༄༅། །བོད་གངས་ཅན་གྱི་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་སྐལ་བར་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་མགོན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེའི་འཇུག་པ་ལས་གྲུབ་པའི་བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་གངས་ཅན་པ་རྣམས་ལ་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་རོལ་ནས་བྱུང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ནོར། ཆོས་རིག་དང་སྐད་ཡིག་ལོ་རྒྱུས་དང་བཅས་པའི་རྟེན་གཞི། འཕགས་བོད་ཀྱི་མཁས་གྲུབ་སྤྱི་དང་ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་བཀའ་རྙིང་ས་དགེ་བོན་བཅས་རིས་སུ་མ་ཕྱེ་བའི་མཁས་གྲུབ་རྣམས་ཀྱི་གསུང་རྩོམ་མཐའ་ཡས་པ་ཞིག་ཡོད་པ་རྣམས་བར་ལམ་དུས་ཀྱི་འཕོ་འགྱུར་གྱིས་ཉམས་ཉེས་ཆེན་པོ་བྱུང་བར་ཉམས་པ་སོར་ཆུད་དང་། འཛིན་སྐྱོང་སྤེལ་བའི་རྟེན་གཞིར་རྩ་འཛུགས་བཀའ་དྲིན་བསྐྱངས་པ་ལྟར་འཕགས་མཆོག་གང་གི་ཟབ་ཅིང་རྒྱ་ཆེའི་བླ་ན་མེད་པའི་བཀའ་སློབ་དགོངས་དོན་གཞིར་བཟུང་། བཀའ་དགོངས་ཞབས་འདེགས་ཀྱི་ཆ་ཤས་ཙམ་བསྒྲུབས་དང་སྒྲུབ་བཞིན་པ་ནས། དེང་དགེ་ལེགས་ཀྱི་དཔལ་ཡོན་འབར་བའི་དུས་ཀྱི་ཆར། བསྟན་འགྲོའི་མགོན་པོ་མཆོག་གི་ཐུགས་བསྐྱེད་མཛད་ཕྲིན་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་པའི་སྐབས་འདིར། མཛད་པའི་མཆོག་གསུང་གི་འཕྲིན་ལས་ཀྱི་མཛད་པའི་ཞབས་འདེགས་ཀྱི་ཆ་ཤས་སུ་འགྱུར་རེར། ༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔར་སྐྲུན་ཞུ་རྒྱུའི་རེ་འདུན་ཆེ་བ་ལགས་ན། ཞུ་འཐུས་བཀའ་འཁྲོལ་གསེར་གྱི་ཅོད་པན་སྤྱི་བོའི་རྒྱན་དུ་སྩོལ་གནང་ཡོང་བ་ཅི་ནས་མཁྱེན། ཅེས་འགན་འཛིན་གོང་མ་སོག་པ་མཁན་ཟུར་ཨ་མཆོག་རིན་པོ་ཆེའི་སྐབས་སྐྱབས་སྙན་ཕུལ་བར། ཞུ་འཐུས་དང་དག་ཞུས་གལ་ནན་དགོས་གལ་བཅས་བཀའ་འཁྲོལ་བཀའ་དྲིན་ཆེ་བ་བྱུང་ཡོད། སྐབས་འཕྲལ་འཆར་གཞི་འགོད་འབུལ་ཞུས་དང་ཞུ་མུས་ལས། པར་གཞི་སྟ་གོན་དང་ལག་བསྟར་ཞུ་སྒོའི་ཆ་རྐྱེན་འཛོམས་མིན་དབང་གིས་ལས་རིམ་ཅུང་ཟད་འགྱངས་ན་ཡང་། སྤྱི་ཁྱབ་འགན་འཛིན་བློ་གླིང་དགེ་བཤེས་ལྷག་རྡོར་མཆོག་གིས་འདི་གའི་སྡེ་ཚན་གྱི་ལས་དོན་ཞུས་དང་ཞུ་འཆར་ཁག་ལ་ཐུགས་ཞིབ་སྐབས་དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་འཁོད་སྙན་འབུལ་དང་། བཀའ་འཁྲོལ་བཀའ་དྲིན་ཆེ་བ་དེ་ལྟར་ལགས་ན། རབ་གནས་ཤིང་བྱ་སྟེ་ཕྱི་ལོ་ ༢༠༠༥ ཡི་ལོ་འདིར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལོའི་དགུང་ལོ་དོན་གཅིག་དང་ཕྱི་ལོའི་དགུང་ལོ་བདུན་ཅུར་ཕེབས་པར་གཞིས་བྱེས་བོད་འབངས་ཡོངས་ཙམ་མ་ཟད། འཛམ་གླིང་རྒྱལ་ཁབ་ཕལ་ཆེར་དུ་གཏོགས་པའི་འཕགས་མཆོག་གང་གི་ཆོས་འབངས་དང་ཞི་བདེར་མོས་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་གུས་བསུའི་དགའ་སྟོན་ཞུ་བ་དང་ཆབས་ཅིག་འཛམ་གླིང་བསྟྟན་འགྲོ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན། ཞི་བདེའི་དེད་དཔོན་དུ། ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་འཚོ་གཞེས་གསལ་ཞིང་བཞུགས་པའི་རྟེན་འབྱུང་དགའ་སྟོན་ལོ་འཁོར་འཁྱུད་མོར་སྲུང་བརྩི་ཞུ་བའི་དུས་བཟང་འདིར། འཕགས་མཆོག་ཐུགས་རྗེ་ཆེན་པོ་མཆོག་གིས། གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་འཕྲལ་ཕུགས་ཆབ་སྲིད་ཀྱི་གནས་བབ་དང་། འཛམ་གླིང་འགྲོ་བ་ཀུན་གྱི་ཕན་བདེའི་ཞི་སྒོ་རྒྱལ་བསྟན་རིན་པོ་ཆེའི་ཚེ་སྲོག་མཐུད་པའི་མཛད་བཟང་བསྐྱངས་དང་བསྐྱང་བཞེད་ཀྱི་ཐུགས་སྟོབས་ལྷག་པར་བཞེས་པའི་སྐབས་འདིར། ད་ལམ་མ་སྒྲིག་ལྷུན་གྱིས་གྲུབ་པའི་བསོད་ནམས་ཀྱི་སྐལ་བར་བབ་པའི་ཞུ་སྒོའི་རྟེན་འབྱུང་དུ། ༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔར་སྐྲུན་ཞུ་འཆར་ཡོད་པ་ལྟར་འགོ་འཛུགས་འཕྲལ་དུ་བགྱིས་ཏེ་དངོས་སུ་ལག་བསྟར་ཐུབ་པ་དགོས་རྒྱུ་དང་། དེ་ཡང་སྔར་སྲོལ་ཁྱད་ཆོས་མི་ཉམས་རྒྱུན་གནས་དགོས་པ་དང་། གོ་རིམ་གཙིགས་འཛིན་ཞུ་མ་དགོས་པར་ད་སྔོན་དཔར་དུ་འཁོད་མིན་དང་། སྐབས་བབ་གལ་འགངས་གང་ཆེ་ཐུགས་ཞིབ་ཀྱིས་སྔ་འཕྲོས་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དང་བདུན་པ། བཅུ་གསུམ་པ་བཅས་ཀྱི་གསུང་འབུམ་རིམ་པར་གོ་སྒྲིག་དང་ལག་བསྟར་ཞུ་དགོས་གཏན་འབེབས་གནང་བ་ལྟར་སྔ་ལོར་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པའི་གསུང་འབུམ་པོད་གསར་དྲུག་གི་བདག་ཉིད་ཅན་དེ་ཉིད་འཕྲུལ་དཔར་ཐོག་འདི་ནས་ལེགས་པར་དཔར་དུ་བསྐྲུན་ཏེ་ཐོས་བསམ་ཉམས་བཞེས་གནང་མཁན་ཇི་སྙེད་ཅིག་ལ་ཤིན་ཏུ་ཕན་ཐོགས་བྱུང་ཡོད་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ལགས། འདི་ལོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེར་ཆེན་པོར་འོས་པའི་ཨ་རིའི་གཞུང་གི་གསེར་གྱི་རྟགས་མ་འབུལ་བཞེས་བཀའ་དྲིན་བསྐྱངས་པར་གུས་བསུ་ཞུ་བའི་རྟེན་འབྲེལ་མཛད་སྒོའི་ཆ་ཤས་སུ་དམིགས་ཏེ་འདི་ནས་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་བོད་དཔར་པོད་བརྒྱད་ཀྱི་བདག་ཉིད་ད་ལམ་འཕྲུལ་དཔར་ཐོག་གཟིགས་བདེ་དང་དཔེ་གཟུགས་ཆེ་ཆུང་འོས་འཚམ་ཡོང་སླད་ཀ་པ་ནས་ཐ་པ་བར་ཏེ་པོད་གསར་བཅུ་རུ་གྲུབ་པར་བགྱིས་ཏེ་དཔར་སྐྲུན་ཞུ་བཞིན་ཡོད། བོད་དཔར་གསུང་འབུམ་པོད་ཀ་པ་དེ་ཉིད་ཅུང་ཟད་བོངས་ཚད་ཆེ་བར་མཐོང་སྟེ་པོད་གཉིས་སུ་ཕྱེས། དེ་སྟེང་བོད་དཔར་གསུང་འབུམ་གྱི་ཁ་སྐོང་དུ་འབྲས་སྤུངས་དཔར་མའི་གསུང་འབུམ་དཔར་ལོག་སྒང་ཏོག་དཔར་མའི་པོད་ད་པ་སྟེ་དེབ་ཆེན་བཅུ་གཅིག་པ་དེ་ཉིད་ད་ལམ་གྱི་དཔར་མའི་གསུང་འབུམ་པོད་ཐ་པར་བཞག་པ་ལས་དེ་མིན་ཁྱད་པར་ཅི་ཡང་མེད། པོད་ད་པ་འདི་ཉིད་བོད་ཀྱི་དཔེ་མཛོད་ཁང་དུ་མ་བཞུགས་པར་བརྟེན་ཝཱ་ཎ་ཞི་འཚོ་དཔེ་མཛོད་ཀྱི་སྲི་ཞུ་བ་བདག་གི་གྲོགས་པོ་སྐུ་གཞོན་རྣམ་དཔྱོད་མཆོག་ཏུ་དགེ་བ་ངག་དབང་ཚེ་དཔག་ལགས་སུ་ཇི་ལྟར་འདི་ནས་མངགས་པ་ལྟར་འཕྲལ་མར་འདི་གར་བསྐུར་གནང་བྱུང་བར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་འོ། །གསུང་འབུམ་འདི་ཡི་མ་ཕྱི་ནི་བོད་ཤོག་དཔར་མ་སྣ་ཚོགས་ལས་གྲུབ་པ་ཞིག་ཏུ་སྣང་ཞིང་། ལྷག་པར་གསུང་འབུམ་གྱི་མ་ཕྱི་གང་ལས་གྲུབ་པའི་ཤོག་བུ་དང་ཡིག་གཟུགས་ཀྱང་སྣ་ཚོགས་པ་ཞིག་ཡིན། ལེ་ཚན་རེ་ཟུང་དབུ་མེད་དུ་ཡང་སྣང་། ང་ཚོར་དཔར་བསྡུར་ཞུ་ཆེད་འབྲས་སྤུངས་དཔར་མའི་དཔར་ལོག་དེབ་གཟུགས་ཆེན་མོ་གྲངས་ ༡༣ གྱི་བདག་ཉིད་ཕྱི་ལོ་ ༡༩༧༥ དང་། ༡༩༧༦། ༡༩༨༣ བཅས་ཀྱི་ལོར་བླ་མ་རྡོ་གྲུབ་སངས་རྒྱས་ཀྱིས་ལྡི་ལིར་དཔར་དུ་བསྐྲུན་པ་སྒང་ཏོག་དཔར་མ་དེ་ཡང་ཡོད་པར་བརྟེན་བོད་དཔར་གསུང་འབུམ་གྱི་མ་ཕྱིར་མ་ཚང་བ་གཤམ་གསལ་ཕྱག་དཔེ་རྣམས་འདིར་ཁ་སྐོང་ཞུས་ཡོད། དེ་ཡང་། ༡ འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་ལས་ཚོགས་ཀྱི་རིམ་པ་གཞན་ཕན་ཀུབྙ་འཛུམ་པའི་ཟླ་འོད། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༡༧༡ ནས་ ༢༢༩ བར་ཡིན། ༢ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པའི་ཉིན་ཞག་གི་དབྱུག་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ལ་བརྟེན་ཏེ་དྲག་པོ་གཙོ་བོར་གྱུར་པའི་ལས་སྒྲུབ་པའི་རིམ་པ་གནམ་ལྕགས་ཐོག་ཆེན་དྲག་འདེབས། འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༤༩༧ ནས་ ༥༢༦ བར་ཡིན། ༣ འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་དང་བཅས་པ་ཕན་བདེའི་སྣང་བ་གསར་དངོམ། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༢༨༣ ནས་ ༣༢༣ བར་ཡིན། ༤ རྒྱལ་བ་ཀུན་གྱི་ཡུམ་གཅིག་དཔལ་ལྡན་སྲིད་གསུམ་དབང་མོ་དབུ་འཕང་བསྟོད་ཅིང་མངའ་གསོལ་བའི་བདེན་ཚིག་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་། འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༢༠༦ ནས་ ༢༡༠ བར་ཡིན། ༥ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྙིང་ཞུགས་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་རྒྱུན་འཁྱེར་དུ་ཉམས་སུ་ལེན་པའི་ཚུལ་དངོས་གྲུབ་ཀུན་འབྱུང་། འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༢༡༡ ནས་ ༢༡༩ བར་ཡིན། ༦ དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ་བསྟན་པའི་སྲོག་ཤིང་། འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༢༢༠ ནས་ ༢༣༦ བར་ཡིན། སྒང་ཏོག་གསུང་འབུམ་པོད་ད་པ་སྟེ་དེབ་ཆེན་བཅུ་གཅིག་པ་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ཆ་ཚང་བཅས་ལེ་ཚན་ཆེ་ཆུང་བདུན་བོད་ཀྱི་དཔེ་མཛོད་ཁང་གི་དཔར་མ་འདི་ནང་དཔར་ལོག་དེ་ནས་ཁ་སྐོང་ཞུས་ཡོད། དེ་བཞིན་གཟུངས་རེ་གཉིས་ཁ་སྐོང་ཞུས་པ་རྣམས་ཡིག་ཆུང་གི་ནང་དུ་བཀོད་ཡོད་པ་ལས་རྩ་བའི་མ་དཔེར་ཤེས་བཞིན་འགྱུར་བཅོས་རྩ་བ་ནས་བྱས་མེད། འོན་ཀྱང་མ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་ལྷག་ཆད་ནོར་གསུམ་གྱི་སྐྱོན་མཆིས་ན་བཟོད་གསོལ་ཞུ། སྔོན་དུ་གླེང་བའི་གཏམ་འདི་ཡི་བཤད་པ་ཕལ་ཆེ་བ་འབྲས་སྤུངས་དཔར་མའི་དཔར་ལོག་སྒང་ཏོག་དཔར་མའི་སྔོན་གླེང་དབྱིན་ཡིག་ཏུ་འཁོད་པ་དེ་ནས་བླངས་པ་ཡིན། ཕྱི་ལོ་ ༡༩༤༥ ལོའི་འབྲས་སྤུངས་དཔར་མར་རྒྱལ་བ་བདུན་པའི་གསུང་འབུམ་པོད་ཆེན་པོ་བརྒྱད་ཡོད་ཅིང་། དེ་ཡང་ལོ་དེར་སྲིད་སྐྱོང་སྟག་བྲག་པབྲསྤྱ༣་ཏའི་བཀའི་ཅོད་པན་འོག་དཔར་ཤིང་བརྐོས་ཏེ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་བཞུགས་པ་ཕྱི་ལོ་ ༡༩༧༥ ནས་ ༡༩༨༣ བར་བླ་མ་རྡོ་གྲུབ་སངས་རྒྱས་ཀྱིས་ལྡི་ལིར་དཔར་སྐྲུན་རྒྱལ་བ་བདུན་པའི་གསུང་འབུམ་སྒང་ཏོག་དཔར་མ་དེ་ཡི་སྔོན་གླེང་དུ་གསལ། འདི་ནི་བླ་མ་རྡོ་གྲུབ་སངས་རྒྱས་མཆོག་ལ་དར་རྡོ་རིན་པོ་ཆེའི་སྐུ་སྒེར་གྱི་དཔེ་མཛོད་ནས་མ་ཕྱི་སོན་པ་ཞིག་ཡིན། སྒང་ཏོག་དཔར་མ་དེར་པོད་པ་པ་བར་ཏེ་དེབ་ཆེན་བཅུ་གསུམ་དང་། འབྲས་སྤུངས་དཔར་མའི་པོད་སྔ་ཕྱིའི་རིམ་པ་ཡང་རྩ་བའི་འབྲས་སྤུངས་དཔར་མའི་གོ་རིམ་དང་ཐ་དད་པར་བརྗོད་བྱའི་གོ་རིམ་ལྟར་བསྒྲིགས་པ་ཡིན་ཞེས་དཔར་མ་དེའི་སྔོན་གླེང་དུ་གསལ། གསུང་འབུམ་པོད་ད་པ་དེ་ཕྱིས་སུ་ཕྱི་ལོ་ ༡༩༨༣ ལོར་དཔར་དུ་བཏབ། པོད་ད་པ་དེ་བོད་དཔར་གསུང་འབུམ་དེར་མེད་པ་མ་ཟད། ཕོ་བྲང་ཆེན་པོ་པོ་ཏཱ་ལའི་དགེ་ལྡན་གསུང་འབུམ་དཀར་ཆག་ནང་གི་༸རྒྱལ་བ་བདུན་པའི་གསུང་འབུམ་དཀར་ཆག་ནང་དུ་ཡང་མི་འདུག །བོད་ཀྱི་དཔེ་མཛོད་ཁང་གི་དཔར་མ་འདི་ཡི་ལེ་ཚན་གོ་རིམ་སྒྲིག་སྟངས་ནི་བོད་དཔར་གསུང་འབུམ་དེ་ཡི་གོ་རིམ་དང་གཅིག་པ་ཡིན། འདིར་ཆད་པ་ཁ་སྐོང་དང་མ་གསལ་གསལ་བར་བཟོས་པའི་ཁྱད་ཆོས་ཀྱིས་བརྒྱན་པར་བརྟེན་ཀུན་ལ་ཐུགས་ཕན་གསོས་པའི་རེ་བ་དང་། གཞན་ཡང་བོད་རིག་པའི་ཉམས་ཞིབ་པ་རྣམས་ལ་ཕན་ཐོགས་ཆེན་པོ་འོང་བར་གདོན་མི་ཟ། མ་ཕྱི་དག་ཅིང་གསལ་བས་དག་ཆའི་ཐད་ང་ཚོར་དཀའ་ངལ་མ་འཕྲད་ཀྱང་སྔགས་ཡིག་རྣམས་ཤིན་ཏུ་ཞིབ་ཚགས་ཀྱིས་འཇུག་དགོས་པས་དུས་ཡུན་ཅུང་ཟད་རིང་ཙམ་འགོར། ལྷག་པར་ཞུ་དག་མ་དཔེ་དང་དཔེ་བསྡུར་ཞུས་ཏེ་ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་བ་བྱེད་རྒྱུ་དེ་ནི་ད་ལམ་གྱི་ལས་དོན་གལ་ཆེ་ཤོས་ཡིན་པར་བརྟེན་འདི་གའི་སྡེ་ཚན་གྱི་ཉམས་ཞིབ་པ་ཕྱག་རོགས་རྒན་བློ་བཟང་ཡར་འཕེལ་ལགས་དང་སྐུ་གཞོན་ངེས་དོན་རྒྱ་མཚོ་རྣམ་གཉིས་ནས་རུ་ང་ཞིབ་ཚག་གནང་ཞིང་། མཐའ་མའི་སྤྱན་ཞུ་སྤྱི་ཁྱབ་འགན་འཛིན་མཆོག་ལ་ཕུལ་ཏེ་འདི་ནས་ཀྱང་ཞུས་དག་ངེས་འདྲོང་ཞུས་ཁུལ་ལགས། རྩ་བའི་གསུང་འབུམ་ཡོངས་རྫོགས་འཕྲུལ་དཔར་ཐོག་འཇུག་རྒྱུ་དང་དཔེ་གཟུགས་སུ་ཇུས་འགོད་བྱེད་རྒྱུའི་ལས་དོན་ཡོངས་རྫོགས་གོང་གསལ་སྲི་ཞུ་བ་རྣམ་གཉིས་དང་དྲུང་ཡིག་བསྟན་འཛིན་དབྱངས་ཅན་ལགས་བཅས་ནས་གནང་བར་འདི་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། མ་ཕྱིའི་གསུང་འབུམ་འདི་ཉིད་སྐུ་སྒེར་ཡིག་ཚང་ནས་བོད་ཀྱི་དཔེ་མཛོད་ཁང་དུ་གནང་བ་ཞིག་ཡིན་ཅིང་། བོད་ཀྱི་དཔེ་མཛོད་ཁང་གི་གསུང་རྟེན་འགན་འཛིན་བློ་བཟང་ཤཱསྟརཱི་མཆོག་དང་། ཁོང་གི་ཕྱག་རོགས་ཨཱཙཱརྱ་བསོད་ནམས་སྟོབས་རྒྱས་ལགས་དང་ཨཱཙཱརྱ་ཐུབ་བསྟན་ཕུན་ཚོགས་བཅས་ནས་འདི་གར་གསུང་འབུམ་དཔར་སྐྲུན་དུས་ཡུན་ཆ་ཚང་རིང་དམིགས་བསལ་ཕྱག་དཔེའི་མཐུན་འགྱུར་ནམ་དགོས་ལྷག་བསམ་བཟང་པོས་འཕྲལ་མར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། གསུང་འབུམ་ཡོངས་རྫོགས་ཀྱི་དཀར་ཆག་མདོར་བསྡུས་སུ་འགོད་པ་ལ། གསུང་འབུམ་ཀ་པར། དུས་གསུམ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དཔག་བསམ་རིན་པོ་ཆེའི་སྙེ་མ་ལས་གླེང་བསླང་བ་དང་སྐུ་བལྟམས་པའི་མཛད་པ་བསྟན་པ་སྟེ་རིམ་པར་ཕྱེ་བ་དང་པོ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་སོགས་ལས་བརྩམས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རིམ་པར་ཕྱེ་བ་སྟེ་དྲུག་པའི་བར་ཡིན། པོད་འདི་ཉིད་ཀྱི་དབུར་དཀར་ཆག་རྒྱས་པ་ཡོད་པ་དེར་གཟིགས་པར་འཚལ། གསུང་འབུམ་ཁ་པར། དུས་གསུམ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དཔག་བསམ་རིན་པོ་ཆེའི་སྙེ་མ་ལས་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་ཞིང་། ཁྱད་པར་དུ་པཎ་ཆེན་མཆོག་གིས་སྤྲུལ་པའི་སྐུ་རིན་པོ་ཆེར་ཟབ་ཆོས་མང་དུ་སྩལ་ཏེ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་བའི་རིམ་པར་ཕྱེ་བ་བདུན་པ་ནས་མཁས་བཙུན་བཟང་གསུམ་གྱི་མཛད་འཕྲིན་རྨད་དུ་བྱུང་བ་བསྐྱངས་ཏེ་མཐར་གདུལ་བྱ་རྟག་འཛིན་གྱི་སྐྱེས་བུ་རྣམས་ལ་དགོངས་པ་གཞན་དོན་དུ་གཤེགས་པའི་མཛད་པ་སྟོན་པའི་རིམ་པར་ཕྱེ་བ་སྟེ་བརྒྱད་པའམ་ཐ་མ་ལ་ལྡེབ་མ་༢༦༤། གསུང་འབུམ་པོད་ཀ་པ་དང་ཁ་པ་གཉིས་སྒང་ཏོག་དཔར་མའི་པོད་ན་དང་པ་སྟེ་དེབ་ཆེན་བཅུ་གཉིས་པ་དང་བཅུ་གསུམ་པར་བཞུགས་ཡོད། རྣམ་ཐར་པོད་གཉིས་ཀྱི་རྩོམ་པ་པོ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེའོ། །གསུང་འབུམ་ག་པར། ༡ རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་དམིགས་བརྩེ་མའི་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་འཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་ལ་ལྡེབ་མ་༡༦། འདི་ནི་སྒང་ཏོག་དཔར་མའི་པོད་ཀ་པ་སྟེ་དེབ་ཆེན་དང་པོའི་དབྱིན་ཇིའི་ཤོག་ཨང་ ༡ ནས་ ༣༣ བར་ཡིན། (Comprises part two in volume kha of the 1945 ‘Bras spungs redaction; cf. TOH 5827) ༢ བླ་མ་དང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ངོ་བོ་དབྱེར་མེད་དུ་མོས་ནས་གསོལ་བ་འདེབས་པའི་རྣལ་འབྱོར་བྱ་བའི་རིམ་པ་དངོས་གྲུབ་ཀུན་སྩོལ་ལ་ལྡེབ་མ་༨། འདི་ནི་སྒང་ཏོག་དཔར་མའི་པོད་ཀ་པ་སྟེ་དེབ་ཆེན་དང་པོའི་དབྱིན་ཇིའི་ཤོག་ཨང་ ༣༥ ནས་ ༥༡ བར་ཡིན། (Comprises part three in volume kha of the 1945 ‘Bras spungs redaction; cf. TOH 5828) ༣ དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་འདེབས་དང་བསྐྱེད་རྫོགས་དམར་ཁྲིད་ཀྱི་བརྒྱུད་འདེབས་བཅས་ལ་ལྡེབ་མ་༤། འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༡ ནས་ ༧ བར་ཡིན། (Comprises part four in volume kha of the 1945 ‘Bras spungs redaction; cf. TOH 5830 and 5831) ༤ ཁྱབ་བདག་འཇམ་དཔལ་གཤིན་རྗེའི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་བཅུག་ནས་དབང་བསྐུར་བའི་ཚུལ་རྣམས་བཤད་པ་སྐུ་གསུམ་རིན་ཆེན་བང་མཛོད་ལ་ལྡེབ་མ་༨༦། འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༩ ནས་ ༢༢༩ བར་ཡིན། (Comprises part five in volume kha of the 1945 ‘Bras spungs redaction; cf. TOH 5832) ༥ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རིམ་གྱི་ཟབ་འཁྲིད་ཐུན་མོང་མིན་པའི་ཚུལ་བཤད་པ་མཆོག་ཐུན་དངོས་གྲུབ་གཏེར་མཛོད་ལ་ལྡེབ་མ་༨༣། འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༢༣༡ ནས་ ༣༤༣ བར་ཡིན། (Comprises part six in volume kha of the 1945 ‘Bras spungs