མདུན་ངོས། སྙན་ངག རང་དབང་དབྱངས་...

རང་དབང་དབྱངས་སྒྲོག་མ།

༨༤༢༨༠

ཀ་ཤ་མང་བའི་འཆར་སྣང་ཐང་ལ་ཤེའུ་ཆུང་མང་པོ་ལྡིང་བཞིན་རྩེ།།
ཁ་ཆར་ཁྲོད་ཀྱི་དངོས་ཡོད་འདི་ན་སེམས་པ་སྤྲིན་བཞིན་ལང་སེ་ལིང་།།
ག་ཤེད་ཅིག་ནས་ཡོང་བའི་ཁྱེད་རང་ཕྱི་མིག་མེད་པར་གཤེགས་ན་གཤེགས།།
ང་རང་སྒྱུ་མའི་དབྱངས་ལ་བཞོན་ཏེ་སྙན་ངག་ཞིང་ཁམས་མྱུལ་ནས་འགྲོ།།

ཅ་ག་བྱས་པའི་སེམས་ཀྱི་ཤེལ་བུམ་ཧོབ་སྟེ་ཐང་ལ་ལྷུང་བཞིན་དྲིལ།།
ཆ་ལ་ཡོང་བའི་འགྲུལ་རོགས་དེ་ཡང་ད་ནས་འགྲོ་བར་མི་གཏུབས་ཟེར།།
ཇ་ཆང་འདོད་རྒུའི་ཕ་རོལ་དེ་ན་གཅིག་གིས་ང་ལ་སྒུག་ཡོད་པས།།
ཉ་ཆུ་ལྟ་བུའི་བརྩེ་དུང་ཡོད་ཀྱང་ང་རང་སྙན་ངག་ལྷན་དུ་འགྲོ།།

ཏེ་སེའི་གངས་ཀྱི་དཀྱིལ་འཁོར་དེ་ན་མི་ཚེ་འདི་ཡི་སྙིང་པོ་ཡོད།།
ཐེ་བྲང་སྟོང་གི་ཆོ་འཕྲུལ་བརྒལ་ན་སྐྱོ་ངལ་བྲལ་བའི་གནས་དེ་མཆིས།།
ད་དུང་དྲན་པའི་ལོ་མ་དེ་ཡང་དེ་ན་མ་སྙིད་ཡོད་ངེས་པས།།
ན་གཞོན་ང་རང་འགྲོ་མཚམས་མི་འཇོག་སྙན་ངག་རྟ་ལ་བཞོན་ནས་འགྲོ།།

པི་པི་ལྟ་བུའི་གྲོག་རོང་དེ་ནས་བདུད་རྩི་ལྟ་བུའི་ཆུ་ཞིག་བཏུང་།།
ཕུ་ན་ཆགས་པའི་འབྲོག་སྡེ་དེ་ནས་འབྲོག་ཁྱི་ཁ་ཤས་ང་ལ་འབ།།
བེམ་པོ་འབུམ་ཕྲག་རི་བཞིན་བརྩེགས་པའི་མེས་རབས་ཤ་འཁོན་དེ་ཡི་ཆེད།།
མོ་བརྒྱའི་ཁ་ཆེམས་ཁྲག་གིས་འབྲི་བཞིན་ང་རང་མུ་མཐུད་ལམ་ལ་འགྲོ།།

ཙ་གེ་ཙིག་གེའི་དཀའ་ཚེགས་དེ་ཚོ་ས་མཐའི་ཤིང་ལོ་སེར་པོ་རེད།།
ཚྭ་དང་བྲལ་བའི་ཁ་ཟས་འདི་ཚོ་དབང་མེད་རང་ཡུལ་འཚོ་བ་རེད།།
ཛ་དྲག་ཟེར་བཞིན་ལྷོད་ལྷོད་བྱེད་པའི་ཁོར་ཡུག་ཁྱད་མཚར་འདི་ཡི་ནང་།།
ཝ་ལ་སེང་གེ་ཐོགས་པ་མང་ངོ་ང་རང་དེ་ལས་ལོགས་སུ་འགྲོ།།

ཞོ་རྩི་ཁ་དང་ལག་པར་འགོས་པའི་ཞིང་པའི་ཕྲུ་གུ་མདུན་ན་བརྩེན།།
ཟོ་བ་ཐོགས་ཤིང་ཟུར་མིག་བལྟ་བའི་འབྲོག་མོ་ཁྱུ་གཅིག་རྒྱབ་ན་འདུག།
འོ་མ་དཀར་མོའི་དྲི་བསུང་ཞིམ་པོས་རང་དབང་ཉི་མ་བསུ་ཟེར་བས།།
ཡོ་ཡོ་མེད་པར་ང་ཡི་རྟ་ཡང་དབྱངས་ཀྱི་དབྱིངས་དེར་འགྲོ་འདོད་འདུག །

རེ་བ་འབུམ་ཕྲག་གཅིག་ཏུ་བསྡུས་པ་རི་རྒྱལ་ཇོ་མོ་གླང་མ་རེད།།
ལེ་དབར་འབུམ་གྱིས་བཅད་ཀྱང་མི་ཆོད་དད་དམ་ཡར་ཆབ་སྔོན་མོ་རེད།།
ཤེ་མོང་བཙན་པོས་མནན་ཀྱང་མི་ནོན་སེམས་ཤུགས་བྱང་ཐང་རླུང་ཡིན་པས།།
སེ་བའི་མེ་ཏོག་ལག་པས་འཐུ་བཞིན་ང་རང་དབྱངས་ལ་བཞོན་ནས་འགྲོ།།

ཧོ་ཧོ་དབྱངས་ཀྱིས་བཏེགས་ཤིང་དབྱངས་ཀྱིས་དྲངས་པའི་དབྱངས་ཀྱི་རང་དབང་ཉི་མ་ཨང་།།
ཨ་ཨ་སེམས་ཀྱིས་བཏེགས་ཤིང་སེམས་ཀྱིས་དྲངས་པའི་སེམས་ཀྱི་དད་དམ་ནོར་བུ་ཨང་།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།