད་མཁན་རྣམས་ཀྱང་སྣང་མེད་ཡལ་བར་དོར་བ་མ་ཡིན་པར་བརྩེ་བས་སྐྱོང་ལ་མཁས་པ་ཞིག་དགོས་སོ། །རང་རེ་བཙན་བྱོལ་ནང་གི་བོད་མིར་མཚོན་ན་ད་ལྟའི་ཆར་རྒྱན་རྩེད་ལ་རོལ་ཏེ་རང་གཞན་གྱི་མི་ཚེ་ཆུད་ཟོས་གཏོང་མཁན་ཡད་མི་ཉུང་བ་ཞིག་ཡོད་པ་རེད། རང་ཉིད་དེ་རིགས་ནམ་ཡང་མ་རེད་པ་བྱེད་དགོས།། ཕྱོགས་གཅིག་ནས་ར་སྒྲེང་རྒན་པོ་ཚོས།གཞན་སྐྱོན་མི་བརྟག་རང་སྐྱོན་བརྟག །རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུངས། ཟེར་གྱི་ཡོད་ཀྱང་། གནས་སྐབས་འགའ་ཞིག་ཏུ་སྐྱོན་སེལ་མ་བྱེད་པ་ནོར་འཁྲུལ་ཆེན་པོར་གྱུར་པ་ཡང་ཇི་སྙེད་ཅིག་ཡོང་གི་ཡོད། དཔེར་ན། ཨ་རིའི་གནམ་གྲུ་སྐྱོན་ཅན་ཞིག་ནམ་མཁར་འཕུར་སྐབས། དེ་ནང་གི་ལས་བྱེད་ཅིག་གིས་གནམ་གྲུ་དེར་སྐྱོན་ཡོད་པ་ཤེས་ཀྱི་ཡོད་ཀྱང་འཛེམས་ཟོན་ལྟ་བུ་བྱས་ཏེ་། དེ་སཀོར་གནམ་གྲུའི་ཁ་ལོ་པར་མ་བཤད་པའི་རྒྱུ་མཚན་ལ་བརྟེན་ནས་རྗེས་སུ་གནམ་གྲུ་དེ་ནམ་མཁར་འཐོར་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཡོད་པ་རེད། གཞན་ལ་དྲང་པོའི་སྐྱོན་བརྗོད་བྱེད་པའི་གནས་སྐབས་སུ་སྐབས་རེ་རང་ཉིད་ཉེས་བརྡུང་གཟེད་པ་དང་། དེ་ལས་ལྷག་པ་སྐབས་རེ་རང་གི་སྲོག་འདོར་དགོས་པ་དེ་འདྲའང་ཡོང་གི་ཡོད།དེ་ཚོར་སྤྱི་ཚོགས་ཀྱི་དོན་དུ་རང་སྲོག་བློས་བཏང་བ་རེད་ཟེར་གྱི་ཡོད། བདེན་པ་ཡང་རེད། དཔེར་ན། རྒྱ་གར་སྲིད་ཟུར་ཨིན་ད་ར་གཱན་དྷཱི་ལྟ་བུ་ཡིན།། གཞན་ཡང་བོད་ལ་མཚོན་ན་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་མཐར་ཐུག་པ་བསྟན་ཕྱིར་རང་ལུས་ཞུགས་མེར་བསྒྲོན་པ་ད་ཆ་བརྒྱ་ལས་བརྒལ་བ་བྱུང་ཡོད། རང་ཉིད་གཞན་གྱི་མདུན་དུ་དཀར་པོ་ཆགས་ཕྱིར་འཛེམས་ཟོན་ལྟ་བུ་བྱས་ཏེ་ཚད་ལས་འདས་པའི་སྤྱི་ཚོགས་ལ་གྱོང་གུན་སྟེར་མཁན་རྣམས་ལ་ཤེས་ཡོན་ཅན་མི་ཟེར། འདི་ཚོ་ལ་བོད་ཀྱི་གཏམ་དཔེར་རི་བོང་རྡོ་བརྫུས་ཟེར། དེ་ཚོ་ནི་མཁས་པ་ཡིན་ཡང་ཤེས་ཡོན་ཅན་མིན། མི་འདི་རིགས་ཀྱི་རང་བཞིན་ནི་རང་ལས་མཐོ་བ་ལ་སྤྲེལ་ལད་དང་། རང་ལས་དམའ་བ་ལ་ཁྱད་གསོད། རང་དང་འདྲ་མཉམ་ལ་ཕྲག་དོག མདོར་ན་རང་དོན་ཁོག་ཏུ་བཅུག་སྟེ་གཞན་དོན་སྨིན་མ་ཟིང་ཟིང་བྱེད་མཁན་དུ་འགྱུར་བ་ཡིན། བཏབ་སར་མ་སྨིན་པའི་སྐྱེས་བུ་དེ་རིགས་མི་རུ་སྐྱེས་ཀྱང་དོན་གོ་ཆུང་། དེ་དག་ནི་ལེགས་སྦྱར་སྐད་ལྟར་ན་སྐྱེས་བུར་ཡང་གྱུར་མེད།སྐྱེས་བུའི་དོན་ནི་ནུས་ལྡན་ཡིན་ཅིང་། དེ་དག་ནི་རིགས་ཀྱི་དོན་སྒྲུབ་མི་ནུས་མཁན་ཤ་སྟག་ཡིན།དེ་དག་མང་ཆེ་བ་ནི་དཔོན་རིགས་ཀྱི་ཁོངས་སུ་གཏོགས་སོ།། ༥ ཤེས་ཡོན་ཞེས་པ་རང་གི་འཚོ་བ་དང་མི་ཚེ་སྐྱེལ་བྱེད་ཀྱི་ཐབས་ལམ་ཙམ་ཞིག་ཏུ་མི་འཛིན་པར། རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་བྱེད་དང་། ཁྱད་པར་སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱ་རྒྱུ། ༢།༥ ཤེས་ཡོན་ཞེས་པ་ནི་གཙོ་བོ་མིག་གིས་བལྟས་ཏེ་ཤེས་ཐུབ་པ་ཙམ་ལ་མི་ཟེར་ཞིང་། རང་གི་འཚོ་བ་དང་མི་ཚེ་ནི་མིག་གིས་བལྟས་ཏེ་གཞན་གྱི་ལད་མོ་བྱེད་པ་ཙམ་གྱིས་ཀྱང་འཁྱོལ་འགྲོ་བ་ཡིན། ཤེས་ཡོན་སྦྱངས་ཟིན་པའི་སྐྱེས་བུ་ཞིག་ཡིན་ན་རང་གཞན་གཉི་གར་རླབས་ཆེན་གྱི་ཕན་ཐོགས་བྱེད་ཐུབ་མཁན་གྱི་མི་ཞིག་ངེས་པར་དུ་ཡིན་དགོས། ཤེས་ཡོན་སྦྱངས་ཟིན་པའི་རྗེས་སུ་གཞན་དོན་ལྟ་ཅི་རང་དོན་ཡང་སྒྲུབ་མི་ཐུབ་མཁན་ཞིག་ཡིན་ན་ཤེས་ཡོན་དེ་ཡིས་ལས་མེད་ཁྱུ་ཚོགས་ཤིག་བསྐྲུན་པའི་ལས་ལ་མི་འདོད་བཞིན་དུ་ཞུགས་པར་ཐལ་བ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་གསར་བཟོ་བྱེད་དགོས་པའི་འཕྲལ་གྱི་རྐྱེན་གཅིག་ནི་དེ་སྔའི་བོད་མིའི་སློབ་གྲྭ་རྣམས་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ཀྱི་འོག་ཏུ་འགྲོ་དགོས་པ་དང་། དེ་ནི་མེ་ཁོ་ལེ་ཞེས་པའི་དབྱིན་ཇིའི་མཁས་པ་རྒྱ་གར་བ་གཡོག་ཏུ་བཀོལ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་བཟོས་པའི་ཤེས་ཡོན་སྲིད་བྱུས་དེ་ཉིད་ཡིན་ཅིང་། རྒྱ་གར་བ་བཞིན་དུ་ང་ཚོས་ཀྱང་ཐོག་མའི་ཛ་དྲག་གི་དུས་སུ་གཞན་གཡར་བྱས་པའི་ལམ་སྲོལ་ཆུ་ངན་ལམ་ཤོར་ལྟ་བུ་གོམས་གཤིས་སུ་འཇགས་ཏེ་དེ་ལས་གཞན་པའི་ལམ་སྲོལ་ཞིག་མ་རྙེད་དེ་མདོར་ན་རང་ཉིད་འཚོ་བ་དང་མི་ཚེ་སྐྱེལ་བྱེད་ཙམ་ལ་དམིགས་པ་ཡིན། དེའི་འབྲས་བུར་ལོ་ལྔ་བཅུའི་རྗེས་སུ་ཞིབ་འཇུག་བྱེད་པ་ན་བོད་མི་ན་གཞོན་འཚོ་བ་སྐྱེལ་ཐུབ་ཙམ་དང་། མི་ཚེ་སྐྱེལ་ཐུབ་ཙམ་གྱི་གྲངས་འབོར་ཤིན་ཏུ་མཐོ་ཡང་། ཕྱི་ནང་གི་ཤེས་ཡོན་སྟེང་ངོ་སོ་ཐོན་པའམ་ནམ་འཕང་གཅོད་ཐུབ་མཁན་གང་ཞིག་བཏབ་སར་སྨིན་པ་ནི་ཉིན་མོའི་སྐར་མ་ལྟ་བུ་གྱུར་དང་འགྱུར་བཞིན་པ་ཡིན། དེ་ལས་ལྡོག་སྟེ་ཀླད་སྟོང་ལས་མེད་ཀྱི་གྲངས་འབོར་ནི་འཇིགས་སུ་རུང་བའི་གནས་ལ་གྱར་ཡོད།། དེར་བརྟེན་ང་ཚོས་ཤེས་ཡོན་གྱི་ངོ་བོར་རྟོག་ཞིབ་ཚུལ་བཞིན་བྱེད་མ་ཐུབ་ན་དངུལ་དངོས་གསོག་སྒྲུབ་ལ་མཁས་པའི་སྐྱེས་བུ་དང་། སྤྲེལ་ལད་དང་ངོ་སོར་ཞུགས་པ་དང་། དེ་དག་གི་གཞན་དབང་དུ་གྱུར་པ་རྣམས་ལ་འཇོན་ཐང་ཅན་དང་ཤེས་ཡོན་ཅན་དུ་ངོས་འཛིན་བྱེད་ཉེན་ཆེ། མདོར་ན་ཤེས་ཡོན་ཅན་ནི་རང་དང་རང་གི་ཁྱིམ་ཚང་། རང་གི་སྤྱི་ཚོགས། རང་གི་གཞུང་དང་རྒྱལ་ཁབ་ཀྱི་སྲི་ཞུ་ལ་འགན་འཁྱེར་ཐུབ་མཁན་རྣམས་ལ་ཟེར་བ་ཡིན། སླར་ཡང་ཞུ་རྒྱུར་འབྲི་ཀློག་རྩིས་གསུམ་ཤེས་མཁན་དང་། ལག་འཁྱེར་མཐོན་པོ་འཛིན་མཁན་ཙམ་ལ་ཤེས་ཡོན་ཅན་མི་ཟེར།།༝༝༝༝༝ ༦ ཤེས་ཡོན་ཞེས་པ་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ངོས་བཟུང་ཞིང་སྤོང་བ་དང་། འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་བཟུང་ཞིང་སྒྲུབ་པ་སྟེ། བླང་དོར་གྱི་གནས་ལ་འཇུག་ལྡོག་བྱེད་པའི་ནུས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ། ༢།༦ སྤྱིར་ན་འཛམ་བུ་གླིང་པའི་མི་ཡི་བདེ་བ་དང་སྡུག་བསྔལ་གང་འདྲ་ཞིག་ཡིན་ཡང་དེ་དང་མཐུན་པའི་རྒྱུ་རྐྱེན་སྔོན་དུ་སོང་བ་ལ་ཡིད་ཆེས་བྱེད་པ་ནི་ཚན་རིག་དང་མཐུན་པའི་གཏམ་ཞིག་ཡིན་ཅིང་། ཤེས་ཡོན་བསླབ་པའི་དགོས་དམིགས་ཀྱང་རང་གཞན་ཀུན་ལ་འཕྲལ་ཕུགས་ཀུན་ཏུ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སྤོང་ཐུབ་པའི་ཆེད་དུ་ཡིན་པ་རེད། དེ་ལྟར་ཡིན་ན་ཡང་བདེ་བ་གང་ལས་བྱུང་བའི་རྒྱུ་གང་ཞིག་ཡིན་པ་དེ་སྒྲུབ་སྟངས་དང་། སྡུག་བསྔལ་གང་ལས་བྱུང་བའི་རྒྱུ་གང་ཞིག་ཡིན་པ་དེ་སྤོང་སྟངས་མ་ཤེས་ན་ཤེས་ཡོན་ལ་བརྟེན་ནས་བདེ་སྡུག་སྒྲུབ་སྤོང་གི་ཐབས་ལ་རྨོངས་པ་ཡིན། བདེ་སྡུག་སྒྲུབ་སྤོང་རྒྱུ་འབྲས་དང་སྦྱར་ཏེ་ས་གཞི་ཆེན་པོ་འདི་ཡི་སྟེང་དུ་ཐོག་མར་གསུང་མཁན་ནི་དྲང་སྲོང་གཽ་ཏ་མ་ཡིན་ཅིང་། སྟོན་པས་གང་ཞིག་གསུངས་པ་དེ་གཙོ་བོ་མངོན་མཐོ་ངེས་ལེགས་སྒྲུབ་པའི་ཆེད་དུ་གསུངས་ཀྱང་། ཐབས་ལམ་རྨད་དུ་བྱུང་བ་དེ་ནི་ང་ཚོས་ཀྱང་རང་གི་འཚོ་བའི་ནང་དུ་དངོས་སུ་བླངས་ཏེ་ཚེ་འདིའི་དོན་ཆེན་སྒྲུབ་པ་ལའང་ཤིན་ཏུ་ཕན་ཐོགས་ཆེན་པོ་འོང་བ་ཡིན། དེར་བརྟེན་བདེན་བཞིའི་ཐབས་ལམ་དེ་ཉིད་ཤེས་ཡོན་ལ་བརྟེན་ནས་བདེ་སྡུག་སྒྲུབ་སྤོང་ལ་སྦྱར་ན་འདི་འདྲ་ཞིག་དགོས་སོ།། དེ་ཡང་། ཐོག་མར་ཤེས་ཡོན་ཚུལ་བཞིན་དུ་སྒྲུབ་མ་ཐུབ་པའི་སྐྱོན་ཆའམ་ཉེས་དམིགས་རྣམས་ང་ཚོས་གསལ་པོར་ཤེས་དགོས། ཤེས་ཡོན་མེད་པའི་མི་དང་སྤྱི་ཚོགས། རྒྱལ་ཁབ་དང་བཅས་པར་དཀའ་ངལ་གང་ཞིག་ཡོད་པ་རྣམས་ཤེས་དགོས། ཤེས་ཡོན་ལ་ཡང་གཙོ་བོར་ཚེ་འདིར་ཕན་པའི་ཤེས་ཡོན་དང་ཚེ་ཕྱི་མ་ཕན་ཆད་ལ་ཕན་པའི་ཤེས་ཡོན་གཉིས་ཡོད། རང་རེ་བོད་ལ་མཚོན་ན་བོད་ས་མ་ཤོར་གོང་ཚེ་ཕྱི་མར་ཕན་པའི་ཤེས་ཡོན་ངོ་མཚར་རྨད་དུ་བྱུང་བ་ཡོད་ན་ཡང་ཤེས་ཡོན་དང་པོ་དེ་རྒྱལ་ཁབ་དང་མི་རིགས་གཞན་ལ་ལྟོས་ཏེ་ཆེས་རྗེས་ལུས་སུ་གྱུར་ཏེ་མཐའ་མ་སྲིད་པ་ཆགས་པ་ནས་བཟུང་སྟེ་བོད་ལ་བདག་པའི་བོད་ཀྱི་ལུང་པ་ཡང་རྒྱ་ནག་དམར་གཞུང་ལ་ཤོར་བ་རེད། དེ་དང་ཆབས་ཅིག་རིག་གནས་གསར་བརྗེའི་སྐབས་སྐད་ཡིག་རིག་གཞུང་དང་བཅས་པའང་མིང་གི་ལྷག་མར་གྱུར་ཡོད། འདི་ལས་ལྷག་པའི་ཤེས་ཡོན་མེད་པའི་ཉེས་དམིགས་ཤིག་ང་ཚོས་བགྲོ་གླེང་མི་དགོས་པའི་མཚམས་ལ་སླེབས་ཡོད། འོ་ན་འདི་དག་རྒྱུ་གང་ལ་བརྟེན་ནས་བྱུང་བ་རེད་ཅེ་ན། གཙོ་བོ་མི་རབས་གོང་མའི་ལས་ཀྱི་སྣེ་མོར་གཏོགས་པ་མང་ཆེ་བས་ཁྲོན་པའི་སྦལ་པའི་རྣམ་འགྱུར་བཟུང་སྟེ་ཐ་ན་དབྱིན་ཇི་སྦྱོང་བའི་སློབ་གྲྭ་ཡང་སངས་རྒྱས་ཀྱི་བསྟན་པར་གནོད་རབས་ཆེ་སཀོར་རི་བོང་གནམ་རྡིབས་ཀྱི་སེམས་ཁྲེལ་བྱས་ཏེ་སློབ་གྲྭ་བཙན་ཚུགས་ཀྱིས་སྒོ་བརྒྱབ་དགོས་བྱུང་བ་སོགས་དངོས་བྱུང་གི་ལོ་རྒྱུས་ཡོད་པ་རེད།། བོད་མཚོན་པའི་ཨེ་ཤི་ཡའི་ལུང་པ་ཕལ་མོ་ཆེར་དེང་རབས་རིག་གནས་སྦྱོང་བའི་སྒོ་དང་པོ་དེ་ནི་དབྱིན་ཇིའི་སྐད་ཡིག་སྦྱོང་རྒྱུ་དེ་ཡིན་པ་སྨོས་མེད་རེད། གང་ཡིན་ཟེར་ན། རིགས་པ་སྨྲ་བ་རྣམས་ཀྱིས་རིག་གནས་རེ་རེར་སྐད་ཡིག་ཁྱད་པར་བ་རེ་རེ་ཡོད་པར་ངོས་འཛིན་བྱེད་པ་ཡིན། དཔེར་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་སཀོར་ལ་དེང་གི་དུས་སུ་སློབ་གཉེར་ཆ་ཚང་བ་ཞིག་བྱེད་དགོས་ན་བོད་ཀྱི་སྐད་ཡིག་ལས་ལྷག་པ་ཞིག་མེད་ཅིང་། དེ་བཞིན་བོད་ལ་མཚོན་ན་དེང་རབས་ཀྱི་རིག་གནས་སྦྱོང་དགོས་བྱུང་ན་དབྱིན་སྐད་ལས་གཞན་པའི་སྐད་ཡིག་ཕན་ཐོགས་ཆེ་བ་ཞིག་མེད་པ་གསལ་པོ་རེད། ང་ཚོས་དབྱིན་སྐད་སྦྱོང་འགོ་དུས་རབས་གོང་མའི་འགོ་སྟོད་ནས་ས་བོན་བཏབ་ཀྱང་ལས་ཀྱི་སྣེ་མོར་གཏོགས་པ་ཀླད་མེད་རེ་ཟུང་གིས་རང་དོན་ཁོག་ཏུ་བཅུག་སྟེ་སྤྱི་དོན་སྨིན་མ་ཟིང་ཟིང་གི་རྣམ་ཐར་བསྐྱངས་ཏེ་བོད་ས་མ་ཤོར་བར་དུ་རྒྱང་སྐྱུར་བྱེད་དགོས་ཐུག་ཡོད། གོང་དུ་བཤད་པ་དེ་ནི་ཤེས་ཡོན་མེད་ན་དཀའ་ངལ་ག་རེ་ཡོང་གི་ཡོད་པ་དང་། དེ་ཉིད་རྒྱུ་གང་ལ་བརྟེན་ནས་འབྱུང་གི་ཡོད་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་བཀོད་པའོ།། ད་ནི་ཕྱི་ནང་གི་ཤེས་ཡོན་འཛོམས་ན་དགེ་མཚན་ནམ་ཕན་ཡོན་ག་རེ་ཡོད་པ་དེ་ཤོད་དགོས་པ་ཡིན། དེ་ཡང་ཕྱི་ཡི་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་བྱུང་ན་ཉི་