redaction; cf. TOH 5833) ༦ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་མཆོད་དགའ་སྟོན་འཛུམ་ཞལ་ལ་ལྡེབ་མ་༤། འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༣༤༥ ནས་ ༣༥༠ བར་ཡིན། (Comprises part seven in volume kha of the 1945 ‘Bras spungs redaction; cf. TOH 5834) ༧ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དཔའ་བོ་གཅིག་པ་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་གྱི་རིམ་པ་བདུད་དཔུང་ཕྱེ་མར་འཐག་པའི་འཁྲུལ་འཁོར་ལ་ལྡེབ་མ་༣༧བཅས་ཡིན། འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༣༥༡ ནས་ ༤༢༥ བར་ཡིན། འདི་ནི་ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མའི་ཚ་བོ་བློ་བཟང་བསྟན་འཕེལ་གྱིས་བསྐུལ་བའི་ངོར་བརྩམས། (Comprises part eight in volume kha of the 1945 ‘Bras spungs redaction; cf. TOH 5835) གསུང་འབུམ་ང་པར། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་གའི་རྣམ་པར་བཤད་པ་དབང་དོན་དེ་ཉིད་ཡང་གསལ་སྣང་བ་རྡོ་རྗེ་སེམས་དཔའི་ཞལ་ལུང་བྱ་བར་ལྡེབ་མ་༤༢༨བཞུགས་ཡོད། འདི་ནི་སྒང་ཏོག་དཔར་མའི་པོད་ཇ་པ་སྟེ་དེབ་ཆེན་བདུན་པ་དེ་ཡིན། (Comprises the whole of volume ga of the 1945 ‘Bras spungs redaction; cf. TOH 5826) གསུང་འབུམ་ཅ་པར། ༡ ཡོན་ཏན་ཀུན་གྱི་གཞི་རྟེན་བླ་མའི་རྣལ་འབྱོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་བདུད་རྩིའི་ཆར་འབེབས་ལ་ལྡེབ་མ་༨༤། འདི་ནི་སྒང་ཏོག་དཔར་མའི་པོད་ཀ་པ་སྟེ་དེབ་ཆེན་དང་པོའི་དབྱིན་ཇིའི་ཤོག་ཨང་ ༥༣ ནས་ ༢༢༧ བར་ཡིན། (Comprises part one in volume ga of the 1945 ‘Bras spungs redaction; cf. TOH 5829) ༢ གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་རྗེས་གནང་སོགས་ཀྱི་གཏམ་དུ་བྱ་བ་གཞན་ཕན་རབ་སྟེར་ལ་ལྡེབ་མ་༡༩། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༡ ནས་ ༣༥ བར་ཡིན། འདི་ནི་ཚ་ཁང་ཧོ་ཐོག་ཐུས་བསྐུལ་བའི་ངོར་བརྩམས། (Comprises part two in volume nga of the 1945 ‘Bras spungs redaction; cf. TOH 5840) ༣ དཔལ་འཁོར་ལོ་སྡོམ་པ་ལཱུ་ཨི་པའི་ལུགས་དང་། མི་ཏྲ་ནས་བརྒྱུད་པའི་ཞལ་གཅིག་ཕྱག་གཉིས་ལྷ་ལྔའི་དབང་གི་རྒྱུད་འདེབས་ལ་ལྡེབ་མ་༤། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༤༦ ནས་ ༥༡ བར་ཡིན། (Comprises part three of volume nga of the 1945 ‘Bras spungs redaction; cf. TOH 5836) ༤ བདེ་མཆོག་དྲིལ་བུ་ལུགས་ལྷ་ལྔའི་དབང་གི་བརྒྱུད་འདེབས་དང་སྨོན་ལམ་ཤིས་བརྗོད་ལ་ལྡེབ་མ་༥། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༣༧ ནས་ ༤༥ བར་ཡིན། (Comprises part three of volume nga of the 1945 ‘Bras spungs redaction; cf. TOH 5837) ༥ དཔལ་འཁོར་ལོ་སྡོམ་པ་གྲུབ་ཆེན་དྲིལ་བུ་ཞབས་ཀྱི་ལུགས་ལྷ་ལྔའི་སྒྲུབ་ཐབས་བདེ་ཆེན་དབང་གི་རྒྱལ་པོ་ལ་ལྡེབ་མ་༣༤། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༥༣ ནས་ ༡༢༠ བར་ཡིན། འདི་ནི་སྔགས་རམས་པ་བློ་བཟང་ཚངས་དབྱངས་ཀྱིས་བསྐུལ་བའི་ངོར་བརྩམས། (Comprises part four of volume nga of the 1945 ‘Bras spungs redaction; cf. TOH 5838) ༦ བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ཚོགས་ཀྱི་མཆོད་པ་ཇི་ལྟར་བྱ་བའི་ཚུལ་བདེ་ཆེན་སྙིང་པོ་རབ་རྒྱས་ལ་ལྡེབ་མ་༡༧། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༡༢༡ ནས་ ༡༥༤ བར་ཡིན། འདི་ནི་ལྕང་སྐྱ་རོལ་པའི་རྡོ་རྗེས་བསྐུལ་བའི་ངོར་བརྩམས། (Comprises five part of volume nga of the 1945 ‘Bras spungs redaction; cf. TOH 5839) ༧ དུས་འཁོར་བརྒྱུད་འདེབས་ལ་ལྡེབ་མ་༣། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༡༥༥ ནས་ ༡༥༩ བར་ཡིན། འདི་ནི་ཨ་རི་ལུག་སན་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་བསྐུལ་བའི་ངོར་བརྩམས། (Comprises part six of volume nga of the 1945 ‘Bras spungs redaction; cf. TOH 5842) ༨ དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་བསྐུར་བའི་ཆོ་ག་དོན་གཉིས་མཆོག་སྦྱིན་ལ་༤༤། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༡༦༡ ནས་ ༢༥༠ བར་ཡིན། འདི་ནི་ཡོངས་འཛིན་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་བདེ་འབྱོར་སློབ་དཔོན་ངག་དབང་དོན་གྲུབ་རྣམ་གཉིས་ཀྱིས་བསྐུལ་བའི་ངོར་གཙོ་ཆེར་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིི་མན་ངག་ལ་གཞིར་མཛད་ནས་བརྩམས། (Comprises part seven of volume nga of the 1945 ‘Bras spungs redaction; cf. TOH 5843) ༩ བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་ལ་ལྡེབ་མ་༧༣། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༢༥༡ ནས་ ༤༠༣ བར་ཡིན། འདི་ནི་ལྷ་བཙུན་ངག་དབང་ལྷུན་གྲུབ་དར་རྒྱས་དང་ཨང་དཀར་ཞབས་དྲུང་མེར་གན་མཁན་པོ་རྣམ་གཉིས་ཀྱིས་བསྐུལ་བའི་ངོར་བརྩམས། (Comprises part eight of volume nga of the 1945 ‘Bras spungs redaction; cf. TOH 