མདུན་ངོས། སྙན་ངག སྤྲིན་རེག་རི་...

སྤྲིན་རེག་རི་བོ།

༦༨༦༢༦

སྤྲིན་རེག་ལས་ཀྱི་རི་བོ་ཡོད་དམ་མེད།།
གདུང་སེལ་བྱིན་རླབས་རིལ་བུ་མཆིས་མ་མཆིས།།
རྒྱལ་ཁམས་འགྲིམས་ཤིང་སེམས་པ་རྨས་པའི་རྗེས།།
པོ་ཏ་ལ་ཡིས་ང་རང་གསོ་སྲིད་དམ།།

རང་ཡུལ་རང་ཡུལ་ཟེར་བཞིན་མི་ཚེ་ཟད།།
རང་སྐད་རང་སྐད་ཟེར་བཞིན་གཞན་སྐད་འདྲིས།།
རང་དབང་ལྡན་པའི་གཞན་ཡུལ་གྲོང་མཐའ་ནས།།
ཧི་མ་ལ་ཡས་ང་རང་དུབ་སྲིད་དམ།

ལྷ་ཁྱོད་མཆོད་དོ་མཆི་མའི་འོལ་ཀོ་བཞེས།།
གང་སྐྱིད་ཕ་ཡུལ་་ཟེར་བར་བདེན་མི་འདུག
མགོན་ཁྱོད་བསྟོད་དོ་གདུང་བའི་ཚོགས་འདི་བཞེས།།
སུ་བྱམས་ཕ་མའི་རྫུན་ངན་ཐལ་བར་རློགས།།

ཆུང་ཆུང་སྙིང་འདིས་སྲན་པ་ཆུང་ཆུང་མིན།།
མདའ་ཤོང་གདུང་ཤོང་ཁོག་རྒྱ་རལ་ལ་ཁད།།
ཐམས་ཅད་ཤོར་ཞིང་ཡོད་ཚད་བོར་བའི་རྗེས།།
ས་གཞི་ང་ཡི་ཁྱིམ་ཞེས་བསྒྲགས་ཐུབ་དགོས།།

མེ་རུ་བསྲེགས་པ་སྤུན་རེད་ཤིང་མ་རེད།།
རིམ་གྱིས་བཞུ་བ་བོད་རེད་གངས་མ་རེད།།
སྙིང་ནས་སྨོན་པ་མཐུན་རེད་འགལ་མ་རེད།།
ཁྱེད་ཀྱིས་མཁྱེན་དགོས་དེ་རེད་གཞན་མ་རེད།།

སྤྲིན་རེག་རི་བོ་ཡོད་ན་ང་ཡིས་འཛེགས།།
ཐམས་ཅད་མིག་འོག་བསྡུ་འདོད་སྙིང་ལ་ཡོད།།
གདུང་སེལ་རིལ་བུ་ཡོད་ན་ཁྱོད་ཚོར་སྟེར།།
ངའི་སྡུག་འཐབ་རྩོད་གཞི་ཡིན་སེལ་མི་དགོས།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།