ཧོང་བཞིན་དུ་བཙན་ཤེད་བྱེད་མཁན་རྒྱ་ནག་དམར་གཞུང་ལྟ་བུར་ཡང་མགོ་སྒུར་མི་དགོས་པ་ཡོང་བ་ཡིན། ཡུལ་མི་རྣམས་རང་བཞིན་འཇམ་ཞིང་སྨྲ་མཁས་པ་དང་། རང་གི་སྲོལ་རྒྱུན་གྱི་རིག་གཞུང་དང་། ཆབ་སྲིད་སྐད་ཡིག་ཚན་རིག་འཕྲུལ་རིག་དང་བཅས་ཐད་གཞན་རྣམས་འགྲམ་ཆུ་ལྡང་དགོས་པའི་གནས་ལ་གྱར་ཡོད། བོད་ཀྱི་གཏམ་དཔེར། ལུས་ལ་དཔའ་རྩལ་དགུ་འཛོམས་ན་སྐུ་གཟུགས་ར་ལས་ཆེ་མི་དགོས། ཟེར་བ་བཞིན་སའི་རྒྱ་ཁྱོན་རྒྱ་ནག་དང་བསྡུར་ན་བསྡུར་ས་མེད་པའི་ཚོད་ཙམ་ཡིན་ཡང་སྙིང་སྟོབས་དང་རྣམ་དཔྱོད་དགུ་སྒྱུར་གྱིས་ལྷག་པ་ལ་བརྟེན་ནས་རང་ས་རང་སྲུང་ཐུབ་པས་མ་ཚད་ཚེ་འདིའི་མངོན་འདོད་སྒྲུབ་པ་ལ་སྔོན་ཐོན་ཆགས་ཡོད། ཤེས་ཡོན་ཕུན་སུམ་ཚོགས་པར་གྱུར་ན་ང་ཚོ་ཡང་ཉི་ཧོང་བཞིན་རང་གི་ལུང་པར་རང་དབང་ཐོབ་ཀྱི་རེད། དེ་བཞིན་ནང་གི་ཤེས་ཡོན་འཛོམས་པའི་ཕན་ཡོན་ནི་གནའ་བོའི་བོད་ལྟ་བུ་གྲུབ་པའི་རྒྱལ་མཚན་འཛུགས་མཁན་རྣལ་འབྱོར་པ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་བ་རྣམས་ཡིན། འདི་ལྟར་འོང་བ་ལ་ང་ཚོས་ཕྱི་ནང་གཉིས་ཀའི་ཤེས་ཡོན་སློབ་གསོ་ལ་འབད་དགོས་པ་ཡིན། དགོན་པ་གྲྭ་ཚང་རྣམས་སུ་གཙོ་བོ་ནང་གི་ཤེས་ཡོན་ལ་གཅིག་ཏུ་འབད་འབུངས་དགོས་པ་དང་། སློབ་གྲྭ་ཁག་རྣམས་སུ་གཙོ་བོ་དེང་རབས་ཀྱི་ཤེས་ཡོན་ཚད་མཐོར་འོང་བ་ལ་སློབ་གསོ་ཚད་ལྡན་སྤྲོད་དགོས་པ་ཡིན། དེ་ཡི་ཆེད་དུ་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་བྱས་པ་རེད། སློབ་གསོ་སྤྲོད་པའི་གནས་སྐབས་སུ་བོད་མི་རྣམས་འབྱུང་འགྱུར་རང་དབང་། གཞན་ཕན།རྒྱུན་འཛིན། གསར་གཏོད་མ་བརླག་པའི་ཐོག་ནས་ཚེ་འདི་དང་ཕྱི་མ། རྒྱལ་ཁབ་དང་མི་རིགས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་དུ་ཆབ་དཔལ་རིག་གསུམ་སྟེང་མགོ་འཕང་དམའ་བར་ཡོད་པ་དེ་ཉིད་མཐོར་འདེགས་བྱེད་དགོས་པ་ལགས་སོ།། ཤེས་ཡོན་གྱི་ངོས་འཛིན། ༄༅། །ཤེས་ཡོན་གྱི་ངོས་འཛིན་ཞེས་པའི་དོན་ནི། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་གཉིས་པར་ཤེས་ཡོན་གྱི་ངོ་བོ་འགྲེལ་བརྗོད་བྱས་ཟིན་པའི་རྗེས་སུ་དོན་ཚན་བཞི་པར་ངོ་བོ་དེ་ཉིད་ཚུལ་བཞིན་ལག་ལེན་དུ་འགེལ་བར་བསླབ་པར་བྱ་བའི་གནས་སམ་སློབ་ཚན་གང་དང་གང་ཞིག་ཡོད་པ་རྣམས་ངོ་སྤྲོད་བྱེད་པ་ལ་ཟེར། དོན་ཚན་བཞི་པ་ཤེས་ཡོན་གྱི་ངོས་འཛིན་བཤད་པར་ས་བཅད་ཀྱི་སྒོ་ནས་བྱས་ན་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་དང་། དེང་རབས་ཀྱི་ཤེས་ཡོན་གཉིས་སུ་ཕྱེ་བ་ཡིན།། ཀ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན། སྐབས་འདིའི་སྲོལ་རྒྱུན་ཞེས་པ་གནའ་རབས་ནས་གོམས་གཤིས་སུ་འཇགས་པའི་རྒྱུན་ཡོད་ཙམ་ཐམས་ཅད་མིན་པར། འབྱུང་ཁུངས་ཡང་དག་ལས་བྱུང་བ་དང་། བརྒྱུད་པ་བར་མ་ཆད་དུ་གནས་པ། རིགས་པ་ཡང་དག་ལ་བརྟེན་པ་སྟེ་ཁྱད་ཆོས་གསུམ་ལྡན་དང་། དུས་དང་གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་རྒྱུད་ཅིག་ལ་གོ་དགོས། བོད་ཀྱི་སྲོལ་རྒྱུན་ཞེས་པའི་གོ་དོན་ནི་མི་ལོ་བརྒྱ་ཕྲག་མང་པོའི་གོང་ནས་བོད་མིའི་དཀའ་སྤྱད་དང་རྣམ་དཔྱོད་ཟུང་ཟླར་སྦྲེལ་ཏེ་ད་ལྟ་དང་འབྱུང་འགྱུར་གྱི་མི་རབས་དང་ཚེ་རབས་རྗེས་མའི་ཆེད། མཐའ་གཅིག་ཏུ་ཕན་པའི་རིག་གཞུང་བཟང་པོ་ནོར་བུ་རིན་པོ་ཆེ་དང་གཉིས་སུ་མ་མཆིས་པ། དེ་དག་ཀྱང་བླ་མ་པཎྜི་ཏ་རྣམས་ཀྱིས་བཤད། ལོ་ཙཱ་བ་རྣམས་ཀྱིས་བསྒྱུར། རྣལ་འབྱོར་བ་རྣམས་ཀྱིས་བསྒོམས་པའི་ལག་རྗེས་མཐོང་ཐོས་སུ་གྱུར་པས་འབྱུང་ཁུངས་ཡང་དག་ལས་བྱུང་བ་དང་། དེ་དག་ནས་བརྒྱུད་པའི་དབང་ལུང་མན་ངག་གི་བརྒྱུད་པ་བར་མ་ཆད་པ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་སོགས་ཀྱི་ཁྱད་ཆོས་ཀྱིས་སྤྲས་པ། དེ་དག་ཀྱང་མཐོང་བ་མངོན་གྱུར་བསྟན་པ་སྟེ་མཐོང་ཐོས་རེག་གསུམ་གྱི་སྐྱོན་མེད་པ་དང་། ཅུང་ཟད་ལཀོག་འགྱུར་བསྟན་པ་སྟེ་རིགས་པའི་སྐྱོན་མེད་པ་དང་། ཤིན་ཏུ་ལཀོག་འགྱུར་བསྟན་པ་སྟེཡིད་ཆེས་པའི་ལུང་གི་སྐྱོན་མེད་པའི་ཁྱད་ཆོས་གསུམ་དང་ལྡན་ཞིང་། ལྷག་པར་ཐོག་མཐའ་བར་གསུམ་སྟེ་སྦྱོར་དངོས་རྗེས་གསུམ་གར་སེམས་ཅན་ལ་མཐའ་གཅིག་ཏུ་ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ་བརྩམས་ཡོད་པར་བརྟེན་དུས་དང་གནས་སྐབས་ཐམས་ཅད་དུ་ཕན་བདེའི་འབྱུང་གནས་སུ་གྱུར་པའི་ཤེས་ཡོན་གྱི་སྡེ་ཚན་དེར་སྲོལ་རྒྱུན་གྱི་ཤེས་ཡོན་ཟེར་བ་ལས་བོད་མིའི་གོམས་གཤིས་སུ་འཇགས་ཚད་ལ་མི་ཟེར་རོ། དེ་ལ་དབྱེ་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་གཉིས་སུ་ཕྱེ་བ་ཡིན་ནོ།། ༡ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་བོ་གཡུང་དྲུང་བོན་དང་ནང་པ་སངས་རྒྱས་པའི་རིང་ལུགས་གཉིས་ཡིན་པས། དེ་དག་ནས་གསུངས་པའི་ནང་དོན་རིག་པའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ནི་སྲོལ་རྒྱུན་ཤེས་ཡོན་གཙོ་ཆེ་བ་དེ་ཡིན། ༤།༡། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་བོ་ནི་གཡུང་དྲུང་བོན་ཏེ་སྟོན་པ་གཤེན་རབ་མི་བོ་ཆེ་ཡིས་གསུངས་པའི་བོན་གྱི་ལྟ་གྲུབ་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་སངས་རྒྱས་པའི་ལྟ་གྲུབ་ཀྱི་སཀོར་རྣམས་ཡིན། དེ་གཉིས་གཞི་རྩར་བྱས་པའི་ཐོག་ནས་བོད་མིའི་ལུས་ངག་ཡིད་གསུམ་གྱི་འཚར་ལོངས་བཟང་ཕྱོགས་སུ་བསྒྱུར་བའི་རིག་གཞུང་མཐའ་དག་ལ་གོ་བ་ཡིན། འོན་ཀྱང་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་འདི་ནང་དངོས་གཞི་སྦྱོང་ཚན་གཏན་འབེབས་བྱེད་པའི་སྐབས་སློབ་ཚན་གཞན་བཞིན་དུ་བན་བོན་གྱི་ལྟ་གྲུབ་གང་ཡང་སློབ་ཚན་ལོགས་སུ་བཀོད་མེད། དེ་དག་ནི་གཙོ་བོ་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་ཀྱི་སྦྱང་བྱའི་གཙོ་བོར་མ་བཞག་པར་དེ་དག་ལས་བྱུང་བའི་བསླབ་བྱ་བཟང་པོ་རྣམས་མི་ཚེའི་ནང་ཤན་ཞུགས་ཙམ་ཡོང་བའི་ཆེད་དུ་བཀོད་པ་ཡིན་ནོ། །གལ་ཏེ་བན་བོན་གྱི་རིག་གཞུང་ལ་བློ་ཁ་ཕྱོགས་ཏེ་སློབ་གཉེར་གོང་མཐོར་བྱེད་འདོད་ན་བཤད་སྒྲུབ་ཀྱི་བསྟི་གནས་གཞན་དུ་ཕེབས་དགོས་པའི་ལམ་སྟོན་ཙམ་ཞུ་བའི་ཆེད་དུ་འདིར་བཤད་པ་ཡིན་ནོ།།༝ ༢ བོད་ཀྱི་སྒྲ་དང་། ཚད་མ། བཟོ། གསོ་བ་བཅས་རིག་གནས་བཞི་ཡན་ལག་དང་བཅས་པའང་སྲོལ་རྒྱུན་ཤེས་ཡོན་གྱི་རིག་གནས་ཡིན། ༤།༢ འདིར་བཤད་པའི་བོད་ཀྱི་སྒྲ་དང་། ཚད་མ། བཟོ་རིག་པ་བཅས་ངོ་སྤྲོད་ཀྱི་ཚུལ་དུ་ཤེས་ཡོན་སྲིད་བྱུས་འདི་ཡི་དོན་ཚན་བརྒྱད་པ། ཤེས་ཡོན་གྱི་སློབ་ཚན་ཞེས་པའི་ནང་གསེས་ཀ་པར་བོད་ཀྱི་སྐད་ཡིག་དང་། ཁ་པར་ཚད་མ་རིག་པ། ག་པར་སྐད་ཡིག་དང་ཚད་མ་རིག་པ་གཞན། ང་པར་བཟོ་རིག་པ་བཅས་བཀོད་ཡོད། འོན་ཀྱང་གསོ་བ་རིག་པ་ནི་བན་བོན་གྱི་སློབ་ཚན་བཞིན་དུ་སྦྱང་བྱའི་གཙོ་བོའི་སློབ་ཚན་གྲས་སུ་མ་བཞག་པའི་རྒྱུ་མཚན་ལ་བརྟེན་ནས་འདིར་ངོ་སྤྲོད་ཀྱང་གནས་སྐབས་མ་བཀོད་པ་ལགས་སོ།། བོད་ཀྱི་སྒྲ་ནི་བོད་ཀྱི་སྐད་ཡིག་གི་རིག་གནས་ལ་གོ་བ་ཡིན། འདི་ཡི་ནང་དུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་རྩོམ་རིག་གཉིས་གཙོ་བོར་ཚུད་ཅིང་། དེ་གཉིས་མཐར་ཕྱིན་པར་འོང་བ་ལ་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་དང་བཅས་པ་ལའང་སློབ་གཉེར་བྱེད་དགོས། དེ་བཞིན་རྩོམ་རིག་སྒྱུ་རྩལ་གྱི་རིགས་གོང་མཐོར་སྤེལ་བ་ལ་གནའ་དེང་གི་རྩོམ་རིག་ནང་བརྩམས་པའི་བརྩམས་སྒྲུང་མི་ཉུང་བ་ཞིག་ཀློག་རྒྱུ་དང་། ཤོད་རྒྱུ། གལ་ཏེ་དེ་འབྲེལ་གློག་བརྙན་ཡོད་ཚེ་དེ་རིགས་ལ་ལྟ་ཉན་བྱེད་རྒྱུ། དེ་བཞིན་བརྩམས་སྒྲུང་སླར་འབྲི་དང་བསྐྱར་ཞིབ་བྱེད་རྒྱུ། གསར་རྩོམ་འབྲི་རྒྱུ་བཅས་གནང་དགོས་པ་ཡིན།། སློབ་གསོའི་བརྒྱུད་ལམ་ནི་སྐད་ཡིག་གི་རང་དབང་གཞན་འོག་ཏུ་མ་ཚུད་པའི་རྒྱལ་ཁབ་ཕལ་མོ་ཆེས་ཇི་ལྟར་ལག་བསྟར་བྱེད་པ་དང་མཚུངས་པར་རང་རེའི་ཤེས་ཡོན་སྲིད་བྱུས་ཀྱིས་ཀྱང་ད་ལྟའི་ཆར་སྔོན་འགྲོ་ནས་གཞི་རིམ་བར་མ་སྟེ་འཛིན་རིམ་བརྒྱད་པ་བར་སློབ་ཚན་ཚང་མའི་བརྒྱུད་ལམ་སྐད་ཡིག་བོད་སྐད་རང་དུ་གཏན་འབེབས་བྱུང་ཡོད་པ་དང་། འབྱུང་འགྱུར་གཞི་རིམ་གོང་མའི་འཛིན་རིམ་བཞི་པོའི་བརྒྱུད་ལམ་གྱི་སྐད་ཡིག་ཀྱང་བོད་སྐད་ཀྱི་ཐོག་ནས་སློབ་འཁྲིད་ཞུ་རྒྱུའི་དམིགས་ཚད་དམ་འཆར་སྣང་ཞིག་བཟུང་ཡོད་པ་རེད། དེར་མ་ཟད་སྔོན་འགྲོ་ནས་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པའི་བར་བོད་སྐད་ཁོ་ན་ལས་སྐད་ཡིག་གཉིས་པ་སློབ་འཁྲིད་བྱེད་ཀྱི་མེད། འཛིན་གྲྭ་བཞི་པར་སྐད་ཡིག་གཉིས་པ་སློབ་འཁྲིད་འགོ་འཛུགས་བྱེད་ཅིང་། འཛིན་གྲྭ་དྲུག་པར་སྐད་ཡིག་གསུམ་པ་ཡང་སློབ་འཁྲིད་འགོ་འཛུགས་བྱེད་ཀྱི་ཡོད། དེ་ལྟར་བྱེད་ཀྱི་ཡོད་ཀྱང་འཛིན་གྲྭ་དགུ་པར་སླེབས་སྐབས་སློབ་ཕྲུག་མི་ཉུང་བ་ཞིག་སྐད་ཡིག་དང་པོ་བོད་སྐད་ལས་སྐད་ཡིག་གཉིས་པ་དབྱིན་སྐད་འབྲི་ཀློག་དང་གོ་བ་ལེན་སྟངས་སོགས་ལ་གནས་ཚད་མཐོ་བ་ཡོང་གི་འདུག །ཚིག་སྒྲུབ་འདི་ཡིས་ག་རེ་ཤོད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ཟེར་ན། ཕ་མ་ཚོས་རང་གི་ཕྲུ་གུར་སྐད་ཡིག་གཉིས་པའི་སློབ་འཁྲིད་དེ་འཛིན་གྲྭ་བཞི་པ་ནས་འགོ་འཛུགས་བྱེད་ཀྱི་ཡོད་པ་ལ་བློ་མི་བདེ་བ་བྱེད་མི་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད།། ཡང་འགའ་ཞིག་གིས་སཾ་བྷོ་ཊའི་སློབ་གྲྭ་ཁག་ཏུ་གཞི་རིམ་གོང་མའི་འཛིན་གྲྭ་རྣམས་སུ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཐུབ་ཀྱི་མེད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང་། དེ་དག་གི་སྒྲུབ་བྱེད་དུ་སེམས་པ་དེ་ནི་གཞི་རིམ་གོང་མའི་འཛིན་གྲྭ་རྣམས་སུ་བོད་ཀྱི་སྐད་ཡིག་གི་ལམ་ནས་དེང་རབས་ཀྱི་སློབ་ཚན་རྣམས་སློབ་ཀྱི་མེད་པ་དེར་ངོས་འཛིན་བྱེད་ཀྱི་ཡོད། གཞི་རིམ་གོང་མའི་འཛིན་གྲྭ་རྣམས་སུ་དེང་རབས་ཀྱི་སློབ་ཚན་རྣམས་བོད་སྐད་ཀྱི་ལམ་ནས་སློབ་འཁྲིད་བྱེད་ཀྱི་མེད་ཀྱང་། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་པ་དང་མི་འགལ་ཏེ། ཤེས་ཡོན་སྲིད་བྱུས་སུ་དེང་རབས་ཀྱི་སློབ་ཚན་རྣམས་སློབ་འཁྲིད་བྱེད་དགོས་པ་གསུང་བ་མ་གཏོགས་བོད་ཡིག་ནང་སློབ་འཁྲིད་ཀྱི་མཐུན་རྐྱེན་མི་འཛོམས་ན་དབྱིན་ཇིའི་སྐད་ཡིག་ཐོག་ནས་དེང་རབས་ཀྱི་སློབ་ཚན་སློབ་འཁྲིད་བྱེད་མི་ཆོག་པ་གང་དུའང་གསུངས་པ་མེད།། སློབ་འཁྲིད་ཐབས་ལམ་ལ་མཚོན་ན་རྒྱུན་དུ་དགེ་རྒན་དབུས་སུ་བཞག་སྟེ་དགེ་རྒན་གཙོ་བོར་འཛིན་རྒྱུ་དང་། འཛིན་གྲྭའི་ནང་དུ་སློབ་འཁྲིད་བྱེད་སྐབས་སློབ་ཕྲུག་དབུས་སུ་བཞག་སྟེ་སློབ་ཕྲུག་གི་འདོད་པ་དང་དོ་སྣང་། མོས་པ། རྣམ་དཔྱོད།བརྩོན་འགྲུས་སོགས་ལ་གཞིར་བཞག་སྟེ་སློབ་འཁྲིད་བྱེད་དགོས།དགེ་རྒན་གྱི་གནས་ཚད་ལ་མཚོན་ན། སྔོན་འགྲོའི་དགེ་རྒན་ཞིག་ཡིན་ཡང་མཐོ་སློབ་ལོ་གསུམ་ཐོན་རྗེས་དགེ་རྒན་འོས་སྦྱོང་ཡོད་པ་ཤ་སྟག་དམིགས་རྟེན་དུ་བཟུང་ཡོད། དེ་སྔ་ཡིན་ན་སྔོན་འགྲོ་ནས་གཞི་རིམ་འོག་མའི་དགེ་རྒན་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་དམའ་རིམ་དགེ་རྒན་འོས་སྦྱོང་ཐོན་ན་འགྲིགས་ཀྱི་ཡོད། གོང་གསལ་རྣམས་ལག་ལེན་དུ་བསྟར་སྐབས་དགེ་རྒན་རྣམས་ནས་སློབ་ཕྲུག་རྣམས་ལ་བརྩེ་བའི་སེམས་དང་ངག་གི་འཛུམ་མདངས་འཕྱུར་བའི་སྒོ་ནས་སློབ་ཕྲུག་རྣམས་ཀྱི་སེམས་ཁོངས་སུ་ཞུགས་ཏེ་སྐྱོ་ངལ་མེད་པ་བྱེད་རྒྱུ་དང་། དཀའ་ངལ་ཡོད་དོ་ཅོག་ཁུར་དུ་མི་འགྲོ་བར་རྒྱན་དུ་འགྲོ་བའི་མན་ངག་བསྟེན་དགོས་སོ། །ཉེས་བརྡུང་དང་དམའ་འབེབས། འགྲན་བསྡུར་གྱི་རིགས་སྤེལ་བའི་གོ་སྐབས་གཏན་ནས་མེད། སློབ་ཕྲུག་རྣམས་ནས་ཀྱང་དགེ་རྒན་རྣམས་ལ་གཅིག་ཏུ་བཀུར་ཏེ་དགེ་སློབ་ཀྱི་འདུ་ཤེས་དེ་བླ་སློབ་ཀྱི་འདུ་ཤེས་སུ་བསྒྱུར་ཐུབ་པ་བྱེད་དགོས། དགེ་རྒན་རྣམས་སློབ་ཕྲུག་རྣམས་ལ་ངོ་མཚར་སྐྱེ་ཐུབ་པ་དང་། སློབ་ཕྲུག་རྣམས་དགེ་རྒན་ལ་ངོ་མཚར་སྐྱེ་ཐུབ་པ་བྱུང་ན་བཀྲ་ཤིས་དགུ་བརྩེགས་འཛོམས་པའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་སྔོན་འགྲོ་ནས་སློབ་གྲྭ་མ་ཐོན་བར་སློབ་ཡོན་རིན་མེད་ཀྱི་ཐོག་ནས་སློབ་འཁྲིད་ཀྱི་མཐུན་རྐྱེན་སྦྱར་དགོས་པ་ཡིན་ནོ།། བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པར་དགོས་པ་ནི་འབྱུང་འགྱུར་བོད་མིའི་རིག་གཞུང་ནང་སྲོལ་རྒྱུན་གྱི་ཤེས་ཡོན་ཙམ་མིན་པར་དེང་རབས་ཀྱི་ཤེས་ཡོན་རྣམས་བོད་ཀྱི་སྐད་ཡིག་ལམ་ནས་ཀྱང་ཐོས་བསམ་བྱེད་རྒྱུའི་གོ་སྐབས་ཤིག་བསྐྲུན་ཐུབ་པའི་དམིགས་ཚད་དེ་འདྲ་ཞིག་བཟུང་ཡོད། འདི་ཡི་གོ་དོན་དབྱིན་ཇིའི་སྐད་ཡིག་སྦྱོང་མི་དགོས་པ་དང་། དབྱིན་ཇིའི་སྐད་ཡིག་གི་གནས་ཚད་དམའ་བོས་ཆོག་པར་སེམས་པ་ནི་གཏན་ནས་མིན། འོན་ཀྱང་བོད་མི་རྣམས་ཀྱི་སྒོ་གསུམ་གྱི་འཚར་ལོངས་དབྱིན་ཇི་བ་བཞིན་དུ་བཟོ་རྒྱུ་མིན་པ་ནི་ཤོད་མི་དགོས་པ་ཞིག་ཡིན། སྔོན་འགྲོ་ནས་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པའི་བར་བོད་སྐད་ལས་གཞན་པའི་སྐད་ཡིག་སློབ་སྟོན་ལྟ་ཞོག །སྐད་ཡིག་གཞན་གྱི་མིང་ཚིག་དང་གླུ་གཞས་སོགས་ཀྱང་བེད་སྤྱོད་མི་བྱེད་པ་གཙོ་འདོན་བྱ་དགོས་ཤིང་། གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་ནས་སྐད་ཡིག་གཉིས་པ་དང་། གཞི་རིམ་བར་མའི་འཛིན་གྲྭ་དྲུག་པ་ནས་སྐད་ཡིག་གསུམ་པའི་སློབ་སྟོན་འགོ་འཛུགས་བྱེད་ཀྱི་ཡོད།། དེང་རབས་ཀྱི་སློབ་ཚན་རྣམས་ཀྱང་སྔོན་འགྲོ་ནས་གཞི་རིམ་གོང་མའི་འཛིན་གྲྭ་བཅུ་གཉིས་བར་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ནས་སློབ་འཁྲིད་བྱེད་རྒྱུའི་འཆར་སྣང་ཞིག་ཡོད་པ་ཡིན། དེ་ལྟར་ཡིན་ན་ཡང་དངོས་གཞི་ལག་ལེན་བསྟར་བའི་སྐབས་ད་ལྟའི་ཆར་སྔོན་འགྲོ་ནས་གཞི་རིམ་འོག་མའི་འཛིན་གྲྭ་རྣམས་ཀྱི་བར་ལག་ལེན་འཁེལ་གྱི་ཡོད་ཀྱང་། གཞི་རིམ་བར་མའི་འཛིན་གྲྭ་རྣམས་སུ་སྤྱི་ཚོགས་རིག་གནས་དང་ཨང་རྩིས། དེ་བཞིན་ཚན་རིག་གི་སློབ་ཚན་རྣམས་ཀྱང་སྐད་ཡིག་གཉིས་ཟུང་འབྲེལ་དུ་བྱས་ཏེ་སློབ་འཁྲིད་ཐབས་ལམ་བསྟེན་བཞིན་པ་རེད། ཡིག་ཚད་ཀྱི་དྲི་ཤོག་ཀྱང་སྐད་ཡིག་གཉིས་ཀྱི་ནང་བཟོས་ཏེ་རང་ཉིད་གང་ལ་མོས་པའི་སྐད་ཡིག་དེ་ནང་འབྲི་ཆོག་པ་ལག་ལེན་བསྟར་བཞིན་པ་རེད། དེར་མ་ཟད་སྔོན་འགྲོ་ནས་གཞི་རིམ་བར་མའི་འཛིན་གྲྭ་རྣམས་ཀྱི་བསླབ་གཞི་རྩ་འཛིན་བོད་ཀྱི་སྐད་ཡིག་ནང་གཏན་འབེབས་ཟིན་པས་མ་ཚད་དགེ་རྒན་རྣམས་སུ་འགྲེམས་སྤེལ་ཡང་བྱས་ཟིན། ལྷག་པར་གཞི་རིམ་བར་མའི་འཛིན་གྲྭ་གསུམ་གྱི་བོད་ཀྱི་སྐད་ཡིག་གི་སློབ་དེབ་གསར་པ་གསར་གཏོད་རང་བཞིན་ལྡན་པ་ཞིག་གཏན་འབེབས་ཟིན་པའི་གཏམ་བཟང་གི་སྟེང་། རིང་མིན་གཞི་རིམ་བར་མའི་འཛིན་གྲྭ་གསུམ་སྟེ་འཛན་གྲྭ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་ཀྱང་བོད་ཀྱི་སྐད་ཡིག་ནང་ཐོན་གྲབས་ཡོད། །སློབ་དེབ་གསར་པ་འདི་དག་དང་། དེ་སྔོན་གྱི་སློབ་དེབ་དབར་ཁྱད་པར་ག་རེ་ཡོད་པ་རེད་ཟེར་ན། དེ་སྔོན་གྱི་སློབ་དེབ་ཕལ་ཆེ་བས་བོད་ཀྱི་རིག་གཞུང་གི་ལམ་ནས་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་ཀྱི་ཡོད་ཅིང་། སློབ་དེབ་གསར་པ་འདི་དག་གིས་བོད་ཀྱི་སྐད་ཡིག་གི་ལམ་ནས་བོད་ཀྱི་རིག་གཞུང་སློབ་འཁྲིད་བྱེད་ཀྱི་ཡོད་པ་རེད། འབྱུང་འགྱུར་བོད་རིགས་སློབ་ཕྲུག་རྣམས་རང་གི་སྐད་ཡིག་ཐོག་དེ་སྔ་ལས་བྱང་ཆ་མྱུར་བ་དང་རྩོམ་རིག་གི་སྒྱུ་རྩལ་ཟབ་པ་འོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད། །དེར་བརྟེན་རིག་པའི་གཞུང་ལུགས་གང་དུ་གནས་པའི་རྟེན་གཞི་དང་། དེར་འཇུག་པའི་སྒོ་གཉིས་ཀ་སྐད་ཡིག་བརྡ་སྤྲོད་ཀྱི་རྣམ་གཞག་ཉིད་ཡིན་པས་བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་རིག་པ་དང་། རྩོམ་རིག་བཅས་སྔོན་འགྲོ་ནས་བཟུང་གཞི་རིམ་གོང་མ་བར་སློབ་ཚན་གྱི་གཙོ་བོར་འཇོག་དགོས།། ཚད་མ་རིག་པ་ནི་བརྟག་དཔྱད་བྱེད་སྟངས་ཀྱི་རིག་པའི་རྣམ་གཞག་ཅིག་ལ་ཟེར། སློབ་ཕྲུག་རྣམས་ཀྱིས་སློབ་ཚན་གང་ཞིག་སྦྱངས་ཀྱང་དབང་རྟུལ་རྣམས་ཀྱིས་ཆོས་ཀྱི་རྗེས་སུ་འབྲངས་པ་བཞིན་དུ་ཐོས་པས་འདོད་པ་མ་ཚིམ་པར་རྒྱུ་མཚན་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་ཡིན། དེ་ལྟར་བྱེད་པ་ལ་བསམ་པ་བསྟེན་དགོས་ཤིང་། བསམ་པ་བསྟེན་པ་ལ་རྒྱུ་མཚན་འགོད་དགོས་པས་དེ་ལ་གཅིག་ཏུ་མཁོ་བ་ནི་ཚད་མ་རིག་པ་ཡིན། མི་འགའ་ཞིག་གིས་འདི་ཆོས་ཀྱི་སློབ་སྦྱོང་ཁོ་ནར་མཁོ་བར་སེམས་པ་དང་། ཡང་དེ་ལས་གཞན་པ་འགའ་ཞིག་གིས་བོད་ཀྱི་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་སྲོལ་རྒྱུན་ཡིན་པར་སེམས་པ་བཅས་ནི་ཚད་མའི་ངོ་བོ་དང་ལོ་རྒྱུས་ལ་རྨོངས་པའི་རྟོག་པ་ཙམ་དུ་ཟད།། ཚད་མ་རིག་པའམ་རྒྱུ་མཚན་རིགས་པ་འདི་ཉིད་སློབ་སྦྱོང་བྱེད་སྟངས་ཐད་བོད་པར་ཐུན་མོང་མ་ཡིན་པའི་སྒྲོས་ཤིག་ཡོད་ཅིང་། འདི་ནི་བརྒྱ་ཕྲག་བཅུ་གཉིས་ནང་ཕྱྭ་པ་ཆོས་ཀྱི་སེང་གེས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་དབུ་འཛུགས་གནང་བ་ཞིག་རེད། འདི་ལ་བསྡུས་གྲྭ་ཟེར། སློབ་གྲྭ་ཁག་ནང་ཚད་མའི་སློབ་གཉེར་བྱེད་སྟངས་གདན་སའི་ཆོས་རྭ་དང་མི་འདྲ་ས་ནི་དེ་དག་གི་རྩོད་གཞིར་གྱུར་པའི་བརྗོད་བྱ་རྣམས་ཡིན། གདན་ས་ཁག་ཏུ་ནི་ཕལ་ཆེར་ནང་ཆོས་བརྗོད་བྱར་བྱེད་པའི་བརྗོད་གཞི་ཁོ་ནའི་ཐོག་རྩོད་ཀྱི་ཡོད་ཅིང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྐབས་རེ་ང་ཚོས་རྩོད་པ་རྩོད་རྒྱུའི་རིགས་ལམ་འདི་སློབ་འཁྲིད་ཀྱི་ཐབས་ལམ་ཞིག་ཡིན་པར་མ་ཤེས་ཏེ། ནང་ཆོས་བརྗོད་བྱར་བྱེད་པའི་སློབ་ཚན་ཞིག་ཡིན་པར་དགོངས་ཀྱི་ཡོད། རིགས་ལམ་ནི་སློབ་གཉེར་གང་ཞིག་གནང་ན་ཡང་སློབ་འཁྲིད་ཐབས་ལམ་དམིགས་བསལ་བ་ཞིག་ཡིན། ཇི་ལྟར་སྐད་ཡིག་བཞིན་ནོ། །འདི་ཉིད་དངོས་འབྲེལ་ཡིན་པའི་རྒྱུ་མཚན་ཡང་དག་པ་ནི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་སྐབས་སློབ་ཕྲུག་ཚོས་རིགས་ལམ་གྱི་ཐོག་ནས་ཨང་རྩིས་དང་། ཚན་རིག སྤྱི་ཚོགས་རིག་གནས། སྐད་ཡིག་སོགས་རྩོད་པའི་གནས་སྐབས་སུ་ཤིན་ཏུ་གསལ་བར་གྱུར། རིགས་ལམ་བེད་སྤྱོད་བཏང་བ་ལ་བརྟེན་ནས་སློབ་ཚན་བྱེ་བྲག་པ་དེའི་ཐོག་བསམ་བྱུང་གི་ཤེས་རབ་སྐྱེ་བ་ཡིན། དེར་བརྟེན་སློབ་ཚན་ག་རེ་ཡིན་ནའང་དེའི་སཀོར་ཤིན་ཏུ་གསལ་པོར་ཤེས་པ་ལ་ཚད་མ་རིག་པའམ་རིགས་ལམ་མེད་དུ་མི་རུང་བ་ཡིན།། འདི་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོས་སྔ་ཕྱིར་བཀའ་སློབ་ཟམ་མ་ཆད་པ་ཕེབས་ཡོད། དེ་ཡི་འབྲས་བུར་དེང་གི་ཆར་བོད་མིའི་སློབ་གྲྭ་ཕལ་མོ་ཆེའི་ནང་རིགས་ལམ་སློབ་འཁྲིད་རྒྱུན་སྐྱོང་གནང་བཞིན་པ་ལགས་སོ། །ཤེས་བྱའི་གནས་གང་ལའང་གཞན་ཟེར་རྗེས་འབྲངས་མ་ཡིན་པར་རང་སྟོབས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་བྱེད་པའི་ནུས་པ་རིགས་ལམ་ལས་བྱུང་བ་ཡིན་པས། ཚད་མ་རིག་པའི་རྣམ་གཞག་གཞི་རིམ་གོང་མ་བར་རྩལ་དུ་བཏོན་ཏེ་བསླབ་རྒྱུ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱ་རྒྱུ།། བཟོ་རིག་པ་ནི་གཙོ་བོ་ལུས་དང་ངག་གི་སྒྱུ་རྩལ་ཞིག་ཏུ་གོ་ཞིང་། སློབ་ཕྲུག་ཞིག་གི་འཚར་ལོངས་ཡོངས་སུ་རྫོགས་པར་འོང་བ་ལ་སློབ་ཚན་སྣེ་མང་ཞིག་ངེས་པར་དུ་སྦྱོང་དགོས་ཤིང་། དེའི་ནང་ནས་རང་ཉིད་གང་ལ་མོས་པ་དེར་འབྱུང་འགྱུར་ཉམས་ཞིབ་ཀྱི་ལས་ལ་ཞུགས་ཆོག་པ་ཡིན། སློབ་ཕྲུག་གི་གནས་སྐབས་སུ་བཟོ་རིག་གི་ངོ་སྤྲོད་ཙམ་ཡང་མ་བྱུང་ཚེ་སློབ་ཕྲུག་དེ་ཡི་བཟོ་རིག་དང་འབྲེལ་བའི་རྣམ་དཔྱོད་ཡོངས་རྫོགས་དང་པོ་ནས་སྒོ་བཀག་པ་ལྟ་བུར་གྱུར་པ་རེད། ཤེས་ཡོན་སྲིད་བྱུས་སུ་གཞི་རིམ་བར་མ་དང་གོང་མའི་འཛིན་གྲྭ་རྣམས་སུ་འཚེ་བ་མེད་ཅིང་ཁོར་ཡུག་ལ་མི་གནོད་པ་དང་། རྒྱུན་གནས་ཐུབ་པའི་བཟོ་རིག་གང་ཡང་རུང་བ་ཞིག་ངེས་ཅན་གྱི་སློབ་ཚན་དུ་འཇོག་དགོས་པ་དང་། དེའི་ཆེད་དུ་བོད་ཀྱི་སྲོལ་རྒྱུན་གྱི་བཟོ་རིག་ཁག་དང་། རྒྱ་གར་གྱི་སྲོལ་རྒྱུན་གྱི་བཟོ་རིག