5844) ༡༠ དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་སྒྲུབ་ཐབས་དངོས་གྲུབ་ཀུན་གྱི་བུམ་བཟང་ལ་ལྡེབ་མ་༥༤། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༤༠༥ ནས་ ༥༡༩ བར་ཡིན། འདི་ནི་རི་བོ་བདེ་ཆེན་གྱི་དགེ་འདུན་པ་དང་ཨང་དཀར་ཞབས་དྲུང་མེར་གན་མཁན་པོ་བཅས་ཀྱིས་བསྐུལ་བའི་ངོར་བརྩམས། (Comprises part nine of volume nga of the 1945 ‘Bras spungs redaction; cf. TOH 5845) ༡༡ དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཚོགས་ཀྱི་མཆོད་པའི་ཆོ་ག་བདེ་ཆེན་འདོད་འཇོ་ལ་ལྡེབ་མ་༡༠། འདི་ནི་སྒང་ཏོག་དཔར་མའི་པོད་ཉ་པ་སྟེ་དེབ་ཆེན་བརྒྱད་པའི་དབྱིན་ཇིའི་ཤོག་ཨང་ ༥༢༡ ནས་ ༥༣༧ བར་ཡིན། འདི་ནི་རི་བོ་བདེ་ཆེན་གྱི་དགེ་འདུན་པ་རྣམས་དང་བསྐལ་བཟང་འབྱོར་རྒྱས་བཅས་ཀྱིས་བསྐུལ་བའི་ངོར་བརྩམས། (Comprises part ten of volume nga of the 1945 ‘Bras spungs redaction; cf. TOH 5846) ༡༢ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་ལ་ལྡེབ་མ་༡༣། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༡༤༣ ནས་ ༡༦༩ བར་ཡིན། འདི་ནི་སྒོ་མང་བློ་བཟང་ཕུན་ཚོགས་དང་བར་ཡངས་འཁྱིལ་བའི་བསྐལ་བཟང་བསྟན་དར་རྣམ་གཉིས་ཀྱིས་བསྐུལ་བའི་ངོར་ལྷ་སར་བརྩམས། (Comprises part eleven in volume nga of the 1945 ‘Bras spungs redaction; cf. TOH 5852) ༡༣ རྒྱུད་སྡེ་ནས་གསུངས་པའི་ལྷ་ཚོགས་དུ་མའི་སྒྲུབ་ཐབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ཕན་བདེའི་འདོད་རྒུ་སྟེར་བ་ཡོངས་འདུ་ཁྲི་ཤིང་ལ་ལྡེབ་མ་༦༨བཅས་བཞུགས། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༡ ནས་ ༡༤༡ བར་ཡིན། (Comprises part twelve in volume nga of the 1945 ‘Bras spungs redaction; cf. TOH 5853) གསུང་འབུམ་ཆ་པར། ༡ དཔལ་རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་པའི་དབང་གི་བརྒྱུད་འདེབས་དང་། སྨོན་ལམ་ཤིས་བརྗོད་ལ་ལྡེབ་མ་༤། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༣༥༡ ནས་ ༣༥༧ བར་ཡིན། (Comprises part one in volume ca of the 1945 ‘Bras spungs redaction; cf. TOH 5849) ༢ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་གྱི་སྒྲུབ་ཐབས་རབ་དཀར་བདུད་རྩིའི་ཆུ་རྒྱུན་ལ་ལྡེབ་མ་༡༣། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༣༥༩ ནས་ ༣༨༢ བར་ཡིན། (Comprises part two in volume ca of the 1945 ‘Bras spungs redaction; cf. TOH 5850) ༣ དཔལ་རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་ཆོ་ག་ཀུན་ཕན་ནོར་བུའི་ཕྲེང་བ་ལ་ལྡེབ་མ་༣༨། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༣༨༣ ནས་ ༤༥༧ བར་ཡིན། འདི་ནི་བསྐལ་བཟང་བསྟན་དར་དང་བློ་བཟང་བསྟན་འཛིན་རྣམ་གཉིས་ཀྱིས་བསྐུལ་བའི་ངོར་བརྩམས། (Comprises part three in volume ca of the 1945 ‘Bras spungs redaction; cf. TOH 5851) ༤ འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་ལས་ཚོགས་ཀྱི་རིམ་པ་གཞན་ཕན་ཀུན྄ད་འཛུམ་པའི་ཟླ་འོད་ལ་ལྡེབ་མ་༣༠། ཁ་སྐོང་འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༡༧༡ ནས་ ༢༢༩ བར་ཡིན། འདི་ནི་མངའ་རིས་ནོ་ཡོན་གུང་འགྱུར་མེད་ཡེ་ཤེས་ཚེ་བརྟན་རྒྱ་མཚོས་བསྐུལ་བའི་ངོར་བརྩམས། (Comprises part four in volume ca of the 1945 ‘Bras spungs redaction; cf. TOH 5854) ༥ རྗེ་བཙུན་འཇམ་དཔལ་དབྱངས་ལ་ཨ་ར་པ་ཙ་ན་ལྷ་ལྔའི་བརྒྱུད་འདེབས་དང་སྨོན་ལམ་ཤིས་བརྗོད་ལ་ལྡེབ་མ་༤། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༤༥༩ ནས་ ༤༦༦ བར་ཡིན། (Comprises part five in volume ca of the 1945 ‘Bras spungs redaction; cf. TOH 5856) ༦ ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་ཀུན་གསལ་ཤེས་རབ་མཆོག་སྦྱིན་ལ་ལྡེབ་མ་༡༦། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༤༦༧ ནས་ ༤༩༨ བར་ཡིན། (Comprises part six in volume ca of the 1945 ‘Bras spungs redaction; cf. TOH 5857) ༧ རྗེ་བཙུན་འཇམ་དཔལ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་འཇམ་དབྱངས་དགྱེས་པའི་ཞལ་སྟོན་ལ་ལྡེབ་མ་༣༦། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༤༩༩ ནས་ ༥༧༢ བར་ཡིན། (Comprises part seven in volume ca of the 1945 ‘Bras spungs redaction; cf. TOH 5858) ༨ རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་རང་གཟུགས་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་འཕྲིན་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་བང་མཛོད་ལ་ལྡེབ་མ་༡༧། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༥༧༣ ནས་ ༦༠༧ བར་ཡིན། དེ་མོ་བླ་ཚབ་བློ་བཟང་དཔལ་ལྡན་གྱིས་བསྐུལ་བའི་ངོར་བརྩམས། (Comprises part eight in volume ca of the 1945 ‘Bras spungs redaction; cf. TOH 5861) ༩ ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་གི་བླ་མ་བརྒྱུད་པའི་གསོལ་འདེབས་ལ་ལྡེབ་མ་༣། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༢༣༡ ནས་ ༢༣༤ བར་ཡིན། འདི་ནི་ལྷ་རྩེ་དགའ་ལྡན་འོག་མིན་གླིང་གི་ངག་དབང་བསྟན་འཛིན་གྱིས་བསྐུལ་བའི་ངོར་བརྩམས། (Comprises part nine in volume ca of the 1945 ‘Bras spungs redaction; cf. TOH 5862) ༡༠ འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་ཕྱག་སྟོང་སྤྱན་སྟོང་གྲུབ་བརྙེས་དགེ་སློང་དཔལ་མོའི་ལུགས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་བསྐུར་བའི་ཆོ་ག་བདེ་ལེགས་ཀུན་འབྱུང་ལ་ལྡེབ་མ་༢༥། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༢༣༥ ནས་ ༢༨༢ བར་ཡིན། འདི་ནི་སློབ་མ་སྣ་ཚོགས་ཀྱིས་བསྐུལ་བའི་ངོར་པཎ་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ལ་གཞིར་བཅོལ་ཏེ་བརྩམས། (Comprises part ten in volume ca of the 1945 ‘Bras spungs redaction; cf. TOH 5863) ༡༡ འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་དང་བཅས་པ་ཕན་བདེའི་སྣང་བ་གསར་དངོམ་ལ་ལྡེབ་མ་༢༡། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༢༨༣ ནས་ ༣༢༣ བར་ཡིན། འདི་ནི་སློབ་མ་སྣ་ཚོགསས་ཀྱིས་བསྐུལ་བའི་ངོར་བརྩམས། (Comprises part eleven in volume ca of the 1945 ‘Bras spungs redaction; cf. TOH 5864) ༡༢ དྭགས་པོ་དགེ་བའི་བཤེས་གཉེན་བློ་བཟང་སྦྱིན་པས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་ཆོག་ནག་འགྲོས་སུ་བཀོད་པ་འདི་རྩ་བ་ཆེ་བ་མཐའ་དག་རྒྱུད་སོགས་གཞུང་ཆེན་མོའི་དགོངས་དོན་ལ་འབྱོར་ཞིང་། ལས་དང་པོ་བར་ཕན་པའི་ལེགས་བཤད་དུ་བྱུང་འདུག་ཅེས་དབུགས་དབྱུང་ནས་འགའ་ཞིག་ལ་དོགས་གཅོད་ཀྱི་མཆན་བུ་སྩལ་བ་ལ་ལྡེབ་མ་༣༧། འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༤༢༧ ནས་ ༤༩༥ བར་ཡིན། (Comprises twelve in volume ca of the 1945 ‘Bras spungs redaction; cf. TOH 5870) ༡༣ དཔལ་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་ལ་ལྡེབ་མ་༦། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༣༢༥ ནས་ ༣༤༩ བར་ཡིན། འདི་ནི་ཁེང་ཟེ་ཆིང་ང་གིས་བསྐུལ་བའི་ངོར་༧རྒྱལ་བ་ལྔ་པ་དང་རིག་འཛིན་འཇམ་དབྱངས་གྲགས་པའི་གསུང་རྩོམ་ལ་གཞིར་བཅོལ་ཏེ་བརྩམས། (Comprises part thirteen in volume ca of the 1945 ‘Bras spungs redaction; cf. TOH ?) ༡༤ འཇམ་དཔལ་གཤིན་རྗེའི་་གཤེད་ཀྱི་བཀའ་སྡོད་འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པའི་ཉིན་ཞག་གི་དབྱུག་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ལ་བརྟེན་ཏེ་དྲག་པོ་གཙོ་བོར་གྱུར་པའི་ལས་སྒྲུབ་པའི་རིམ་པ་གནམ་ལྕགས་ཐོག་ཆེན་དྲག་འདེབས་ལ་ལྡེབ་མ་༡༥། ཁ་སྐོང་འདི་ནི་སྒང་ཏོག་དཔར་མའི་པོད་ཆ་པ་སྟེ་དེབ་ཆེན་དྲུག་པའི་དབྱིན་ཇིའི་ཤོག་ཨང་ ༤༩༧ ནས་ ༥༩༦ བར་ཡིན། (Comprises part fourteen in volume ca of the 1945 ‘Bras spungs redaction; cf. TOH deest?) ༡༥ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྙིང་ཞུགས་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་རྒྱུན་འཁྱེར་དུ་ཉམས་སུ་ལེན་པའི་ཚུལ་དངོས་གྲུབ་ཀུན་འབྱུང་ལ་ལྡེབ་མ་༥། ཁ་སྐོང་འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༢༡༡ ནས་ ༢༡༩ བར་ཡིན། འདི་ནི་པའི་ལི་དོན་གྲུབ་རྒྱ་མཚོས་བསྐུལ་བའི་ངོར་པོ་ཏ་ལར་བརྩམས། (Comprises part fifteen in volume ca of the 1945 ‘Bras spungs redaction.) ༡༦ དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ་བསྟན་པའི་སྲོག་ཤིང་ལ་ལྡེབ་མ་༩། ཁ་སྐོང་འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༢༢༠ ནས་ ༢༣༦ བར་ཡིན། (Comprises part sixteen in volume ca of the 1945 ‘Bras spungs redaction.) ༡༧ བློ་སྦྱོང་དང་འབྲེལ་བའི་གདམས་པ་དང་སྙན་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དོན་ལྡན་ཚངས་པའི་སྒྲ་དབྱངས་ལ་ལྡེབ་མ་༥༣། འདི་ནི་སྒང་ཏོག་དཔར་མའི་པོད་ཀ་པ་སྟེ་དེབ་ཆེན་དང་པོའི་དབྱིན་ཇིའི་ཤོག་ཨང་ ༣༩༧ ནས་ ༥༠༢ བར་ཡིན། (Comprises part seven in volume ca of the 1945 ‘Bras spungs redaction; cf. TOH 5847) ༡༨ ཁྲི་ཆེན་སྤྲུལ་པའི་སྐུ་བློ་བཟང་བསྟན་པའི་ཉི་མ་དཔལ་བཟང་པོའི་(༡༦༨༩་་༡༧༤༦)རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ཕོ་ཉ་ལ་ལྡེབ་མ་༤༤། འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༣༢༨ ནས་ ༤༣༠ བར་ཡིན། (Comprises part eighteen in volume ca of the 1945 ‘Bras spungs redaction; cf. TOH 5848) ༡༩ འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་འཛད་མེད་ཡོན་ཏན་ནོར་བུའི་མཛོད་ལ་ལྡེབ་མ་༢༨། འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༢༣༧ ནས་ ༢༩༤ བར་ཡིན། འདི་ནི་ཁལ་ཁ་རྗེ་བཙུན་དམ་པའི་གསེར་ཡིག་པ་ནོ་ཡོན་ཆོས་རྗེས་བསྐུལ་བའི་ངོར་སློབ་དཔོན་དབྱིག་གཉེན་དང་རྗེ་བཙུན་ཏཱར་ནཱ་ཐའི་འགྲེལ་པ་ལ་གཞིར་བཅོལ་ཏེ་བརྩམས། (Comprises part nineteen in volume ca of the 1945 ‘Bras