གོང་གསལ་གྱི་ཁྱད་ཆོས་རྣམས་ཚང་བའི་དེང་རབས་ཀྱི་བཟོ་རིག་ཆུང་ཁག་སོགས་འོས་ཤིང་འཚམ་པའི་བཟོ་རིག་རྣམ་གྲངས་མི་ཉུང་བ་ཞིག་གཞི་རིམ་སློབ་གྲྭ་ཁག་ཏུ་བསླབ་རྒྱུ་དང་། མཐུན་རྐྱེན་འཛོམས་ཤིང་སློབ་ཕྲུག་གི་འདོད་མོས་བྱུང་ན་བཟོ་རིག་གང་འོས་ཀྱི་སློབ་ཚན་གཞི་རིམ་འོག་མའི་ནང་དུའང་འཇོག་འཐུས། དེ་བཞིན་སློབ་ཕྲུག་སོ་སོའི་ཁམས་མོས་དང་བསྟུན་པའི་བཟོ་རིག་དང་སྐད་ཡིག །རིག་གནས་གཞན་དག་བཅས་ཀྱི་འཇོན་རྩལ་ཁྱད་སྦྱོང་བྱ་ཡུལ་གྱི་སློབ་ཚན་ཅི་རིགས་ཀྱང་གཞག་ཆོག །ད་ལྟའི་ཆར་བཟོ་རིག་གི་སློབ་ཚན་ཐད་བོད་མིའི་སློབ་གྲྭ་ཁག་ནང་གཟེངས་སུ་ཐོན་རྒྱུ་ལྟ་ཅི་འགོ་འཛུགས་ཀྱང་ཡག་པོ་ཞིག་བྱུང་མེད། འབྱུང་འགྱུར་དེ་རིགས་ལ་མོས་པ་རྣམས་ལ་སྒྱུ་རྩལ་དེ་རིགས་ཀྱི་སྟེང་ལམ་སྟོན་དང་འགྲོ་ས་ཡོད་པ་ཞིག་ངེས་པར་དུ་བཟོ་དགོས། གཞི་རིམ་གོང་མ་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་སོ་སོ་ཐོན་རྗེས་འཛུལ་ཞུགས་བྱ་ཡུལ་གྱི་ལས་རིགས་སློབ་གྲ་ཁག་མང་ཆེད་འཛུགས་བྱ་རྒྱུ་དང་། ལས་རིགས་སློབ་གྲྭ་དེ་ཚོའི་ནང་བོད་ཀྱི་བཟོ་རིག་ལག་ཤེས་ཁག་དང་། དེང་རབས་ཀྱི་བཟོ་རིག་སྣ་ཚོགས་གཙོ་བོར་སློབ་སྟོན་ཐོག་བོད་སྐད་དང་སྐད་ཡིག་གཞན་གཅིག་ཀྱང་འོས་འཚམ་བསླབ་རྒྱུ་ཞེས་ཤེས་ཡོན་སྲིད་བྱུས་སུ་འཁོད་ཡོད།།༝༝ ༣ ཤེས་ཡོན་དེ་དག་གི་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ནི། དར་འཕེལ་གྱི་དུས་ཡུན་རིང་ཡང་འགྱུར་འགྲོས་ཉུང་བ།བརྗོད་དོན་སྟོན་པའི་ནུས་པ་ཆེ་བ། སྐད་ཡིག་གཞན་གྱི་ནང་དུ་ཡོད་དཀའ་བའི་ཆེས་གཏིང་ཟབ་ཀྱི་རིག་པའི་གཞུང་ལུགས་མང་པོའི་བསྟི་གནས་སུ་གྱུར་པ་མ་ཟད། བོད་ཀྱི་རིག་གནས་ཀུན་གྱི་ཚད་ནུས་ལྡན་པའི་གཞི་རྟེན་གཅིག་པུའང་ཡིན། ༤།༣ ཡི་གེ་དར་སྲོལ་མ་བྱུང་བའི་སྔོན་དུ་ཤེས་ཡོན་ཡང་གཅིག་ནས་གཉིས་སུ་ངག་ནས་བརྒྱུད་སྤེལ་བྱུང་ཡོད་ཅིང་། ཡིག་སྲོལ་དར་བ་ནས་བཟུང་ཤེས་ཡོན་གྱི་འཕེལ་རྒྱས་དེ་དུས་དང་ཡུལ་གྱི་བཀག་རྒྱ་ཆེན་པོ་དེ་ལས་གྲོལ་ཐུབ་པ་བྱུང་སྟེ་མི་རིགས་གཞན་གྱི་རིག་གནས་ནང་འདྲེན་བྱེད་པ་དང་། རང་གི་རིག་གནས་རྒྱལ་ཁབ་དང་མི་རིགས་གཞན་ལ་ཁྱབ་སྤེལ་བྱེད་ཐུབ་པའི་མཐུན་རྐྱེན་གསར་པ་ཞིག་བྱུང་ཡོད་པ་དེ་ནི་སྐད་ཡིག་གི་བརྒྱུད་ལམ་དེ་ཡིན་ཅིང་། འཛམ་གླིང་ནང་མི་རིགས་མི་འདྲ་བར་སྐད་ཡིག་མི་འདྲ་བ་ཡོད་པས་མ་ཚད། རིག་གནས་མི་འདྲ་བར་ཐུན་མོང་མ་ཡིན་པའི་སྐད་ཡིག་རེ་ངེས་པར་དུ་ཡོད་པ་རེད། དེ་ལྟ་ནའང་མི་རིགས་ཚང་མས་རང་གི་སྐད་ཡིག་དེ་གལ་ཆེ་ཤོས་དང་ལས་སླ་ཤོས། སྟབས་བདེ་ཤོས་དང་ལེགས་ཤོས་སུ་ངོས་འཛིན་བྱེད་པ་ནི་མ་རེད་ཟེར་ས་མེད་པའི་བདེན་པ་ཉག་ཅིག་རེད། བརྒྱུད་ལམ་དེ་རང་གི་ཐོག་ནས་རང་གི་ཕྲུ་གུ་ཆུང་ངུ་རྣམས་ལ་སློབ་གསོ་སྤྲོད་པ་ནི་བཏབ་སར་སྨིན་པ་འོང་བའི་རྒྱུ་ཚོགས་དང་པོ་དེ་ཡིན། གནའ་དེང་གི་སློབ་གསོ་ལ་མཁས་པ་ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་བྱིས་པའི་དུས་ནས་རང་གི་སྐད་ཡིག་གི་བརྒྱུད་ལམ་ནས་སློབ་གསོ་སྤེལ་བ་ནི་མཆོག་ཏུ་གྱུར་པ་ཡིན་པ་སྨོས་མེད་ཡིན་ན་ཡང་། བཙན་འོག་ཏུ་ལུས་པའི་ལུང་པའི་ནང་བཙན་འཛུལ་མཁན་གྱི་སྐད་ཡིག་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་དབང་གིས་རང་གི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཉུང་བ་དང་འགོག་རྐྱེན་སྟོབས་ལྡན་ཡོད་པ་དེ་རིགས་འགོག་ཆེད་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ལྷན་ཚོགས་ནས་རང་རང་གི་སྐད་ཡིག་གི་བརྒྱུད་ལམ་ནས་སློབ་གསོ་སྤེལ་རྒྱུ་ནི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡིན་པ་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་ཀྱང་གནང་ཡོད།། འཛམ་གླིང་གི་སྐད་ཡིག་གང་འདྲ་ཞིག་ཡིན་ན་ཡང་དེ་ཉིད་ངོས་འཛིན་དང་། སྲུང་སྐྱོབ། དར་འཕེལ་གཏོང་བ་ལ་བརྒྱུད་ལམ་ནི་སྐད་ཆ་ཉན་རྒྱུའི་རྩལ་དང་། སྐད་ཆ་ཤོད་རྒྱུའི་རྩལ། ཡི་གེ་ཀློག་རྒྱུའི་རྩལ། ཡི་གེ་འབྲི་རྒྱུའི་རྩལ་ཏེ་འཆད་ཉན་འབྲི་ཀློག་བཞིར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ཀྱང་རང་གི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འོང་ཕྱིར་གོང་གསལ་རྩལ་བཞི་ལ་སློབ་སྦྱོང་བྱེད་དགོས། རང་ས་རང་ལག་ཏུ་ཡོད་པའི་སྐབས་རྩལ་དང་པོ་གཉིས་མ་སྦྱངས་ན་ཡང་བྱང་ཆུབ་པའི་མཐུན་རྐྱེན་ཡོད་ཀྱང་དེང་གི་དུས་སུ་ཕྱི་ནང་འགལ་རྐྱེན་མང་པོས་རྐྱེན་བྱས་ནས་རྩལ་དང་པོ་གཉིས་པོར་ཡང་སློབ་སྦྱོང་མ་བྱས་ཕྱིན་ཆད་མཐར་ཕྱིན་འོང་ཐབས་བྲལ། རྩལ་ཕྱི་མ་གཉིས་ནི་རིག་གནས་སྦྱོང་བའི་གྲྭར་མ་བསླབས་ན་གནའ་དུས་ཀྱང་འོང་གི་མེད་ན་ད་དུས་གང་ནས་འོང་། རྩལ་དང་པོ་གཉིས་བྱང་ཆ་ལེགས་པོ་བྱུང་ན་རྩལ་ཕྱི་མ་གཉིས་ལ་དེ་ཙམ་དཀའ་ངལ་འོང་བའི་གོ་སྐབས་མེད། དེར་བརྟེན་ཐོག་མར་རྩལ་དང་པོ་གཉིས་ལ་སློབ་སྦྱོང་བྱ་བའི་ཕྱིར་བྱིས་པའི་དུས་ནས་རང་སྐད་ཐོག་ནས་འགོ་འཛུགས་བྱེད་དགོས་པ་ཡིན།། བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ལ་དར་འཕེལ་གྱི་དུས་ཡུན་རིང་པོ་ཞིག་ཡོད་ཅིང་། ཡུལ་ལུང་ཇི་འདྲ་ཞིག་ཡིན་ཡང་སྐད་ཙམ་མིན་པར་ཡི་གེ་དང་བཅས་པའི་ལོ་རྒྱུས་འགོ་ཚུགས་པ་ནི་ཤེས་རིག་གི་དཔལ་ཡོན་རྩེ་མོར་སོན་པ་ལ་མདུན་མཆོངས་ཆེན་པོ་བྱེད་པའི་དུས་སྐབས་ཤིག་ཡིན་པ་རེད། བོད་ཀྱི་ལོ་རྒྱུས་ཐོག་ཡི་གེའི་སྲོལ་སྔ་རྟིང་གཉིས་བྱུང་བ་སྟེ། སྟོན་པ་གཤེན་རབ་མི་བོ་ཆེས་གསར་དུ་བཏོད་པའི་ཞང་ཞུང་གི་ཡིག་སྲོལ་དང་། བརྒྱ་ཕྲག་བདུན་པའི་ནང་ཐོན་མི་སཾ་བྷོ་ཊས་གསར་དུ་བཏོད་པའི་ད་ལྟའི་ཡིག་སྲོལ་འདི་གཉིས་ཡིན་ཅིང་། དང་པོ་དེར་བོད་ཀྱི་ཡིག་སྲོལ་དང་པོ་དང་། ཕྱི་མར་བོད་ཀྱི་ཡིག་སྲོལ་གཉིས་པ་ཟེར། ཡིག་སྲོལ་དང་པོ་དེའི་སཀོར་ངེས་པ་འདྲོངས་པ་ལོ་རྒྱུས་ཀྱི་སྟེང་ནས་ཁུངས་སྐྱེལ་བྱེད་མི་ཐུབ་ཀྱང་ཡིག་སྲོལ་དང་པོ་དེའི་ནང་དུ་འཁོད་པའི་བོན་གྱི་གསུང་རབ་ཚང་ལ་མ་ནོར་བ་ཡིག་སྲོལ་གཉིས་པ་དེའི་ནང་གྲ་མ་ཉམས་གྲུ་མ་ཞིག་པར་བཞུགས་ཡོད་པ་ལ་བརྟེན་ནས་དེང་གི་ཆར་བོན་གྱི་བཀའ་བརྟེན་རྣམས་རང་རེའི་མིག་གི་སྤྱོད་ཡུལ་དུ་འགྱུར་བཞིན་པ་ལགས།། ཡིག་སྲོལ་གཉིས་པ་དེ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ཆབ་སྲིད་དང་དམག་གི་སྟོབས་འབྱོར་ཐད་མཐའ་བཞིའི་རྒྱལ་ཕྲན་རྣམས་འགྲམ་ཆུ་ལྡང་དགོས་པ་ཞིག་བྱུང་ཡོད་ན་ཡང་། བོད་རང་ཉིད་ལ་ཡིག་སྲོལ་མེད་པར་གྱུར་ཅིང་། ཡིད་མུག་པའི་གནས་སྟངས་དེ་ཉིད་ལས་སྐྱོབ་ཕྱིར་ཆོས་བློན་ཐོན་མིས་གཙོ་བོར་བྱས་པའི་བོད་ཕྲུག་ཤེས་རབ་བཟང་བ་སཀོར་གཅིག་རྒྱ་གར་འཕགས་པའི་ཡུལ་དུ་བརྫངས་ཏེ་པཎྜི་ཏ་ལྷ་རིག་པའི་སེང་གེ་དང་བྲམ་ཟེ་ནི་ལི་པི་ཀ་ར་སོགས་ཀྱི་མདུན་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པར་བྱས་ཏེ་བོད་དུ་ཕྱིར་ལོག །བོད་སྐད་ཀྱི་གཤིས་ཀ་དང་མཐུན་པའི་ཡིག་སྲོལ་གསར་དུ་བཏོད་པར་མཛད་དེ་ཡི་གེའི་རིག་གནས་ཀྱི་སྣང་བ་གསར་པ་ཤར་ཏོ། །དེ་ནས་རྒྱལ་པོ་དང་བཅས་པས་ཡིག་སྲོལ་དེ་དག་སློབ་གཉེར་གནང་སྟེ་རིང་མིན་བོད་ཀྱི་མཐའ་གྲུ་ཀུན་ཏུ་རིག་གནས་དང་ལོ་ཙཱ་ལ་མཁས་པའི་སྐྱེས་བུ་མང་པོ་བྱུང་སྟེ་བརྒྱ་ཕྲག་འགའ་ཞིག་གི་ནང་རྒྱ་གར་གྱི་ནང་བསྟན་གསུང་རབ་ཕལ་ཆེ་བ་བོད་འགྱུར་གནང་ཟིནཏེ་བཀའ་འགྱུར་དང་བསྟན་འགྱུར་དུ་གྲགས་པའི་གསུང་རབ་རི་བོའི་གཏོས་དང་མཉམ་པའི་བོངས་ཚད་བསྐྲུན་པས་མ་ཚད། བརྒྱ་ཕྲག་འགའ་ཡི་རྗེས་སུ་ཐུན་མོང་རིག་གནས་ཀྱང་བོད་འགྱུར་དང་གསར་རྩོམ་གྱི་ལམ་ནས་རིག་གནས་ལྔ་དང་བཅུར་གྲགས་པ་ཀུན་བོད་སྐད་དུ་བཞུགས་ཐུབ་པ་བྱུང་ཡོད།། དེ་ནས་བཟུང་བརྒྱ་ཕྲག་ཉེར་གཅིག་བར་མི་ལོ་ཆིག་སྟོང་བཞི་བརྒྱ་འདས་ཀྱང་། སྐད་གསར་བཅད་དང་འགྱུར་ཡིག་གསར་བཅད་ཀྱི་ཐབས་ལ་བརྟེན་ནས་སྔ་ཕྱིའི་མཚམས་སྦྱོར་ཤིན་ཏུ་ལེགས་པོ་བྱུང་ཡོད། རྒྱུ་མཚན་འདི་དག་སོགས་ལ་བརྟེན་ནས་འགྱུར་འགྲོས་ཀྱང་བློས་མི་འཁྱུད་པ་དེ་འདྲ་བྱུང་མེད། ཏུན་ཧོང་གི་ཡིག་ཆ་ཕུད་དེ་མིན་དུས་རབས་བཅུ་གཅིག་ནང་བརྩམས་པའི་ས་པཎ་གྱི་གསུང་རྩོམ་ཡང་དེ་རིང་ཁ་སང་བརྩམས་པ་ལྟ་བུར་གནས་ཐུབ་པ་དེ་ནི་སྐད་ཡིག་འདི་ཡི་ཁྱད་ཆོས་ཡིན།། སྐད་ཡིག་འདི་ཡི་བརྗོད་དོན་སྟོན་པའི་ནུས་པ་ཆེ་ཆུང་ལ་མཚོན་ན། གནའ་བོའི་ཤོད་སྲོལ་དུ་རིག་གནས་རྒྱུན་སྐྱོང་ནི་སྒྲུང་བོན་ལྡེའུ་གསུམ་གྱི་ཐབས་ལམ་ལ་བརྟེན་ནས་བྱུང་ཞིང་། དེ་ཡི་དབང་དུ་བྱས་ནའང་སྐད་ཡིག་འདི་ཡི་ནང་བྱ་བྱིའུ་རི་དྭགས་སོགས་ཀྱི་སྒྲུང་ནས་བརྩམས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་ཐར་དང་སྐྱེས་རབས་བརྒྱ་ཕྲག་མང་པོ་བཞུགས་ཡོད། དེ་བཞིན་སྐད་ཡིག་འདི་ཡི་ནང་གནའ་བོའི་བོན་གྱི་རིག་གཞུང་དང་ནང་པའི་རིག་གཞུང་ཡོད་དོ་ཅོག་བཞུགས་ཡོད་པ་སྨྲོས་ཅི་ལ་དགོས། ཐུན་མོང་སྤྱི་ཚོགས་ཀྱི་འཚོ་བའི་ནང་གི་དགོས་མཁོའི་དབང་དུ་བྱས་ནའང་ཐ་ན་རྟ་ཡི་དཔྱད་པ་ལ་སོགས་པའི་བརྟག་པ་དུ་མའི་བསྟན་བཅོས་དང་། བསླབ་བྱ་སྟོན་པའི་འབྱུང་བ་བཞི་སོགས་དཔེར་བྱ་བའི་བསྟན་བཅོས། སྒྲ་རིག་པའི་ཡ་གྱལ་རིག་གནས་ཆུང་བ་ལྔ་ལ་མཚོན་ན་ཡང་མཁས་པ་རྣམས་ངོ་མཚར་སྐྱེ་འོས་པའི་བརྩམས་ཆོས་བསམ་གྱིས་མི་ཁྱབ་པ་བཞུགས་ཡོད།། དབྱངས་ལྔ་དང་གསལ་བྱེད་སུམ་ཅུ་ཆ་ཚང་བཀོལ་ན་ལྟ་ཅི། དབྱངས་ཨ་ཡིག་གཅིག་པུར་བཀོལ་བའི་བསྟན་བཅོས་ཀྱི་ནང་དུའང་ནང་པའི་ལྟ་གྲུབ་ཡོངས་རྫོགས་བརྩམས་ཐུབ་པའི་ཁྱད་ཆོས་ཡོད། མདོར་ན་བསྟན་བཅོས་ཀྱི་རྒྱ་ཆེའི་གཏོས་དང་ནང་དོན་ཟབ་ལ་ཕྲ་བའི་གནད་དོན་གཉི་གའི་ཆ་ནས་འཛམ་གླིང་གི་སྐད་ཡིག་ཡང་རྩེར་སླེབས་པའི་ཁྱད་ཆོས་ཡོངས་རྫོགས་རང་རེའི་སྐད་ཡིག་འདིར་ཚང་ཡོད། དེ་ལྟ་ནའང་ད་ལྟའི་མི་རབས་ཀྱིས་འབྱུང་འགྱུར་མི་རབས་ཀྱི་ཆེད་དུ་གསར་དར་རིག་གནས་རྣམས་བོད་ཀྱི་སྐད་ཡིག་ཏུ་བཞུགས་པ་བཟོ་མ་ཐུབ་ན་སྐད་ཡིག་གིས་ལན་པ་མིན་པར། དེ་ནི་ད་ལྟའི་མི་རབས་ཀྱིས་ལན་པ་ཉག་ཅིག་ཡིན།། དེང་གི་དུས་སུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་དེ་སྔ་མེད་པའི་གསར་གཏོད་ཀྱང་མི་ཉུང་བ་ཞིག་བྱུང་ཡོད། དཔེར་ན། བདུན་རེ་དང་ཟླ་རེའི་གསར་ཤོག