spungs redaction; cf. TOH 5865) ༢༠ བསངས་མཆོད་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ལ་ལྡེབ་མ་༡༧བཅས་བཞུགས། འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༢༢༠ ནས་ ༢༣༦ བར་ཡིན། (Comprises part sixteen in volume ca of the 1945 ‘Bras spungs redaction.) གསུང་འབུམ་ཇ་པར། ༡ རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བའི་རྣམ་པར་འགྲེལ་པ་ཀུན་གསལ་ཤེས་རབ་འདོད་འཇོ་ལ་ལྡེབ་མ་༥༠། འདི་ནི་སྒང་ཏོག་དཔར་མའི་པོད་ཀ་པ་སྟེ་དེབ་ཆེན་དང་པོའི་དབྱིན་ཇིའི་ཤོག་ཨང་ ༢༢༩ ནས་ ༣༢༩ བར་ཡིན། (Comprises part one in volume cha of the 1945 ‘Bras spungs redaction; cf. TOH 5866) ༢ འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འགྲེལ་ཀུན་མཁྱེན་ཡེ་ཤེས་སྣང་བའི་ཉི་མ་ལ་ལྡེབ་མ་༣༣། འདི་ནི་སྒང་ཏོག་དཔར་མའི་པོད་ཀ་པ་སྟེ་དེབ་ཆེན་དང་པོའི་དབྱིན་ཇིའི་ཤོག་ཨང་ ༣༣༡ ནས་ ༣༩༦ བར་ཡིན། (Comprises part two in volume cha of the 1945 ‘Bras spungs redaction; cf. TOH 5867) ༣ བླ་མ་དང་སངས་རྒྱས་བྱང་སེམས་སོགས་ལ་གསོལ་བ་འདེབས་པ་དང། དེ་དང་འབྲེལ་བའི་བརྟན་བཞུགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་དགེ་ལེགས་ཉིན་མོར་བྱེད་པའི་སྣང་བ་ལ་ལྡེབ་མ་༡༨༨། འདི་ནི་སྒང་ཏོག་དཔར་མའི་པོད་ཁ་པ་སྟེ་དེབ་ཆེན་གཉིས་པའི་དབྱིན་ཇིའི་ཤོག་ཨང་ ༡ ནས་ ༤༠༡ བར་ཡིན། (Comprises part three in volume cha of the 1945 ‘Bras spungs redaction; cf. TOH 5841) ༤ སྨོན་ལམ་ཤིས་བརྗོད་བརྟན་བཞུགས་བཅས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་ལ་ལྡེབ་མ་༨༣། འདི་ནི་སྒང་ཏོག་དཔར་མའི་པོད་ཁ་པ་སྟེ་དེབ་ཆེན་གཉིས་པའི་དབྱིན་ཇིའི་ཤོག་ཨང་ ༤༠༣ ནས་ ༥༦༩ བར་ཡིན། (Comprises part four in volume cha of the 1945 ‘Bras spungs redaction; cf. TOH 5868) ༥ རྒྱ་ཧོར་བོད་ཀྱི་མཆོག་དམན་བར་པ་ལ་སྩལ་བའི་འཕྲིན་ཡིག་གི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དཔྱོད་ལྡན་ཡིད་ཀྱི་ཤིང་རྟ་ལ་ལྡེབ་མ་༧༩བཅས་བཞུགས། འདི་ནི་སྒང་ཏོག་དཔར་མའི་པོད་ག་པ་སྟེ་དེབ་ཆེན་གསུམ་པའི་དབྱིན་ཇིའི་ཤོག་ཨང་ ༡ ནས་ ༡༦༡ བར་ཡིན། (Comprises part five in volume cha of the 1945 ‘Bras spungs redaction; cf. TOH 5869) གསུང་འབུམ་ཉ་པར། ༡ སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་ཞལ་བྱང་། རྒྱབ་ཡིག སྨོན་ལམ། འདོད་གསོལ། དཀར་ཆག་དེབ་ཐེར། མགོ་བརྗོད་བཅས་ཀྱི་ཕྱོགས་སྡེབས་སུ་བཀོད་པ་ལེགས་ཚོགས་དཔལ་གྱི་བང་མཛོད་བཅས་ལ་ལྡེབ་མ་༣༢༤། འདི་ནི་སྒང་ཏོག་དཔར་མའི་པོད་ཅ་པ་སྟེ་དེབ་ཆེན་ལྔ་པ་དེ་ཡིན། (Comprises part one in volume ja of the 1945 ‘Bras spungs redaction; cf. TOH 5873) ༢ དཔལ་གསང་བདག་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ལ་ལྡེབ་མ་ ༤། འདི་ནི་སྒང་ཏོག་དཔར་མའི་པོད་ཏ་པ་སྟེ་དེབ་ཆེན་དགུ་པའི་དབྱིན་ཇིའི་ཤོག་ཨང་ ༦༠༩ ནས་ ༦༡༧ བར་ཡིན། (Comprises part two in volume ja of the 1945 ‘Bras spungs redaction; cf. TOH 5855) ༣ མཐུ་སྟོབས་ཐོགས་པ་མེད་པའི་དམ་ཅན་ཆོས་སྲུང་དུ་མ་ལ་མཆོད་གཏོར་འབུལ་བ་དང་། བཤགས་བསྟོད་བསྐུལ་སོགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ཕྲིན་ལས་རྣམ་བཞིའི་འདོད་འཇོ་བཅས་ལ་ལྡེབ་མ་༡༠༠བཅས་བཞུགས། འདི་ནི་སྒང་ཏོག་དཔར་མའི་པོད་ཐ་པ་སྟེ་དེབ་ཆེན་བཅུ་པའི་དབྱིན་ཇིའི་ཤོག་ཨང་ ༡ ནས་ ༢༠༥ བར་ཡིན། (Comprises part three in volume ja of the 1945 ‘Bras spungs redaction; cf. TOH 5829) གསུང་འབུམ་ཏ་པར། ༡ བདེ་བར་གཤེགས་པའི་སྐུ་གཟུགས་རྟེན་སོགས་ཀྱི་སྐོར་ཚད་ཀྱི་རིམ་པ་ཕྱོགས་བསྡེབས་བྱང་ཆེན་རྒྱ་མཚོར་བགྲོད་པའི་ཤིང་རྟ་ལ་ལྡེབ་མ་༤༢། འདི་ནི་སྒང་ཏོག་དཔར་མའི་པོད་ག་པ་སྟེ་དེབ་ཆེན་གསུམ་པའི་དབྱིན་ཇིའི་ཤོག་ཨང་ ༡༦༣ ནས་ ༢༤༩ བར་ཡིན། (Comprises part one in volume nya of the 1945 ‘Bras spungs redaction; cf. TOH 5874) ༢ ཆོས་སྡེ་ཆེ་ཆུང་གི་བཅའ་ཡིག །སྡེ་བརྒྱད་ལ་སྤྲིངས་ཡིག །ལམ་ཡིག་སྐོ་འཇའ་སོགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་འཇིགས་མེད་གདོང་ལྔའི་སྒྲ་དབྱངས་ལ་ལྡེབ་མ་༡༤༨། འདི་ནི་སྒང་ཏོག་དཔར་མའི་པོད་ག་པ་སྟེ་དེབ་ཆེན་གསུམ་པའི་དབྱིན་ཇིའི་ཤོག་ཨང་ ༢༥༡ ནས་ ༥༨༤ བར་ཡིན། (Comprises part two in volume nya of the 1945 ‘Bras spungs redaction; cf. TOH 5874) ༣ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་རྣམས་དང་བཅས་པ་ལ་སྙན་ཤལ། ཐམ་ཕུད་རིན་པོ་ཆེའི་རྒྱན། ན་བཟའ་མཆོད་རྫས་སོགས་ཕུལ་བའི་ཞལ་ཡིག་གི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ཚོགས་གཉིས་གསེར་གྱི་སྙེ་མ་ལ་༢༣༠བཅས་བཞུགས། འདི་ནི་སྒང་ཏོག་དཔར་མའི་པོད་ང་པ་སྟེ་དེབ་ཆེན་བཞི་པ་དེ་ཡིན། (Comprises part three in volume nya of the 1945 ‘Bras spungs redaction; cf. TOH 