དུས་དེབ་ཀྱི་གྲངས་ཀྱང་བརྒྱ་ཕྲག་ལོང་བ། རིག་གནས་ལྔ་གའི་ཐོག་གསར་རྩོམ་ཤིན་ཏུ་མང་པོ། ལྷག་པར་དེང་རབས་ཀྱི་འཚོ་བ་དང་བསམ་སྤྱོད་འབྲེལ་བའི་སྒྲུང་རྩོམ་རིང་ཐུང་འབྲིང་གསུམ། གླུ་གཞས་དང་འཁྲབ་སྟོན་གསར་པ། སྒྲུང་གཏམ་དང་དགོད་བྲོའི་གློག་བརྙན་སོགས་རང་རེའི་མི་འབོར་དང་ཁོར་ཡུག་ལ་ལྟོས་ཏེ་ཆོག་ཤེས་བྱེད་མི་རུང་ཡང་དགའ་བ་སྐྱེ་འོས་པ་ཏན་ཏན་ཡོད།། དགེ་སློང་རེ་མདོ་སེང་གེས་བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཞེས་པའི་དེབ་དེར་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་མི་ཉུང་བ་ཞིག་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བཅར་འདྲི་གནང་བའི་ཁོངས་ནས་ཕྱི་ལོ་ ༢༠༠༩ ལོའི་ཟླ་བ་ ༤ ཚེས་ ༧ ཉིན་སམ་བྷོ་ཊ་སློབ་གྲྭའི་འཛིན་གྲྭ་དྲུག་པའི་སྤྱི་ཚོགས་ཚན་རིག་དང་ས་ཁམས་ལོ་རྒྱུས་ཀྱི་དགེ་རྒན་བུད་མེད་ཅིག་ལ། སློབ་ཕྲུག་ཚོ་འཛིན་གྲྭ་དྲུག་པར་སླེབས་ནས་སློབ་ཚན་མཐའ་དག་དབྱིན་ཇིའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་པའི་སྐབས་དབྱིན་ཇིའི་སྐད་ཡིག་སྦྱོང་འཕྱིས་སྐྱོན་གྱིས་དཀའ་ངལ་འཕར་མ་ཡོང་གི་ཡོད་མེད་སྐད་ཆ་དྲིས་པར། ཁོང་གིས། རང་གི་ཉམས་མྱོང་ཐོག་ནས་བཤད་ན་སློབ་ཕྲུག་ཚོ་འཛིན་གྲྭ་དྲུག་པར་སླེབས་མ་ཐག་ཅུང་དཀའ་ངལ་འཕྲད་ཀྱི་འདུག འོན་ཀྱང་ཁོང་ཚོ་གཞན་དག་དང་མ་འདྲ་བར་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པ་ཡིན་དུས་ཟླ་བ་གཅིག་གཉིས་ཙམ་གྱི་རྗེས་ནས་དཀའ་ངལ་འཕར་མ་གང་ཡང་མེད་པར་རྒྱུན་ལྡན་དུ་ཆགས་འགྲོ་གི་འདུག་ཅེས་ངོ་སྤྲོད་གནང་། ཞེས་བཀོད་པ་གནང་འདུག གཞན་ཡང་སློབ་གྲྭ་གཞན་གྱི་དགེ་རྒན་མི་ཉུང་བ་ཞིག་ལ་བཅར་འདྲི་གནང་བའི་ནང་ཚང་མའི་ལན་དོན་ཐོབ་ཀྱིས་གཅིག་མཚུངས་གནང་འདུག་ན་ད་ལྟའི་སྲིད་བྱུས་འདིར་བཤད་པའི་དབྱིན་ཇིའི་སྐད་ཡིག་འཛིན་གྲྭ་གང་ནས་འགོ་འཛུགས་བྱས་ན་ལེགས་པ་ཡོང་གི་ཡོད་པ་གཏན་འཁེལ་བ་ལྟ་བུ་ཆགས་འདུག། དེ་སྔོན་ཡང་ལན་ཁ་ཤས་ཞུས་ཟིན་ཅིང་། ད་ལམ་སླར་ཡང་ནན་ཏན་ཞུ་རྒྱུར། རིག་གནས་རེ་རེར་བརྒྱུད་ལམ་གྱི་སྐད་ཡིག་དམིགས་བསལ་བ་རེ་རེ་ཡོད་ཅིང་། བོད་ཀྱི་སྐད་ཡིག་འདི་ནི་གཙོ་བོ་བོད་ཀྱི་ཤེས་རིག་གོམས་གཤིས་དང་བཅས་པ་སློབ་སྦྱོང་བྱེད་རྒྱུ་དང་། ལྷག་པར་སྟོན་པ་བཀའ་དྲིན་ཅན་གྱི་གསང་གསུམ་གྱི་ཡོན་ཏན་མི་རབས་ནས་མི་རབས་ས་སྟེང་འདི་ཡི་སྟེང་དུ་གནས་པར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་བརྒྱུད་ལམ་ཆེས་མཆོག་ཏུ་གྱུར་པ་དེ་ཆགས་ཡོད། དེར་བརྟེན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་རང་རེ་བོད་མི་རྣམས་ཁོ་ནའི་ཆེད་དུ་མིན་ཅིང་། འཛམ་གླིང་སྤྱིའི་ཁྱད་ནོར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདམས་ངག་མ་ལུས་པ་གནས་པའི་ཆེད་དུའང་ཡིན་པ་རེད། འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་དངོས་ནི་བོད་མི་ལས་གཞན་ཞིག་གིས་ད་ལྟའི་ཆར་བྱེད་ཐུབ་ཐབས་མེད་ཅིང་། གཞན་དང་གཞན་གྱིས་ནི་འགྱུར་ཡིག་གི་ལམ་ནས་དང་། དངུལ་གྱི་མཐུན་རྐྱེན་སྦྱར་བའི་ལམ་ནས་འདི་ལ་གཞོགས་འདེགས་བྱེད་ཐུབ་ཀྱི་ཡོད་ལ་བྱེད་ཀྱི་ཡང་ཡོད། དེར་བརྟེན་ང་ཚོས་རང་གི་སྐད་ཡིག་གལ་ཆེན་ཡིན་པ་དེ་ཤ་དང་པགས་པའི་གསེབ་ནས་འཛུལ་ཏེ་སྙིང་ལ་ཐུག་པ་ཞིག་གི་བར་དུ་ངེས་པར་དུ་བཟོ་དགོས།། མདོར་ན་སྐད་ཡིག་འདི་ནང་གནའ་དེང་གི་རིག་གནས་ཡོད་དོ་ཅོག་གསར་རྩོམ་དང་འགྱུར་རྩོམ་གྱི་ལམ་ནས་བཞུགས་ཐུབ་པ་ཡིན། དཔེ་མཚོན་ལེགས་ཤོས་ནི་ཇི་ལྟར་དུས་རབས་བདུན་པའི་ནང་བོད་ཀྱི་སྐད་ཡིག་ནང་མེད་པའི་འཕགས་ཡུལ་ནང་པའི་རིག་གནས་ཡོད་དོ་ཅོག་དེ་རྗེས་ཀྱི་དུས་རབས་ནང་བོད་ཀྱི་སྐད་ཡིག་ནང་དུ་བཞུགས་པ་དང་། དེ་ནས་དུས་རབས་འགའ་ཡི་རྗེས་གསར་རྩོམ་གྱི་ལམ་ནས་གཏིང་ཇེ་ཟབ་དང་། རྣམ་དབྱེ་རྒྱ་ཆེར་སྤེལ་ཐུབ་པ་བྱུང་ཡོད་པ་འདི་ཡིན་ནོ། །མཁན་ཆེན་བསོད་དར་རྒྱས་ཀྱིས། ཤེས་རིག་གཞན་གྱིས་འཕྲོག་པའི་གྱོང་རྒུད་འདི། །རྟ་ནོར་གསེར་དངུལ་བརླག་པའི་དོ་ཟླ་མིན། །ཆོལ་ཁ་གསུམ་གྱི་གངས་ཕྲུག་གཞོན་ནུ་དག།ཐབས་ཚུལ་བརྒྱ་ཡིས་ཕ་ནོར་བསྲུང་བར་རེམ། །ཞེས་དང་། དཔའ་རིས་སངས་རྒྱས་ཀྱིས། མི་རིགས་ཀྱི་སྐད་ཡིག་ལ་ལྷད་མེད་ཀྱི་དུང་ཞེན་མེད་མཁན་ཞིག་ཡིན་ན། རང་གི་མི་རིགས་ལ་དགའ་བའི་བསམ་པ་ཡོད་མི་སྲིད་ལ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱང་ཡོད་མི་སྲིད་དེ། རང་ཕན་རིང་ལུགས་སུ་ཐལ་བའི་ཕྱིར་རོ། ཞེས་དང་། རྒྱལ་ཁབ་ལ་གཅེས་པ་རྣམས་མི་རིགས་ལ་མི་གཅེས་པའི་དཔེ་མེད། མི་རིགས་ལ་དགའ་བ་རྣམས་མི་རིགས་ཀྱི་སྐད་ཡིག་ལ་མི་དགའ་བའི་དཔེ་མེད། ཅེས་གསུངས་པ་ལས་རང་གི་སྐད་ཡིག་གམ་བོད་ཀྱི་སྐད་ཡིག་གི་གལ་ཆེ་ཚུལ་ཤིན་ཏུ་གསལ་ལོ།། ཁ དེང་རབས་ཀྱི་ཤེས་ཡོན། ༡ དེང་རབས་ཀྱི་ཤེས་ཡོན་ནི། སྲོལ་རྒྱུན་གྱི་ཤེས་ཡོན་ལྟར་ཆོས་ལུགས་སམ་གནའ་བོའི་རིག་གཞུང་གང་རུང་གི་འབྱུང་ཁུངས་ལ་བརྟེན་པ་མ་ཡིན་པར། ཉེ་བའི་དུས་རབས་ནང་སྐྱེ་བོ་རང་བཞིན་པས་གཙོ་བོ་མངོན་གྱུར་ཤེས་བྱའི་གནས་ལ་དཔྱད་པ་དང་ཚོད་བལྟ་བྱས་པ་ལས་བྱུང་ཞིང་། རིམ་པས་གོང་འཕེལ་དང་དར་རྒྱས་ཕྱིན་པ་ཞིག་ཡིན། ༤།༤ སྤྱིར་བཏང་གནའ་དེང་ཟེར་བ་དུས་ཀྱི་སྒོ་ནས་ཕྱེ་བ་ཡིན་ཡང་། འདིར་དུས་ཀྱི་སྒོ་ནས་ཕྱེ་བ་མ་ཟད་ངོ་བོའི་སྒོ་ནས་དབྱེ་རྒྱུ་ཡང་ཡོད་པ་ཞིག་རེད། ཤེས་བྱར་དབྱེ་ན་མིག་སོགས་དབང་པོ་ལྔའི་ཡུལ་དུ་གྱུར་པའི་མངོན་འགྱུར་གྱི་རིགས་གཅིག་དང་། དེ་ལས་གཞན་པའི་དངོས་སྟོབས་ཀྱི་རིགས་པའི་ཡུལ་དུ་གྱུར་པའི་ཅུང་ཟད་ལཀོག་འགྱུར་གྱི་རིགས་གཅིག དེ་ཡི་སྟེང་དུ་ཡིད་ཆེས་ཀྱི་ལུང་ཁོ་ནའི་ཡུལ་དུ་གྱུར་པའི་ཤིན་ཏུ༌ལཀོག་འགྱུར་གྱི་རིགས་གཅིག་བཅས་གསུམ་ཡོད། དེ་དག་ལས་ཕྱི་མ་དེ་ནི་གནའ་བོའི་རིག་གནས་ཁོ་ནར་གཏོགས་ཤིང་། དང་པོ་དང་གཉིས་པ་ནི་སྤྱིར་གནའ་དེང་གཉིས་ཀའི་ཁོངས་སུ་གཏོགས་ཀྱང་གཙོ་ཆེར་དེང་རབས་ཀྱི་ཤེས་ཡོན་གྱི་ཁོངས་སུ་གཏོགས་པ་ཡིན།། དེང་རབས་ཀྱི་ཤེས་ཡོན་ནི་ཉེ་བའི་ལོ་རབས་ནང་སྐྱེ་བོ་ཕལ་པས་རང་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་མངོན་འགྱུར་ཤེས་བྱའི་གནས་ལ་དཔྱད་པ་དང་ཚོད་བལྟ་བྱེད་པ་ལས་བྱུང་ཞིང་། རིམ་པས་གོང་འཕེལ་དང་དར་རྒྱས་སུ་ཕྱིན་པ་ཞིག་ཡིན། འདི་ནི་གཙོ་བོ་སྐྱེས་བུ་སྒེར་ཞིག་དང་། མི་རིགས་ཤིག སྤྱི་ཚོགས་ཤིག རྒྱལ་ཁབ་ཅིག་གི་མི་ཚེ་དང་མི་རབས་རྗེས་མའི་ཆེད་དུ་ཚུལ་བཞིན་འཚོ་ཐུབ་པར་མེད་དུ་མི་རུང་བའི་ཤེས་ཡོན་རྣམས་ལ་ངོས་འཛིན་བྱེད་དགོས་པ་ཡིན། བོད་ལ་མཚོན་ན་དེ་སྔ་དེང་རབས་ཀྱི་ཤེས་ཡོན་མེད་པའི་རྒྱུ་མཚན་ལ་བརྟེན་ནས་རང་གི་ལུང་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་གྲག་པ་དེར་ཉི་མ་དེ་རིང་གི་བར་དུ་ཤོར་ཏེ་ལུས་ཡོད། རིག་གནས་འདི་དག་གིས་ཚེ་རབས་རྗེས་མའི་ཆེད་དུ་དེ་ཙམ་ཕན་ཐོགས་ཡོང་གི་མེད།། གནའ་བོའི་ཤེས་ཡོན་ནམ་རིག་གནས་ཀྱིས་འདི་ཕྱི་གཉིས་ལས་ཕྱི་མ་དང་། མི་རབས་དང་ཚེ་རབས་གཉིས་ནས་གཙོ་བོར་ཚེ་རབས་རྗེས་མར་དམིགས་པ་ཞིག་ཡིན། དེར་བརྟེན་གནའ་དེང་གི་ཤེས་ཡོན་ནམ་རིག་གནས་ཡོངས་སུ་རྫོགས་པ་མི་ཡི་གནས་སྐབས་དང་མཐར་ཐུག་གི་དགོས་མཁོར་མེད་ཐབས་མེད་པ་ཡིན། སློབ་གྲྭ་ཁག་ནང་གཙོ་བོར་སློབ་འཁྲིད་བྱེད་རྒྱུ་ནི་དེང་རབས་ཀྱི་སློབ་ཚན་རྣམས་མ་གཏོགས་གནའ་རབས་ཀྱི་སློབ་ཚན་རྣམས་གཙོ་བོར་བཞག་མེད། འོན་ཀྱང་བོད་ཀྱི་སྐད་ཡིག་དང་ཚད་མ་རིག་པའི་སྟོབས་ཀྱིས་གལ་ཏེ་སློབ་ཕྲུག་བྱེ་བྲག་པ་གཅིག་གནའ་བོའི་ཆོས་ཀྱི་སློབ་སྦྱོང་དང་བོད་ཀྱི་གསོ་བ་རིག་པ་སོགས་སློབ་སྦྱོང་བྱེད་འདོད་ན་སྐབས་འཕྲལ་དགེ་རྒན་རྣམས་ཀྱིས་ལམ་སྟོན་གནང་རྒྱུ་ཡིན་པ་རེད། གཞི་རིམ་འོག་མ་དང་བར་མའི་སློབ་ཕྲུག་མཆོག་སྤྲུལ་དུ་ངོས་འཛིན་བྱུང་བ་དང་གསར་དུ་རབ་ཏུ་བྱུང་བ་ཇི་སྙེད་ཅིག་རྗེས་སོར་དགོན་པ་གྲྭ་ཚང་རྣམས་སུ་ཆོས་ཀྱི་སློབ་གཉེར་གནང་སྐབས་དཀའ་ངལ་མི་འཕྲད་པས་མ་ཚད་ཆོས་ཀྱི་སློབ་སྦྱོང་ཚད་ལྡན་གནང་ཐུབ་ཀྱི་ཡོད་པ་རེད། གཞི་རིམ་གོང་མའི་འཛིན་གྲྭ་ཐོན་ཏེ་བོད་ཀྱི་སྨན་རྩིས་ཁང་དུ་གསོ་བ་རིག་པའི་སློབ་སྦྱོང་གནང་སྟེ་བསླབ་པ་མཐར་སོན་བྱུང་སྟེ་སྤྱི་ཚོགས་ཀྱི་དབུས་སུ་སྲི་ཞུ་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པ་ཡིན་པ་ནི་ང་ཚོ་ཚང་མར་རྒྱུས་མངའ་ཡོད་པ་རེད།། ༢ གཙོ་ཆེ་བའི་དབང་དུ་བྱས་ན་ཚན་རིག་དང་། དེ་ལས་བྱུང་བའི་འཕྲུལ་རིག །རྩིས་རིག །སྤྱི་ཚོགས་དང་དཔལ་འབྱོར་རིག་པ། འཛིན་སྐྱོང་རིག་པ། འཆར་འགོད་རིག་པ། གཞན་ཡང་སྒྱུ་རྩལ་ལ་ཚན་རིག་གི་མིང་གིས་བཏགས་པ་ཕལ་མོ་ཆེ་རྣམས་དེང་རབས་ཀྱི་ཤེས་ཡོན་གྱི་རིག་གནས་ཡིན། ༤།༥ འདིར་བཤད་པའི་ཚན་རིག་དང་སྒྱུ་རྩལ། རྩིས་ཀྱི་རིག་པ། དེ་བཞིན་འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ། བཟང་སྤྱོད་བཅས་ངོ་སྤྲོད་ཀྱི་ཚུལ་དུ་ཤེས་ཡོན་སྲིད་བྱུས་འདི་ཡི་དོན་ཚན་བརྒྱད་པ། ཤེས་ཡོན་གྱི་སློབ་ཚན་ཞེས་པའི་ནང་གསེས་ཅ་པར་ཚན་རིག་དང་སྒྱུ་རྩལ། ཆ་པར་རྩིས་ཀྱི་རིག་པ། ཇ་པར་འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ། ཉ་པར་བཟང་སྤྱོད་བཅས་བཀོད་ཡོད། དེ་བཞིན་གོང་བཀོད་ཚན་རིག་ལས་བྱུང་བའི་འཕྲུལ་རིག་དང་། འཛིན་སྐྱོང་རིག་པ། འཆར་འགོད་རིག་པ། གཞན་ཡང་སྒྱུ་རྩལ་ལ་ཚན་རིག་གི་མིང་གིས་བཏགས་པ་ཕལ་མོ་ཆེ་བཅས་པ་རྣམས་དེང་རབས་ཀྱི་ཤེས་ཡོན་རིག་གནས་ཡིན། དེ་ཡི་སྟེང་ཚོང་རྩིས་རིག་པ། ཀམ་པུའི་ཊར་གྱི་ཤེས་བྱ། འཕྲོད་བསྟེན་གྱི་ཤེས་བྱ་སོགས་འདིར་མ་འཁོད་པ་ཡང་ཇི་སྙེད་ཅིག་ཡོད་པ་ལགས་སོ།། ཚན་རིག་ཟེར་བའི་ཚིག་འདིའི་ལེ་ཊིན་གྱི་ཐ་སྙད་ནི་ས་ཨན་ཊི་ཡ་ (Scientia)ཡིན་ཞིང་། འདི་ཡི་དོན་ནི་ཆོས་ཀུན་ཤེས་པར་བྱེད་པ་ལ་ཟེར་ཞིང་། མཚན་ཉིད་འདི་ཡི་དབང་དུ་བྱས་ན་ཆོས་ཀུན་ཚན་རིག་ཏུ་གཏོགས། ཤེས་པར་བྱ་བའི་ཆོས་ཀུན་གྱི་རང་བཞིན་གྱི་གནས་སྟངས་ངོས་འཛིན་པར་སྡེ་ཚན་དུ་བསྒྲིགས་ཏེ་གྲུབ་དོན་མངོན་འགྱུར་བརྟག་དཔྱད་ཀྱི་ལམ་ནས་གཏན་འབེབས་བྱུང་བའི་ཚན་པ་ཞིག་ལ་ཚན་རིག་ཟེར། འདི་ནི་དེང་རབས་ཀྱི་སྤྱི་ཚོགས་འཚོ་བའི་དབུལ་ཕྱུག་འབྲིང་གསུམ་དང་ཐད་ཀར་འབྲེལ་བའི་སློབ་ཚན་གལ་ཆེན་ཞིག་ཡིན། འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཚན་རིག་ལ་མཐོང་ཆེན་སྤྲད་དེ་འདི་ཉིད་ཀྱི་སློབ་སྦྱོང་ཚད་མཐོར་གཏོང་སླད་འགྲོ་གྲོན་སྒོར་མོ་ས་ཡ་མང་པོ་གཏོང་གི་ཡོད། སློབ་ཚན་འདི་ནི་མཐོང་ཐོས་རེག་གསུམ་གྱི་དངོས་པོ་ཡོད་ཚད་ལ་ཞིབ་ཚགས་པོའི་ཐོག་ནས་དེ་དག་གི་ངོ་བོ་དང་བྱེད་ལས་སོགས་ལ་བརྟག་དཔྱད་མཐིལ་ཕྱིན་པ་བྱས་ཏེ་འགྲོ་བ་མི་རྣམས་ལ་ཇི་ལྟར་ཕན་ཐོགས་ཡོད་མིན་ཚུལ་བཞིན་ཤེས་ཐུབ་པ་ཡིན།། ཚན་རིག་གི་སློབ་སྦྱོང་མང་པོ་ལྟ་ཅི་ཉུང་ཉུང་ཞིག་ཤེས་ན་ཡང་། ང་ཚོས་ཟ་མ་ག་རེ་ཟོས་ན་ལུས་ཀྱི་ཆ་ཤས་ག་རེ་ལ་ཕན་ཐོགས་ཀྱི་ཡོད་པ་དང་། དེ་བཞིན་ཟ་མ་ག་རེ་ཟོས་ན་ལུས་ཀྱི་ཆ་ཤས་ག་རེ་ལ་གནོད་ཀྱི་ཡོད་པ། རང་བྱུང་གི་སྐྱེ་དངོས་གང་ལས་རང་ལ་དགོས་པའི་སྟོབས་སྐྱེའི་ནུས་པ་གང་ཞིག་ཐོབ་ཀྱི་ཡོད་པ་སོགས་ཆུང་ཙག་འདི་རིགས་ཀྱིས་མི་ཞིག་གི་གཟུགས་པོ་ཐང་པོ་གང་འདྲ་བྱས་ནས་ཡོང་གི་ཡོད་པ་ཚུལ་བཞིན་ཤེས་ཐུབ་པ་ཡིན། དེ་ནས་རྒྱ་བསྐྱེད་ན་དེང་གི་ཕྱི་དངོས་པོའི་མཐུན་རྐྱེན་ཡོད་ཚད་ཐམས་ཅད་ཚན་རིག་སློབ་སྦྱོང་གི་འབྲས་བུ་ཡིན་པ་རེད། འདི་ལ་གཙོ་བོའི་དབང་དུ་བྱས་ན་ནང་གསེས་ཚན་པ་གསུམ་དུ་ཕྱེ་བ་ཡིན། དེ་དག་ནི་སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ་དང་། རྫས་འགྱུར་རིག་པ་བཅས་ཡིན། གཞན་ཡང་ཚན་རིག་དང་སྒྱུ་རྩལ་གྱི་ཁོངས་གཏོགས་འདིར་སྤྱི་ཚོགས་ཚན་རིག་དང་། ལོ་རྒྱུས་ཀྱི་ཤེས་བྱ། བློ་རིག་སོགས་ཀྱང་འདིར་བཞག་ཡོད། རྒྱས་པར་བཤད་ན་སྤྱི་ཚོགས་ཚན་རིག་གཅིག་པུར་མཚོན་ན་ཡང་ས་ཁམས་རིག་པ་དང་། ཆབ་སྲིད་ཀྱི་རིག་པ། ཁོར་ཡུག་གི་ཤེས་བྱ་སོགས་ཀྱང་འདིར་བསྡུས་པ་ཡིན། འཇིག་རྟེན་གྱི་ཁམས་ནང་ནུས་པ་བསམ་གྱིས་མི་ཁྱབ་པ་བཞི་ཡོད་པའི་ཁོངས་ནས་རྫས་ཀྱི་ནུས་པ་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པ་དེ་ནི་ཚན་རིག་གི་ཤེས་བྱ་ལ་བརྟེན་ནས་ཐོབ་པ་ཡིན་ནོ།། སྐྱེ་དངོས་ཚན་རིག འདི་ནི་ཚན་རིག་གི་ཡ་གྱལ་གཙོ་བོ་རྩི་ཤིང་དང་སྲོག་ཆགས་སཀོར་གྱི་སློབ་ཚན་དེ་ལ་ཟེར། རྩི་ཤིང་གི་སཀོར་མཐིལ་ཕྱིན་ཤེས་ན་ཞིང་འབྲོག་དང་སྨན་སྦྱོར་གྱི་སཀོར་ཡག་པོ་ཤེས་ཏེ་ལོ་ཏོག་ཕུན་སུམ་ཚོགས་པའི་འབྲས་བུ་དང་། ཕྱུགས་སོགས་ལས་བྱུང་བའི་ཤ་དང་འོ་མ། མར་སོགས་ཀྱི་མཐུན་རྐྱེན་འབེལ་པོ་ཡོང་གི་ཡོད། གནའ་བོའི་དུས་སུ་མི་ཡི་སྤྱི་ཚོགས་ཡང་དག་པར་འཚོ་ཐུབ་མིན་ནི་འདི་གཉིས་ཀྱི་ཐོན་སྐྱེད་ལ་རག་ལུས་ཤིང་། དེར་མ་ཟད་དེང་གི་དུས་སུ་ཡང་རང་རེའི་སྤྱི་ཚོགས་ཡར་རྒྱས་ལྡན་མིན་ཡང་གཞི་རྩའི་ཆ་ནས་ཞིང་འབྲོག་གི་ཐོན་སྐྱེད་དེ་ཟས་གོས་གནས་མལ་བཟང་ཞན་དང་འབེལ་པོ་ཡོད་མིན་ལ་རག་ལས་པ་རེད།། ད་ཆ་སྔར་དང་མི་འདྲ་བའི་ནད་རིགས་གསར་པ་མང་པོ་ཞིག་དེང་གི་དུས་སུ་འབྱུང་གི་ཡོད་ནའང་། སྔོན་འགོག་གི་ལག་རྩལ་དང་སྨན་སྦྱོར་གྱི་མཐུན་རྐྱེན་ཡང་སྐྱེ་དངོས་ཚན་རིག་གི་ལག་རྗེས་ལས་འབྱུང་གི་ཡོད། དགའ་དགོས་པའི་གནས་ཚུལ་གཅིག་ནི་དེ་སྔའི་བསམ་ཚུལ་དུ་མེད་པའི་སྨན་སྦྱོར་གྱི་མཐུན་རྐྱེན་བྱུང་བ་ལ་བརྟེན་ནས་འཛམ་གླིང་གི་སྨན་ཁང་ཆེ་ཁག་མང་པོར་ཚེ་མ་རྫོགས་ན་སྲོག་ལ་ཕལ་ཆེར་འགན་འཁྱེར་ཐུབ་པའི་མཐུན་རྐྱེན་ཡང་མི་ཉུང་བ་ཞིག་ཡོད་པ་ཡིན། དེར་བརྟེན་སྐྱེ་དངོས་ཚན་རིག་ནི་ང་ཚོ་མི་ཡི་འཇིག་རྟེན་འདི་འཚོ་བ་ལ་གཞི་རྩའི་དགོས་མཁོ་སྒྲུབ་མཁན་དེ་ཆགས་ཡོད། སྐྱེ་དངོས་ཚན་རིག་སློབ་སྦྱོང་བྱེད་པ་ནི་མི་ཚེ་བཟང་ཕྱོགས་སུ་ཇི་ལྟར་སྐྱེལ་ཐུབ་མིན་གྱི་སློབ་སྦྱོང་ལྟེ་བ་ཞིག་ཀྱང་ཡིན། རང་རེ་བོད་ཀྱི་གསོ་བ་རིག་པའི་གཞུང་ནང་གཟུགས་པོ་བདེ་ཐང་འོང་བར་ཟས་དང་སྤྱོད་ལམ། སྨན་དང་དཔྱད་ཚུལ་བཞིན་བསྟེན་སྟངས་བཤད་པ་བཞིན་སྐྱེ་དངོས་ཚན་རིག་ལས་བྱུང་བའི་སྨན་གཞུང་རིག་པ་རྣམས་ལས་ཀྱང་དེ་དང་མཐུན་པར་ཤོད་ཀྱི་ཡོད། མདོར་ན་གནའ་དེང་གི་སྨན་གྱི་ཤེས་བྱ་གཉིས་ཀ་སྐྱེ་དངོས་ཚན་རིག་ཁོངས་སུ་གཏོགས་པ་ཡིན། དེང་གི་དུས་སུ་ནད་པ་དང་ཨེམ་ཆི་གཉིས་ཀས་གནའ་དེང་གི་སྨན་བཅོས་གཉིས་ཀ་ཟུང་འབྲེལ་དུ་བསྟེན་ཏེ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་གནས་ཐུབ་པ་བྱུང་ཡོད། །ཤེས་ཡོན་སྲིད་བྱུས་འདིར་དགེ་རྒན་རྣམས་ནས་སློབ་ཚན་འདི་དག་སློབ་ཕྲུག་རྣམས་ལ་སློབ་འཁྲིད་གནང་སྐབས་བཟང་སྤྱོད་དང་ཕན་སེམས་སྦྲགས་ཏེ་སློབ་དགོས་པ་གཙོ་འདོན་ཞུ་གི་ཡོད་པ་རེད། རིག་པ་ངོ་སྤྲོད་བྱེད་སྟངས་ནི་གཞུང་དང་ལག་ལེན། གསར་གཏོད་གང་དགོས་སྐབས་སྟོབས་གནང་རྒྱུ་ཡིན་པ་སྨོས་མེད་རེད། སྟབས་མ་ལེགས་པ་ཞིག་ལ་དེང་གི་དུས་དངུལ་དང་དངོས་པོའི་རྗེས་སུ་ཤས་ཆེར་རྒྱུག་ཆེ་བའི་དབང་གིས་སྨན་ཁང་དང་སྨན་པ་རེ་ཟུང་གིས་ནད་པའི་མཁལ་མ་ལ་སོགས་ཚོང་གི་ཆེད་དུ་བརྐུས་པའི་ལོ་རྒྱུས་ཀྱང་གསར་འགྱུར་ཁག་ནས་ཐོན་དང་འཐོན་བཞིན་པ་རེད། དེ་འདྲའི་རིགས་རྩ་བ་ནས་མི་ཡོང་བ་སོགས་ལ་སྲིད་བྱུས་འདི་ཡིས་ལམ་སྟོན་བྱེད་ཀྱི་ཡོད་པ་རེད།། གོང་དུ་བཤད་པ་བཞིན་སྨན་གྱི་ཤེས་བྱར་བྱང་ཆུབ་ཀྱང་ནང་གི་ཡོན་ཏན་གྱི་རྩིས་མ་ཟིན་པའི་གནས་སྐབས་སུ་འདི་འདྲའི་རིགས་མང་དུ་མང་དུ་འགྲོ་བཞིན་པ་རེད། སོ་ནམ་འདེབས་ལས་ལ་མཚོན་ན་ཡང་རང་བྱུང་ས་གཞིའི་ནུས་པ་བསྐྱར་གསོ་བྱས་ཏེ་རྫས་ལུད་གསར་བཟོས་བྱས་པ་གང་ཉུང་ཉུང་ལ་བརྟེན་ནས་ལོ་ཏོག་རྣམས་མི་ཡི་ལུས་ཁམས་ལ་ཕན་པ་དང་། འབྱུང་འགྱུར་ལོ་ཏོག་དེ་ཉིད་ཀྱིས་འབྱུང་འགྱུར་སྟོན་ཐོག་གི་ས་བོན་དུ་རུང་བར་འབད་རྩོལ་བྱེད་པ་སོགས་སྲིད་བྱུས་འདི་ཡི་དགོངས་དོན་ཡིན། ཞིང་པ་མང་པོ་ལྟ་ཅི་རེ་ཟུང་དང་འབྲེལ་འདྲིས་བྱས་ཏེ་ཉམས་ཞིབ་བྱས་ན་ཡང་དེང་གི་དུས་སུ་ཚད་ལས་འདས་པའི་འབུ་རིགས་ཀྱི་གྲངས་ཀྱིས་སྟོན་ཐོག་རྣམས་བཅོམ་པར་མ་ཟད་རང་བྱུང་ཁམས་ཀྱིས་སྟོན་ཐོག་ལ་མི་གནོད་པའི་འབུ་རིགས་རྣམས་ཀྱང་འབུར་འཇོམས་བྱས་ཏེ་དེ་དག་རྩ་བ་ནས་སྐྱེ་འཕེལ་མེད་པར་གྱུར་པའི་གནས་ཚུལ་ཡང་ཇི་སྙེད་ཅིག་ཡོང་གི་ཡོད་པ་རེད།། འདི་ནི་འཛམ་གླིང་སྤྱི་ལ་བསམ་བློ་གཏོང་མ་ཐུབ་ཀྱང་རང་གི་ཞིང་གི་འདེབས་ལས་ལ་བསམ་བློ་མ་བཏང་ཀ་མེད་ཆགས་ཡོད། དེར་བརྟེན་ང་ཚོས་རང་གི་བུ་ཕྲུག་ཚོར་སྐྱེ་དངོས་ཚན་རིག་སློབ་འཁྲིད་བྱེད་ཀྱི་ཡོད་པ་རེད། །དེ་བཞིན་ཚན་རིག་གི་ཡ་གྱལ་འདིར་ཀླད་རྩ་དང་དབང་རྩ་སོགས་ལ་ཉམས་ཞིབ་གཏིང་ཟབ་བྱས་ཏེ་སེམས་དང་འབྲེལ་བའི་ཚོར་བ་བདེ་སྡུག་བཏང་སྙོམས་སོགས་ཀྱི་གནས་སྐབས་སུ་ཀླད་རྩ་དང་དབང་རྩ་སོགས་ལ་འགྱུར་ལྡོག་གང་ཞིག་འབྱུང་གི་ཡོད་མིན་སཀོར་ནང་པའི་གཞུང་དང་མཉམ་བསྒྲུན་ཉམས་ཞིབ་བྱས་ཏེ་ཚེ་དང་སྲོག་ལས་བརྩམས་པའི་དཔེ་དེབ་ཀྱང་མི་ཉུང་བ་ཞིག་དབྱིན་བོད་གཉིས་ཀའི་ནང་དཔར་དུ་བསྐྲུན་ཐུབ་པ་བྱུང་ཡོད།། དངོས་ཁམས་ཚན་རིག འདི་ནི་གཙོ་བོ་གདོས་ཚད་དང་ནུས་པ། འགུལ་བསྐྱོད་དང་ཤུགས་ཚད། འོད་དང་རྡུལ་ཕྲན། གཟའ་དང་རྒྱུ་སྐར། འཇིག་རྟེན་ཆགས་སྟངས། ཨང་རྩིས་དང་འགུལ་བསྐྱོད། གེ་ལོ་ལིའོ་དང་ཀེ་ན་མེ་ཊིགས་གྱི་མ་བཅོས་ལྷུང་བ།གློག་དང་འཕྲུལ་འཁོར། ནིའུ་ཊོན་གྱི་གྲུབ་དོན་ལ་སོགས་པའི་བརྗོད་བྱ་གསར་རྙེད་དང་གསར་གཏོད་བྱུང་བའི་ཚན་རིག་གི་ཚན་པ་གལ་ཆེན་ཞིག་ཡིན། དངོས་ཁམས་ཚན་རིག་འདི་ནི་འཕྲུལ་རིག་ཏུ་གྲགས་པ་དེའི་སྲོག་ཤིང་ལྟ་བུར་གྱུར་ཡོད། འདི་ཉིད་ཚད་མཐོར་ཤེས་པར་ཨང་རྩིས་རིག་པ་དེ་མེད་ཐབས་མེད་པ་ཡིན། འདས་པའི་ལོ་ངོ་བརྒྱ་ཕྲག་གཅིག་གི་ནང་ཡར་ཐོན་རྒྱལ་ཁབ་ཕལ་ཆེ་བའི་ནང་གི་མིའི་མི་ཚེར་ཧ་ལས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དཔེར་ན་དགུན་གྱི་དུས་སུ་གྲང་མི་དགོས་པ་དང་། དབྱར་གྱི་དུས་སུ་ཚ་བས་མནར་མི་དགོས་པ་ལྟ་བུ་ཡིན། ཁྱིམ་ཚང་ནང་གི་གློག་དང་འགྲིམ་འགྲུལ་གྱི་མོ་ཊ་སོགས་ནས་བཟུང་བཟོ་གྲྭ་ཆེན་པོའི་མཐུན་རྐྱེན་ཡོངས་རྫོགས་བར་དངོས་ཁམས་ཚན་རིག་གི་ཤེས་བྱ་དེ་བེད་སྤྱོད་བྱེད་པ་ཡིན། ཀམ་པུའི་ཊར་གྱི་ཤེས་བྱ་ནས་བཟུང་གོ་ལའི་གཟའ་སྐར་གྱི་ཤེས་བྱ་བར་དངོས་ཁམས་ཚན་རིག་གི་ཤེས་བྱས་ཁྱབ་ཡོད། མིག་དང་རྣ་བའི་མངོན་ཤེས་མེད་ཀྱང་ཡོད་པ་ལྟར་ཐག་རིང་ཡུལ་གྱི་གཟུགས་དང་སྒྲ་རྣམས་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ལམ་ནས་རྣ་བས་གོ་ཐུབ་པ་དང་མིག་གིས་མཐོང་ཐུབ་པ་ནི་ཀུན་ལ་ཡོངས་གྲགས་ཡིན།། དངོས་ཁམས་ཚན་རིག་པ་འགའ་ཞིག་ནི་ངོ་མཚར་སྐྱེ་འོས་པའི་རང་གི་གསར་རྙེད་དང་གྲུབ་དོན་ལ་བརྟེན་ནས་མངོན་ཐོན་དུ་གྱུར་ཡོད། དཔེར་ན་མེ་རི་ཀྱུ་རི་ (Marie Curie) དང་རུ་དར་ཕོརྜ་ (Ernest Rutherford)། ཨལ་བར྄ཊ་ཨ་ཡེན་སི་ཊིན་ (Albert Einstein) དང་སི་ཊི་ཕན་ཧོ་ཀིང་ (Stephen Hawking) ལྟ་བུ་ཡིན།དེ་དག་གིས་ལཀོག་གྱུར་གྱི་ཆོས་གྱེས་འཕྲོའི་རང་བཞིན་ (Radioactivity) དང་། འགྱུར་ལྡོག (Transmutation) དེ་བཞིན་དུས་དང་ནམ་མཁའ། གདོས་ཚད་དང་ནུས་པ་བཅས་ཀྱི་ངོས་འཛིན་ཐད་དེ་སྔའི་བསམ་ཚུལ་ཕྱིན་ཅི་ལོག་རྣམས་རྨེག་མེད་དུ་བཟོས་ཏེ་ངོས་འཛིན་གསར་པ་འཐད་ལྡན་གསར་བཤད་བྱས་ཡོད་པ་རེད། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་ད་ལྟའང་དངོས་ཁམས་ཚན་རིག་གི་ཤེས་བྱ་གཏིང་ཟབ་རྣམས་དཔལ་འབྱོར་རྒྱུ་མཚན་དུ་བྱས་ཏེ་མང་ཚོགས་ཕལ་པ་ལ་དེ་ཙམ་སྦྱོང་རྒྱུའི་གོ་སྐབས་ཉུང་ཉུང་ཡིན་པ་རེད།། དུས་རབས་ཉེར་གཅིག་ནང་ཕྱོགས་ཡོངས་ནས་དེ་སྔའི་དུས་རབས་ལས་བདེ་སྐྱིད་མང་བ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། དེར་མ་ཟད་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལས་ཀ་ཡན་ཆད་ཚུལ་བཞིན་བྱེད་ཐུབ་མིན་དངོས་ཁམས་ཚན་རིག་གི་ཤེས་བྱ་ཇི་ཙམ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་ཡོད་མིན་ལ་རག་ལུས་པ་ཡང་ཡིན་ནོ། །ཉེ་བའི་ཆར་རྒྱ་ནག་གིས་ཉི་ཧོང་གི་མཚོ་ཕྲན་ཞིག་མ་བདག་བདག་བཟུང་བྱེད་རྒྱུའི་ཧམ་སེམས་བཅང་སྟེ་སྡིགས་ར་སྐུལ་བ་ན་ཉི་ཧོང་གིས། ང་ཚོར་བོད་ལ་འགྲོ་བ་ནང་བཞིན་འགྲོ་གི་མ་རེད། ཅེས་ལན་འདེབས་བྱས་རྗེས་ཙི་ཙིས་ཞི་མི་མཐོང་བའི་རྣམ་འགྱུར་དང་གཉིས་སུ་མེད་པ་རྒྱ་མིས་ཉི་ཧོང་ལ་བསྟན་དགོས་ཐུག་པ་དེ་ནི་ཉི་ཧོང་གི་དངོས་ཁམས་ཚན་རིག་གི་ཤེས་བྱ་རྩེ་མོར་སོན་ཏེ་དེའི་འབྲས་བུར་རང་ས་རང་སྲུང་ཐུབ་པའི་གནས་སྟངས་དེ་ཆགས་པ་རེད། འབྱུང་འགྱུར་ང་ཚོས་ཀྱང་དངོས་ཁམས་ཚན་རིག་སྟེང་ངོ་མཚར་སྐྱེ་འོས་པའི་སློབ་སྦྱོང་བྱེད་ཐུབ་ན་གང་ཅིར་གཞན་དྲིང་མི་འཇོག་པ་འོང་བའི་རེ་བ་ད་ལྟ་ནས་བྱེད་ཆོག་པ་ཡིན།། གཞན་ཡང་སློབ་ཚན་འདིར་འོད་དང་རྡུལ་སོགས་ཀྱི་ཕྲ་བའི་ཤེས་བྱར་མངོན་ཐོན་བྱུང་སྟེ་ནང་པའི་ལྟ་གྲུབ་ནང་གསུང་པའི་རྟེན་འབྲེལ་དང་ལྟོས་གྲུབ་ཀྱི་རྣམ་གཞག་སྟེང་ཚན་རིག་གི་ལམ་ནས་ཀྱང་བདེན་དཔང་བྱེད་ཐུབ་པ་ཆགས་ཀྱི་ཡོད། ཡར་ཐོན་དུ་གྲགས་པའི་རྒྱལ་ཁབ་ཚང་མའི་དཔལ་ཡོན་ནི་ཚན་རིག་དང་འཕྲུལ་རིག་གི་ལག་རྗེས་ཡིན་པར་བརྟེན་ཚིག་ཉུང་ངུར་བཤད་ན་དངོས་ཁམས་ཚན་རིག་གི་འབྲས་བུ་ཆགས་ཀྱི་ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཚང་མ་གློག་ལ་མ་བརྟེན་པ་ནི་གཅིག་ཀྱང་མེད་ཅིང་། གློག་གི་འབྱུང་ཁུངས་ནི་ཆུ་དང་ཉི་མ་སོགས་ཡིན་ན་ཡང་ཚན་རིག་དང་འཕྲུལ་རིག་གི་ཤེས་བྱ་མེད་ན་ང་ཚོར་དགོས་པའི་གློག་གི་བེད་སྤྱོད་རྣམས་ཐོབ་ཐབས་མེད། གནའ་བོའི་དུས་སུ་ཁོར་ཡུག་དང་མི་འབོར་གྱི་རྐྱེན་པས་དངོས་ཁམས་ཚན་རིག་གི་ཤེས་བྱ་མེད་ཀྱང་རྒྱལ་ཁབ་ཅིག་ཚུལ་བཞིན་དུ་འཚོ་ཐུབ་ཀྱི་ཡོད་རུང་། དེང་གི་དུས་སུ་དངོས་ཁམས་ཚན་རིག་གི་དར་རྒྱས་མེད་པའི་རྒྱལ་ཁབ་ཅིག་ཡིན་ན་གནས་མི་ཐུབ་པའི་ཚོད་ལྟ་བུར་གྱུར་ཡོད། ལྷག་པར་དེང་གི་འཛམ་གླིང་ནི་ས་ཁྱོན་ཆེ་རུ་སོང་མེད་ཀྱང་ཚན་རིག་གི་ཤེས་བྱའི་ནུས་པ་ལ་བརྟེན་ནས་འབྲེལ་འདྲིས་ཤུགས་ཆེར་གྱུར་ཏེ་ཤར་གླིང་གི་རྒྱལ་ཁབ་རྣམས་ལ་ཛ་དྲག་གི་རོགས་རམ་དགོས་པ་བྱུང་ཚེ་ནུབ་གླིང་གི་རྒྱལ་ཁབ་རྣམས་ནས་དུས་ཐོག་ཏུ་རོགས་རམ་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་དེ་ལས་ལྡོག་སྟེ་གནོད་པ་སྐྱེལ་དགོས་བྱུང་ན་ཡང་ཚན་རིག་གི་ཤེས་བྱའི་ནུས་པ་ལ་བརྟེན་ནས་སྐད་ཅིག་གཅིག་ནང་རང་དང་མི་མཐུན་པའི་རྒྱལ་ཁབ་དེ་ཉིད་རྩ་མེད་དུ་བཟོ་ཡང་ཐུབ་པ་ཡིན། འོན་ཀྱང་ཤེས་ཡོན་སྲིད་བྱུས་ནང་གཞན་ཕན་གྱི་བསམ་བློ་བཤད་པ་དེ་ཡིས་ང་ཚོར་ག་རེ་སློབ་ཀྱི་ཡོད་རེད་ཟེར་ན། ཚན་རིག་གི་ཤེས་བྱ་དེ་རྣམས་ཀྱིས་གཅིག་ཕན་གཅིག་གྲོགས་ཁོ་ནར་བེད་སྤྱོད་བྱེད་དགོས་པ་མ་གཏོགས་གཞན་ལ་གནོད་གཞིའི་རིགས་རྩ་བ་ནས་མི་འགྱུར་བ་བྱེད་དགོས་པའི་སློབ་གསོ་ནན་ཏན་བྱེད་ཀྱི་ཡོད་པ་རེད། དེ་ལ་བདག་ཉིད་ཆེན་པོ་གཱཾ་དྷཱིས་བདེན་པ་དང་འཚེ་མེད་ཞི་བ་ཟེར།། རྫས་འགྱུར་རིག་པ། འདི་ནི་གཙོ་བོ་འཇིག་རྟེན་ཁམས་ཀྱི་ཁམས་སམ་རྫས་ཀྱི་རིགས་མི་འདྲ་བ་སློབ་སྦྱོང་བྱེད་པའི་ཚན་པ་གལ་ཆེན་ཞིག་ཡིན། དེ་སྔ་ཡིན་ན་འཛམ་གླིང་འདིར་ཁམས་རྫས་བྱེ་བྲག་པ་ ༡༠༥ ཡོད་པར་ངོས་འཛིན་བྱས་ཀྱང་དེང་གི་ཆར་ ༡༡༨ ཡོད་པ་ངོས་འཛིན་བྱུང་ཡོད། རྫས་དེ་དག་གི་ངོ་བོ་དང་ནུས་པའི་སྟེང་ཉམས་ཞིབ་མཐར་ཕྱིན་བྱས་རྗེས་དེ་དག་ལས་ང་ཚོར་བེད་སྤྱོད་གང་དང་གང་ཡོད་པ་རྣམས་ཤེས་ཤིང་། ནད་རིགས་མི་འདྲ་བ་ལ་སྨན་མི་འདྲ་བར་བཟོ་ཆེད་ཁམས་ཀྱི་རྫས་མི་འདྲ་བ་གང་ཞིག་དགོས་པ་རྣམས་ཤེས་ཀྱི་ཡོད་པ་རེད། དེ་བཞིན་རྡུལ་ཕྲན་གྱི་ནུས་པ་བསྐྲུན་པ་ལ་ཁམས་རྫས་གང་དང་གང་ཞིག་དགོས་པ་སོགས་ཀྱི་སྟེང་ནས་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་ལྡང་ན་སྟོབས་ཆེན་རྒྱལ་ཁབ་ཏུ་གྲགས་པའི་ནུས་རྩལ་ཡང་རྫས་འགྱུར་རིག་པ་ལ་བརྟེན་ནས་བཟོ་ཐུབ་པ་ཡིན། རྡུལ་ཕྲན་གྱི་ནུས་པ་དེ་འགྲོ་བ་མིའི་འཚོ་གནས་ཀྱི་ཆེད་དུ་བེད་སྤྱོད་གཏོང་བ་མ་གཏོགས་རང་རྒྱལ་གཞན་ཕམ་གྱི་ལས་སུ་ཞུགས་ཏེ་རང་དང་མི་མཐུན་པའི་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་ཏེ་ཕ་རོལ་པོ་སྐད་ཅིག་གཅིག་ནང་རྩ་མེད་དུ་བཟོ་རྒྱུའི་བསམ་བློ་དེ་རིགས་ཤེས་ཡོན་སྲིད་བྱུས་འདིར་ནམ་ཡང་སློབ་ཀྱི་མེད། དེར་བརྟེན་འབྱུང་འགྱུར་ཤེས་ཡོན་སྲིད་བྱུས་འདི་འོག་འཚར་ལོངས་བྱུང་བའི་སློབ་ཕྲུག་ཅིག་ཡིན་ཕྱིན་ཆད་རང་ལས་གཞན་གཅེས་པ་དང་། གཞན་ལ་ཕན་ཐོགས་དེ་ཙམ་བྱེད་མ་ཐུབ་པའི་དབང་དུ་བཏང་ཡང་གཞན་ལ་གནོད་པའི་རིགས་རྩ་བ་ནས་མི་བྱེད་མཁན་ཤ་སྟག་ངེས་པར་དུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།། སྐྱེ་དངོས་ཚན་རིག་དང༌། དངོས་ཁམས་ཚན་རིག རྫས་འགྱུར་ཚན་རིག་གསུམ་སློབ་ཚན་ཐ་དད་ཡིན་ཀྱང་དེ་གསུམ་འབྲེལ་མེད་དོན་གཞན་དེ་འདྲ་གང་ཡང་མིན། ཚན་རིག་གཅིག་སློབ་སྦྱོང་བྱེད་སྐབས་ཚན་རིག་གཞན་གཉིས་ཀྱི་ཤེས་བྱ་ཡང་གཞོགས་འདེགས་ཀྱི་ཚུལ་དུ་ཡོང་གི་ཡོད། འོན་ཀྱང་གཙོ་བོའི་དབང་དུ་བྱས་ནས་བྱེ་བྲག་གསུམ་དུ་བཀར་བ་ཡིན། དེ་རེ་རེ་ལ་ཡང་ནང་གསེས་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་ཡིན། ནང་པའི་སྡེ་སྣོད་གསུམ་པོས་བསླབ་གསུམ་གྱི་བརྗོད་བྱ་སྟོན་པ་དང་གཅིག་པ་ཡིན། འདི་དག་ཀྱང་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། འདུལ་བའི་སྡེ་སྣོད་ཀྱིས་ཏིང་ངེ་འཛིན་དང་ཤེས་རབ་མི་སྟོན་པ་དང་། མདོ་སྡེའི་སྡེ་སྣོད་ཀྱིས་ཚུལ་ཁྲིམས་དང་ཤེས་རབ་མི་སྟོན་པ། དེ་བཞིན་མངོན་པའི་སྡེ་སྣོད་ཀྱིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་མི་སྟོན་པ་མིན་པ་བཞིན་ནོ།། སྤྱི་ཚོགས་ཚན་རིག་ཅེས་པ་ནི་ཡུལ་མིའི་ཀུན་སྤྱོད་ཀྱི་སློབ་གསོ་དང་རྩ་ཁྲིམས་ཀྱི་ཤེས་བྱ། ཁོར་ཡུག་གི་ཤེས་བྱ། ས་ཁམས་རིག་པ། ཆབ་སྲིད་ཀྱི་ལྟ་གྲུབ། དེ་བྱུང་རིག་པའམ་ལོ་རྒྱུས་རིག་པ་སོགས་འདི་ནང་བསྡུས་ཡོད། དེ་དག་ལས་ལོ་རྒྱུས་ཀྱི་རིག་པ་ལ་མཚོན་ན་དེང་རབས་ཀྱི་ལྟ་སྟངས་དང་མཐུན་པའི་ལོ་རྒྱུས་ཀྱི་སློབ་གསོ་བྱེད་ཀྱི་ཡོད་པ་རེད། ལོ་རྒྱུས་ནི་དེང་རབས་ཀྱི་ཤེས་བྱ་ཞིག་མིན་ཡང་ལོ་རྒྱུས་ལ་ལྟ་སྟངས་དེ་དེང་རབས་དང་ངེས་པར་དུ་མཐུན་པ་ཞིག་དགོས་པ་ཡིན། ཉེ་བའི་དུས་རབས་ནང་བརྩམས་པའི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དང་འབྲུག་མོ་སྐྱིད་ཀྱི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་གཉིས་ལོ་རྒྱུས་དགའ་ཚད་དུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ས་བཀྲས་དབེན་པའི་ལོ་རྒྱུས་ཀྱི་དེབ་ཅིག་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་དེབ་ཏུ་དུས་དང་ས་གནས་གང་ཡིན་གྱི་ངོས་འཛིན་ས་ཁྲའི་སྟེང་ནས་བཤད་མེད་ཚེ་ད་ལྟ་ལོ་རྒྱུས་ཀྱི་དེབ་ཐེར་ཚད་ལྡན་ཞིག་ཆགས་ཐུབ་མེད། ད་ཆ་ལོ་རྒྱུས་སློབ་འཁྲིད་བྱེད་སྐབས་ལོ་རྒྱུས་ཀྱི་ལྟ་སྟངས་རྙེད་པའི་ཐོག་ནས་ལོ་རྒྱུས་ཀྱི་སློབ་གསོ་སྤྲོད་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད་པ་རེད། ལོ་རྒྱུས་ཀྱི་ལྟ་སྟངས་མེད་པའི་ཐོག་ནས་ལོ་རྒྱུས་ཀྱི་སློབ་སྦྱོང་བྱེད་པ་ནི་སྒྲུང་གཏམ་ཀློག་པ་དང་ཁྱད་པར་ཆེར་མི་སྣང་། དེང་གི་དུས་སུ་ལོ་རྒྱུས་ལྟ་སྟངས་ཀྱིས་མ་བརྒྱན་པའི་ལོ་རྒྱུས་ཀྱི་འབྲི་རྩོམ་ནི་ཇི་ལྟར་སྤུས་ལེགས་སུ་གྱུར་ཀྱང་རྩོམ་རིག་སློབ་སྦྱོང་གི་ཆ་ཤས་སུ་གྱུར་པ་མ་གཏོགས་ལོ་རྒྱུས་སློབ་སྦྱོང་གི་དཔེ་དེབ་ཚད་དང་ལྡན་པ་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་ཁག་པོ་ཆགས་ཀྱི་ཡོད།། རྩིས་ཀྱི་རིག་པ། འདི་ནི་ཨང་རྩིས་ཀྱི་སློབ་ཚན་ལ་ཟེར་བ་ཡིན། གཞི་རྩའི་རྩིས་ཀྱི་ཤེས་བྱ་སྡོམ་རྩིས་དང་། འཐེན་རྩིས། སྒྱུར་རྩིས། བགོས་རྩིས་བཅས་ནི་ཤེས་རིག་སྤྱིའི་རྨང་གཞི་ཡིན་པར་བརྟེན་སློབ་ཕྲུག་རྣམས་ལ་སློབ་འཁྲིད་བྱེད་དགོས་པ་སྨྲོས་མེད་རེད། གལ་ཏེ་མ་བསླབ་པའི་དབང་དུ་བཏང་ཡང་ལོ་ནའི་འབབ་དང་བསྟུན་ནས་གཞི་རྩའི་ཨང་རྩིས་དེ་རྣམས་མི་ཤེས་པའི་དཀའ་ངལ་དེ་ཙམ་མེད། ལྷག་པར་དེང་གི་དུས་སུ་འཕྲུལ་རིག་གི་འཛམ་གླིང་འདི་ནང་ཨང་རྩིས་ཀྱི་ཤེས་བྱ་ཉུང་མཐར་འཛིན་རིམ་བཅུ་པ་བར་གྱི་གནས་ཚད་མེད་ཚེ་རང་དང་སྤྱི་ཚོགས་ཀྱི་མི་ཚེའི་དགོས་མཁོ་མང་པོ་དང་འབྲེལ་བའི་ལས་རིགས་རྣམས་ཚུལ་བཞིན་བྱེད་ཐུབ་རྒྱུ་དཀའ། དེ་ནས་འཛིན་གྲྭ་བཅུ་གཅིག་ནས་མཐོ་སློབ་ཀྱི་ཨང་རྩིས་ཤེས་བྱ་རྣམས་ཚན་རིག་གི་ཤེས་བྱ་དང་རྩིས་རིག་གི་ཤེས་བྱ་གོང་མཐོར་གཏོང་བ་ལ་མེད་དུ་མི་རུང་བ་ཡིན། དེར་བརྟེན་གཞི་རིམ་འོག་མ་དང་བར་མའི་འཛིན་གྲྭ་རྣམས་སུ་ཨང་རྩིས་ལ་དགའ་མོས་ཀྱི་བློ་ཁ་ཕྱོགས་པ་ཞིག་བཟོ་མ་ཐུབ་ཚེ་གཞི་རིམ་གོང་མར་ཨང་རྩིས་ལེན་རྒྱུར་དཀའ་ངལ་འཕྲད་ངེས་ཡིན།། ཨང་རྩིས་ཀྱི་རིག་པ་འདི་ནི་ཇི་ལྟར་ཚད་མའི་རིག་པ་བཀོལ་ཏེ་གཏན་འབེབས་བྱས་པའི་གཞུང་རྣམས་ཤེས་པ་ལ་ཚད་མ་རིག་པ་ཤེས་དགོས་པ་ནང་བཞིན་ཚན་རིག་དང་རྩིས་རིག་གི་ཤེས་བྱ་ཨང་རྩིས་ཀྱི་ཐབས་ལམ་ལ་བརྟེན་ནས་གཏན་འབེབས་བྱས་པ་རྣམས་ཤེས་པ་ལ་ཨང་རྩིས་མ་ཤེས་ཐབས་མེད་ཡིན། བོད་ཕྲུག་རྣམས་ཨང་རྩིས་ཀྱི་ཤེས་བྱ་སྐྱོ་པོ་ཡོད་པར་བཤད་པ་དེ་ལ་རྒྱུ་མཚན་མང་པོ་ཡོད་ཆོག་ཀྱང་གཙོ་བོ་ནི་ཨང་རྩིས་སྐད་ཡིག་གང་གི་བརྒྱུད་ནས་སློབ་འཁྲིད་བྱེད་ཀྱི་ཡོད་པ་དེ་ཉིད་ཀྱི་གནས་ཚད་དམའ་བོ་ཡིན་པ་དང་། བརྩོན་འགྲུས་རྡོ་རུས་ཐུག་པ་མེད་པ་གཉིས་ལ་བརྟེན་ནས་ཡོང་གི་ཡོད། སློབ་སྦྱོང་གནང་སྟངས་ཐད་ཐོས་པ་རྐྱང་པ་ལ་བརྟེན་ནས་ཨང་རྩིས་ཀྱི་སློབ་སྦྱོང་བྱས་པ་ཡིན་ན་བསམ་པའི་གྲོགས་མེད་པ་ལ་བརྟེན་ནས་གཅིག་ཤེས་ཀྱང་གཞན་དེར་རྒྱུ་མཚན་དང་རིགས་འགྲེ་གཏོང་བའི་ནུས་པ་མེད་པར་གྱུར་ཏེ་དུས་དང་རྣམ་པ་ཐམས་ཅད་དུ་དཀའ་ངལ་གྱི་ཕུང་པོར་འགྱུར་བར་ངེས། དངོས་འབྲེལ་བྱས་ན་བསམ་པ་བསྟེན་པས་མ་ཚད་ཡང་ནས་ཡང་དུ་ཨང་རྩིས་དང་འདྲིས་པར་བྱས་ཏེ་གོམས་པ་བསྟེན་དགོས་པ་ཡིན། དེ་ལྟར་བྱེད་ན་སློབ་ཚན་གང་འདྲ་ཞིག་ཡིན་ན་ཡང་དཀའ་ངལ་ཡོང་མི་སྲིད། ཞི་བ་ལྷས། གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་གང་ཡང་མེད་པ་ཉམས་མྱོང་གིས་གཏན་ལ་ཕབ་ཟིན་ནོ། །དེར་བརྟེན་རྩིས་རིག་ནི་སྤྱིར་མི་ཚེའི་དགོས་མཁོ་དང་། ལྷག་པར་ཚན་རིག་གི་སློབ་སྦྱོང་ལ་ཉེ་བར་མཁོ་བས་དེང་རབས་རྩིས་ཀྱི་སློབ་ཚན་ལྡང་ངེས་དང་། དེ་བཞིན་བོད་ཀྱི་སྲོལ་རྒྱུན་རྩིས་རིག་གི་སྔོན་འགྲོའི་ངོ་སྤྲོད་ཀྱང་སློབ་ཚན་དུ་འཇོག་དགོས།། དཔལ་འབྱོར་རིག་པ། འདི་ནི་གཞི་རིམ་གོང་མའི་འཛིན་གྲྭ་རྣམས་སུ་འགོ་འཛུགས་བྱེད་ཀྱི་ཡོད། ལྷག་པར་གཞི་རིམ་གོང་མའི་འཛིན་གྲྭ་ཐ་མ་གཉིས་སུ་གལ་ཏེ་འབྱུང་རིག་གི་སྡེ་ཚན་དུ་གཏོགས་ཚེ་འདི་ཉིད་ཀྱི་ཤེས་བྱ་གོང་མཐོར་སྤེལ་བའི་གོ་སྐབས་ཡོད། གལ་ཏེ་འཛིན་གྲྭ་དེ་གཉིས་སུ་ཚན་རིག་གི་སློབ་ཚན་ལེན་མཁན་ཞིག་ཡིན་ན་དཔལ་འབྱོར་རིག་པ་གོང་མཐོར་སྦྱོང་བའི་གོ་སྐབས་མེད། དེང་གི་འཛམ་གླིང་ནང་དཔལ་འབྱོར་གྱི་ལྟ་གྲུབ་དེ་ཤིན་ཏུ་གལ་ཆེན་དུ་བརྩི་བ་ཡིན། དཔལ་འབྱོར་འགྲོ་སྟངས་དེ་ཚུལ་བཞིན་ཤེས་ན་དཔལ་འབྱོར་ཚུལ་བཞིན་གསོག་སྟངས་ཀྱང་ངེས་པར་ཤེས་པ་ཡིན། རྒྱལ་ཁབ་ཀྱི་དཔལ་འབྱོར་འགྲོ་སྟངས་ལྟ་བུ་ལ་མཚོན་ན་དཔལ་འབྱོར་རིག་པའི་ཤེས་ཚད་མཐོ་བོ་མེད་ཚེ་རྒྱལ་ཁབ་ཕན་ཚུན་ཚོང་འབྲེལ་འགོ་འཛུགས་ཙམ་ཡང་བྱེད་ཐུབ་རྒྱུ་ཁག་པོ་རེད། གཙོ་བོ་ནི་དངོས་ཟོག་སྐྲུན་པོའི་བཟོ་སྐྲུན་དེ་ཉོ་བ་པོའི་དགོས་འདུན་དང་མཐུན་པ་ཞིག་དགོས་པ་ཡིན། དེ་ལས་མང་ན་ལྷག་པའི་སྐྱོན་དང་། དེ་ལས་ཉུང་ན་ཆད་པའི་སྐྱོན་དུ་འགྱུར་བ་ཡིན། ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་ཞིང་། ལོག་འཚོས་མ་སྦགས་ཤིང་། འདོད་ཆུང་ཆོག་ཤེས་བསྟེན་པའི་དཔལ་འབྱོར་གྱི་ལམ་ལུགས་ནི་ཤེས་ཡོན་སྲིད་བྱུས་ལས་གོ་ཐུབ་པའི་དཔལ་འབྱོར་གྱི་ལམ་ལུགས་ཡང་དག་པ་ཞིག་ཡིན་ནོ། །སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་། མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་གཉི་གར་སྐྱོན་གྱི་ཆ་ཡོད་པ་དེ་དག་སྤངས་ནས་འདོད་ཆུང་ཆོག་ཤེས་ཀྱི་དཔལ་འབྱོར་གྱི་སྲིད་བྱུས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་རེེད།། འཛིན་སྐྱོང་དང་འཆར་འགོད་སོགས་ནི་གཙོ་བོ་ལས་རིགས་དང་འབྲེལ་བའི་སློབ་སྦྱོང་ཞིག་ཡིན་པར་བརྟེན་མཐོ་སློབ་མཐར་ཕྱིན་རྗེས་དེ་འབྲེལ་ཤེས་ཡོན་བསྟི་གནས་གང་རུང་ཞིག་ནས་སློབ་སྦྱོང་བྱེད་དགོས་པ་ཡིན། གང་ལྟར་ལས་རིགས་གང་འདྲ་ཞིག་ལ་ཞུགས་ཀྱང་ཤེས་ཡོན་སྲིད་བྱུས་ནང་གསུངས་པའི་ཕྱི་ནང་གི་ཤེས་ཡོན་གཉི་གར་དོ་གལ་ཆེན་པོས་དམ་འཛིན་བྱེད་དགོས་པ་ཡིན།། འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ། འཛམ་གླིང་གི་འཕེལ་རིམ་ལོ་རྒྱུས་ནང་རྒྱལ་ཁབ་འཛིན་སྐྱོང་བྱེད་པའི་ལམ་ལུགས་ཇི་སྙེད་ཅིག་དར་སྲོལ་བྱུང་ཡོད། དཔེར་ན་རྒྱལ་པོའི་རིང་ལུགས་དང་། མང་གཙོའི་རིང་ལུགས། དམར་པོའི་རིང་ལུགས། སྤྱི་ཚོགས་རིང་ལུགས་ལྟ་བུ་ཡིན། དེ་དག་ཡོངས་ཀྱི་ནང་ནས་དགེ་སྐྱོན་མང་ཉུང་བསྡུར་ཏེ་ཉམས་ཞིབ་བྱས་འབྲས་སུ་མང་གཙོའི་ལྟ་གྲུབ་དེ་བཟང་ཤོས་སུ་ཤེས་རྟོགས་བྱུང་ཡོད། ང་ཚོས་ཀྱང་མང་གཙོའི་ལྟ་གྲུབ་རྗེས་སུ་འབྲངས་ཏེ་རྒྱལ་ཁབ་འཛིན་སྐྱོང་བྱེད་རྒྱུའི་ཐག་གཅོད་བོད་མི་རྣམས་རྒྱ་གར་དུ་རང་ས་ཤོར་ཏེ་སླེབས་མ་ཐག་ནས་བྱུང་ཡོད། དེ་སྐབས་མང་གཙོར་ཁས་ལེན་བྱས་པ་ཙམ་མ་གཏོགས་མང་གཙོའི་སཀོར་དེ་ཙམ་བོད་མི་བྱིངས་ལ་རྒྱུས་མངའ་མེད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མ་འོངས་བོད་ཀྱི་རྩ་ཁྲིམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས། བཀའ་བློན་ཁྲི་པའམ་སྲིད་སྐྱོང་ཐད་ཀའི་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་བཀའ་ཤག་ཡང་ན་སྒྲིག་འཛུགས་ཀྱི་འགན་འཛིན། ཁྲིམས་བཟོའི་དབང་འཛིན། ཁྲིམས་ལུགས་བང་འཛིན། དགའ་ལྡན་ཕོ་བྲང་མང་གཙོའི་གཞུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོར་ལུགས་མཐུན་བསྒྱུར་བ་བཅས་ནི་རང་རེའི་མང་གཙོའི་འཕེལ་རིམ་ཡིན་ཞིང་། མང་གཙོའི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ཏེ་ཡིད་ཆེས་དང་བློ་གཏད་བྱེད་ཐུབ་ན་མི་གཅིག་དབང་འཛིན་དང་དམར་པོའི་རིང་ལུགས་ལྟ་བུའི་འོག་ཏུ་འགྲོ་མི་དགོས་པ་ཡོང་གི་རེད། མང་གཙོའི་སྤྱི་ཚོགས་ནང་ཡུལ་མི་རྣམས་ལ་ཤེས་ཡོན་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དེ་མིན་མང་གཙོའི་སྤྱི་ཚོགས་སུ་གྲགས་ཀྱང་དོན་དམ་དུ་དམར་པོའི་རིང་ལུགས་ལས་དཀའ་ངལ་མང་བའང་འབྱུང་སྲིད། མང་གཙོའི་ལྟ་གྲུབ་ཡིན་པ་གང་ཞིག་ལ་འཚེ་བ་མེད་པའི་ཁྱད་ཆོས་ཀྱིས་བརྒྱན་པ་འདི་ནི་རང་རེའི་མང་གཙོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན།། མང་གཙོའི་སྤྱི་ཚོགས་ནང་རང་དབང་དང་ཐོབ་ཐང་གཉིས་མཉམ་དུ་འགྲོ་དགོས་པ་དེ་ཤེས་པར་ཤེས་ཡོན་ཤིན་ཏུ་གལ་ཆེར་གྱུར་ཡོད། མང་གཙོའི་སྤྱི་ཚོགས་ནང་གི་འགྲོ་ལུགས་དེ་ཉིད་དབུས་ས་ཀུན་ཏུ་མང་གཙོའི་འགྲོ་སྟངས་དང་མཐུན་པ་དགོས་པ་ཡིན། ལས་ཀྱི་སྣེ་མོར་གཏོགས་པ་ཀུན་གྱིས་རྒྱལ་ཁབ་ཀྱི་གཞུང་དེ་མི་མང་གི་ཡིན་པ་དང་། མི་མང་གི་ཆེད་དུ་ཡིན་པ་དང་། མི་མང་ལས་བྱུང་བ་ཡིན་པ་གསལ་པོར་རྟོགས་དགོས། མང་གཙོའི་ལྟ་གྲུབ་ཇི་བཞིན་ཤེས་ཐུབ་ན་རྒྱལ་ཁབ་དང་གཞུང་གཉིས་ཀྱི་ཁྱད་པར་རྟོགས་ཐུབ། རྒྱལ་ཁབ་ནི་རྟག་པ་ལྟ་བུ་ཡིན་ཅིང་། གཞུང་ནི་འཛིན་སྐྱོང་བྱེད་པོ་འགྱུར་བ་དང་སྟབས་ཅིག་གཞུང་ཡང་འགྱུར་འགྲོ་བ་ཡིན། རྒྱལ་ཁབ་ལ་ཡུལ་མི་རྣམས་ཀྱིས་རྟག་ཏུ་དམ་ཚིག་མཐུན་པོ་དགོས་ཤིང་། རྣམ་པ་ཀུན་ཏུ་ངོ་རྒོལ་བྱེད་མི་ཆོག་ཅིང་། འོན་ཀྱང་གཞུང་ལ་ནི་འཛིན་སྐྱོང་བྱེད་པོ་ཡག་པོ་ཡོད་ན་སྐྱོར་རོགས་དང་། དེ་ལས་ལྡོག་པར་གྱུར་ན་ངོ་རྒོལ་ཡང་བྱེད་ཆོག་པ་ཡིན། རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་ཚོར་རྒྱལ་ཚོང་པ་ཟེར་ཞིང་། འོན་ཀྱང་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོ་རྒྱལ་ཚོང་པ་ལས་ལྡོག་སྟེ་རྒྱལ་གཅེས་པའང་ཡིན་སྲིད། དེར་བརྟེན་གཞི་རིམ་གོང་འོག་བར་གསུམ་དུ་སོ་སོའི་གོ་སྟོབས་དང་མཐུན་པར་འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ་ཀྱི་ཕན་ཡོན་དང་། བསླབ་བྱ། ལག་ལེན། ལོ་རྒྱུས་བཅས་རྒྱས་བསྡུས་འཚམ་པ་རེ་སློབ་ཚན་དུ་གཞག་དགོས།། བཟང་སྤྱོད། སྤྱིར་བཏང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གིས་མཚོན་པའི་བཟང་སྤྱོད་ཀྱི་བསླབ་བྱ་ཇི་སྙེད་ཅིག་ཡོད་ཀྱང་། འདིར་བཟང་སྤྱོད་ནི་སློབ་ཚན་བྱེ་བྲག་པ་གཅིག་གི་ཚུལ་དུ་ཟུར་སློབ་བྱ་རྒྱུ་མིན་པར་སྤྱིར་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་དང་། ལྷག་པར་འཛིན་གྲྭའི་ནང་སློབ་འཁྲིད་བྱ་རྒྱུའི་སློབ་ཚན་ཡོངས་རྫོགས་ཀྱི་སྙིང་དོན་དང་འབྲེལ་བ་ཞིག་བྱ་རྒྱུ་གལ་གནད་ཆེ་བ་ཡིན། འོན་ཀྱང་ཆོས་ལུགས་ཁག་གི་ཡ་རབས་བཟང་སྤྱོད་སྟོན་པའི་གཞུང་དང་། ཆོས་མཐུན་གྱི་གཏམ་རྒྱུད། ལུགས་ཀྱི་བསྟན་བཅོས། གནའ་དེང་གི་སྐྱེས་བུ་དམ་པའི་ལོ་རྒྱུས་སོགས་ཀྱང་འབྲེལ་ཡོད་སློབ་ཚན་ཅི་རིགས་པའི་སློབ་དེབ་བམ་ཟུར་རྒྱན་གྱི་ཀློག་དེབ་ནང་གཞག་དགོས་པ་ཤེས་ཡོན་སྲིད་བྱུས་སུ་གསུངས་ཡོད། །ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་བཞེས་ནི་བོད་རིགས་གཞོན་སྐྱེས་རྣམས་མ་འོངས་པར་ཆོས་སྤྱོད་ཞི་བའི་ས་བོན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་པ་རེད། དེ་ལྟར་འོང་བ་ལ་ཤེས་བྱ་ཙམ་གྱིས་རྩ་བ་ནས་འགྲིགས་ཐབས་མེད་པས་བཟང་སྤྱོད་ཀྱི་ཡོན་ཏན་མེད་ཐབས་མེད་པ་ཆགས་ཡོད། བཟང་སྤྱོད་ཀྱིས་དབེན་ན་ཁྱིམ་ཚང་གཅིག་གི་བདེ་སྐྱིད་ཀྱང་བསྐྲུན་ཐུབ་ཀྱི་མེད་ན་རྒྱལ་ཁབ་དང་མི་རིགས། རྒྱལ་སྤྱི་དང་འགྲོ་བ་མིའི་བདེ་སྐྱིད། དེ་བཞིན་ཚེ་རབས་རྗེས་མ་རྣམས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་རྒྱུ་ནི་རྨི་ལམ་ནང་གི་རྨི་ལམ་ཞིག་ཏུ་འགྱུར་བར་ངེས། གོང་དུ་ཞུས་པ་བཞིན་བཟང་སྤྱོད་ཀྱི་ཡོན་ཏན་མེད་ན་བོད་མི་ཚོས་འགྲོ་བ་མི་སྤྱི་ལ་སྨན་པའི་ལས་འགན་འགྲུབ་རྒྱུ་ལྟ་ཅི། བྱེ་བྲག་བོད་མིའི་ཁེ་ཕན་འགྲུབ་རྒྱུའི་ལས་འགན་ཡང་སྒྲུབ་ཐུབ་ཀྱི་མ་རེད། མདོར་ན་བཟང་སྤྱོད་ཀྱི་སློབ་གསོ་ནན་ཏན་ཞིག་བསྐྲུན་མ་ཐུབ་ན་འཛམ་གླིང་གི་བདེ་སྐྱིད་བསྐྲུན་རྒྱུ་ལས་ལྡོག་དེ་ཉིད་གཏོར་བཤིག་གཏོང་མཁན་གྱི་བྱེད་གཏེར་ཡང་འགྱུར་ཉེན་ཆེ། རྒྱུ་མཚན་འདི་སོགས་ལ་བརྟེན་ནས་རང་གཞན་བདེ་སྐྱིད་འདོད་མཁན་ཀུན་གྱིས་འདི་ལ་གཅིག་ཏུ་ནས་བསླབ་དགོས་པ་ལགས་སོ།། ལུས་རྩལ་དང་རྩེད་མོ། གཞི་རིམ་སློབ་སྦྱོང་དུ་ཡོད་པའི་སློབ་ཕྲུག་རྣམས་ནི་ལུས་སེམས་འཚར་ལོང་བྱེད་བཞིན་པའི་ན་གཞོན་ཡིན་སྟབས། ཤེས་ཡོན་དང་མཉམ་དུ་འཕྲོད་བསྟེན་དང་གཙང་སྦྲ །ལུས་སྟོབས་འཚར་ལོང་ལ་སྨན་པའི་ལུས་ཀྱི་རྩལ་སྦྱོང་ལ་སློབ་ཚན་གཞན་དང་མཚུངས་པའི་དོ་སྣང་དང་དུས་ཚོད་སྤྲོད་དགོས་ཤིང་། བོད་ཀྱི་སྲོལ་རྒྱུན་གྱི་ལུས་སྦྱོང་རྣམ་པ་འདྲ་མིན་ཁག་དང་། རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་ཡོ་ག་དང་། དབུགས་སྦྱོང་སོགས་ཀྱི་སྦྱོང་བརྡར་དགོས་པའི་ཐོག འཕྲོད་བསྟེན་ལ་སྨན་པའི་རང་བཞིན་གྱི་སྨན་བཅོས་དང་འབྲེལ་བའི་ཁྲུས་རིགས་དང་། སྐུ་མཉེ། བྱུག་པ་སོགས་ཀྱང་གཞི་རིམ་འོག་མ་ནས་མགོ་འཛུགས་དགོས། ལུས་སྦྱོང་གི་ཐབས་ལམ་གཙོ་བོ་ལས་རྩོལ་དང་འགྲོ་འཆག་གི་གོ་སྐབས་ངེས་ཅན་རྒྱུན་ལྡན་གྱི་དུས་ཚོད་རེའུ་མིག་ནང་ཚུད་དགོས། སློབ་ཕྲུག་རྣམས་ཀྱི་བག་ཡངས་དང་སྤྲོ་གསེང་སླད་རྩེད་འཇོའི་རིགས་ཀྱང་སློབ་ཚན་དུ་འཇོག་དགོས་པ་དང་། དེའང་གནའ་རབས་བོད་མིའི་གོམས་གཤིས་སུ་ཡོད་པའི་རྩེད་རིགས་རྣམས་གཙོ་འདོན་ཐོག་དེང་དུས་ཀྱི་རྩེད་རིགས་ཀྱང་བསླབ་རྒྱུ། ལྷག་པར་རྩེད་རིགས་ལ་ལྟ་སྟངས་མ་ནོར་བ་བྱས་ཏེ་དེ་རིགས་ཀྱི་རིག་རྩལ་ཡོད་རིགས་ལ་གོ་སྐབས་བྱིན་ཏེ་ཕུལ་བྱུང་རྩེད་མོ་བ་ཆགས་རྒྱུའི་རེ་བའང་བྱ་དགོས། །དེང་གི་དུས་སུ་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་ལེགས་གསུང་། ཆོས་ལུགས་ལ་མ་བརྟེན་ཞིང་། སྤྱི་ལ་སྨན་པའི་བཟང་སྤྱོད་ (Beyond Religion)ལྟ་བུའི་ཕྱག་དེབ་ནི་ཆོས་དད་ཡོད་མེད་ཀུན་ལ་ཤིན་ཏུ་ཉེ་བར་མཁོ་བ་ཆགས་ཡོད་དོ།། ༢༠༡༤ ལོར་བྲིས།