5876) གསུང་འབུམ་ཐ་པར། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལ་ལྡེབ་མ་༣༨༦། འདི་ནི་སྒང་ཏོག་དཔར་མའི་པོད་ད་པ་སྟེ་དེབ་ཆེན་བཅུ་གཅིག་པ་དེ་ཡིན། གསུང་འབུམ་མཛད་པོའི་མཛད་རྣམ་མདོར་བསྡུས་མཚམས་སྦྱོར་ཞུ་བ་ལ། ༸རྒྱལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོ་ནི་ཡབ་གུང་བསོད་ནམས་དར་རྒྱས་དང་ཡུམ་བློ་བཟང་ཆོས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་ས་བྱི་ཕྱི་ལོ་ ༡༧༠༨ ལོར་སྐུ་བལྟམས། དགུང་ལོ་ཆུང་ངུའི་དུས། སྐུ་ཞང་ཨ་དགེ་བཀྲ་ཤིས་བླ་མཁྱེན་རབ་འབྱམས་པའི་འཁྲིས་སུ་བཏང་བར་བླ་མཁྱེན་དེ་མཚན་བརྟག་ལ་ཤིན་ཏུ་མཁས་པ་ཞིག་ཡིན་འདུག་པས། མདོ་སྡེ་བསྐལ་པ་བཟང་པོ་ཚར་གཅིག་སྒྲོགས་ཐུབ་ན་གཞོན་ནུ་འདིའི་མཚན་བསྐལ་བཟང་རྒྱ་མཚོ་དང་། སྒྲོགས་མ་ཐུབ་ན་ས་བདག་དབང་ཕྱུག་ཏུ་གསོལ་ཞིག་ཅེས་ལུང་བསྟན་པ་ལྟར། རྒྱལ་བའི་མཚན་ལ་བསྐལ་བཟང་རྒྱ་མཚོར་ཐོགས། དགུང་ལོ་བཅུ་ཐོག་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། མཚན་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོར་གསོལ། དགུང་ལོ་བཅུ་གསུམ་ཐོག་དབུས་སུ་ཕེབས་ནས་ཕོ་བྲང་ཆེན་པོ་གྲུ་འཛིན་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད། གཞུང་ཆེན་མོར་གསན་བསམ་རྒྱ་ཆེར་མཛད། ཉི་ཤུའི་ཐོག་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཐོག་དཔལ་གསང་བ་འདུས་པའི་དབང་བཀའ་ཡང་དུ་མ་གསན། ཉེར་གཅིག་སྐབས་འབྲས་སྤུངས་སུ་རྡོ་རམས་པའི་གྲྭ་སྐོར་མཚན་བཏགས་མཛད། ཉེར་གཉིས་ཐོག་བདེ་གཟར་གྱི་རྐྱེན་པས་མདོ་སྨད་མགར་ཐར་དུ་ཕེབས། ཁུལ་དེར་དགོན་སྡེ་ཁག་ལ་ཆོས་འཁོར་རྒྱ་ཆེར་བསྐོར་ནས་གདུལ་བྱ་རྣམས་སྨིན་པར་མཛད། ཉེར་བརྒྱད་ཐོག་མདོ་ཁམས་ནས་ཕོ་བྲང་ཆེན་པོར་ཞབས་སོར་འཁོད། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས། དགུང་ལོ་སུམ་ཅུ་ལ་ལྷ་ལྡན་གཙུག་ལག་ཁང་གི་རྟེན་རྣམས་གསར་བཞེངས་དང་ཉམས་གསོ་མཛད། སོ་གཅིག་ལ་ཁྲ་འབྲུག་གཙུག་ལག་ཁང་ཞིག་གསོའི་བཀའ་ཁྱབ་གནང་། གོས་སྐུ་མཐོང་བ་དོན་ལྡན་གསར་བཞེངས་ཀྱི་དཀར་ཆག་སྨོན་ཚིག་མཛད། སོ་གསུམ་ལ་ཚོགས་མཆོད་སེར་སྦྲེང་མཆོད་རྫས་ཧྲུལ་སྐྱོན་རྣམས་གསར་བཟོ་བཀོད་པས་མཛེས་པར་སྒྲུབ། ལྕགས་རི་འགྲོ་ཕན་གླིང་གི་གསོ་བ་རིག་པའི་སློབ་སྦྱོང་ཅུང་ཟད་ཉམས་པར་བརྟེན་གདན་ས་མཐིལ་གྱི་མཁན་པོ་རྒྱུགས་ལེན་གཏོང་བ་གནང་སྟེ་བསྡམ་ར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མཆོག་སྤྲུལ་ཡང་སྲིད་ངོས་འཛིན་གནང་སྟེ་མཚན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གསོལ། དགུང་ལོ་སོ་དགུ་ལ་སྒྲ་གཞུང་ཙབྷ་པའི་རི་མོའི་སློབ་རྒྱུན་སྤེལ། དགུང་ལོ་བཞི་བཅུའི་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལྷ་སར་ཕེབས་སྐབས་འཇམ་དབྱངས་སྨྲ་སེང་དང་སྒྲོལ་དཀར་རྗེས་གནང་སོགས་སྩལ། ཞེ་གཉིས་ཐོག་རྩེའི་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་དཀྱིལ་འཁོར་བཞེངས་འགོ་ཚུགས། ཞེ་བཞིར་བཀའ་ཤག་བཙུགས། ཞེ་ལྔར་འབྲས་ལྗོངས་རྒྱལ་པོ་གསར་བསྐོས་གནང་། རིས་མེད་དགོན་སྡེ་རྣམས་འཐོར་ཞིག་གིས་ཉམས་ཆག་ཤིན་ཏུ་ཆེ་བའི་བོད་ཁམས་ཀྱི་བདེ་ཐབས་སུ་ཉམས་གསོ་མཛད། སྒྲ་དང་སྙན་ངག །སྐར་རྩིས་ཡིག་སྣ་ཁག་མང་སྦྱོང་ཁྲིད་བྱེད་པའི་རྩེ་སེར་མོ་བའི་སློབ་གྲྭ་གསར་དུ་བཙུགས། དགུང་ལོ་ཞེ་དྲུག་ལ་རྩེའི་བློས་བསླངས་ཁང་གི་ལྡེབས་བྲིས་གསར་བཞེངས་ལེགས་གྲུབ་ཀྱིས་རབ་གནས་མཛད། ཞེ་བདུན་དུ་ཕེེབས་སྐབས་རྩེ་ཡིག་ཚང་ལས་ཁུངས་གསར་དུ་བཙུགས། གཞན་ཡང་ལྷ་སྐུ་རྟེན་བཞེངས། དགོན་པ་ཉམས་གསོ་སོགས་མཐའ་ཡས་པ་མཛད། རྗེ་ཉིད་སློབ་པ་ལམ་གྱི་གནས་སྐབས་སུ་དགེ་བའི་བཤེས་གཉེན་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དང་། པཎ་ཆེན་བློ་བཟང་ཡེ་ཤེས། མཁན་ཆེན་རྡོ་རྗེ་འཆང་མཆོག་ལྡན་སོགས་ཚུལ་བཞིན་བསྟེན་ནས་ཆོས་ཚུལ་མཐའ་ཡས་པ་གསན། ལི་ཐང་དང་། མདོ་སྟོད་སྨད། དབུས་གཙང་སོགས་སུ་གདུལ་བྱ་རྣམས་སྨིན་གྲོལ་དུ་འགོད་པར་མཛད། དགུང་ལོ་ལྔ་བཅུ་སྟེ་མེ་གླང་ཕྱི་ལོ་ ༡༧༥༧ ཐོག་སྐུ་ཞི་བར་གཤེགས། གང་གི་གསུང་འབུམ་བོད་ཀྱི་དཔེ་མཛོད་ཁང་གི་དཔར་མ་འདིར་པོད་བཅུ་སྟེ་ཀ་པ་ནས་ཐ་པ་བར་བཞུགས། ཞར་བྱུང་བོད་ཀྱི་དཔེ་མཛོད་ཁང་གི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་བ་ལ། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་མི་ཉམས་གོང་འཕེལ་སླད་སློབ་གྲྭ་དང་དགེ་འདུན་གྱི་སྡེ། དེ་བཞིན་རིག་གཞུང་གི་བསྟི་གནས་མང་དག་ཅིག་རྒྱ་གར་འཕགས་པའི་ཡུལ་དུ་ཆེད་འཛུགས་བཀའ་དྲིན་བསྐྱངས་ཁོངས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་འདི་ནི་ཕྱི་ལོ་ ༡༩༧༠ ཟླ་ ༦ ཚེས་ ༡༡ ཉིན་བཞེངས་མགོ་བཙུགས་པ་གནང་། འདི་ཡི་འགན་འཛིན་དང་པོ་ནི་སྐུ་ཡི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཡིན་ཞིང་། དེ་ནས་རིམ་པར་འགན་འཛིན་རྒྱ་མཚོ་ཚེ་རིང་མཆོག་དང་། འགན་འཛིན་ཨ་མཆོག་རིན་པོ་མཆོག ད་ལྟའི་འགན་འཛན་བཞི་པ་ནི་དགེ་བཤེས་ལྷག་རྡོར་མཆོག་ཡིན། འདི་ནི་འཕགས་ཡུལ་ཧིམཱཅལ་མངའ་སྡེའི་དགུན་གྱི་རྒྱལ་ས་དྷརྨ་ཤཱལཱར་གྲགས་པའི་རི་གཤོངས་གང་དུ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཨ་མའི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་གྲགས་པའི་ཁོར་ཡུག་ཏུ་ཆགས་ཤིང་། རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤྱི་སྤྱོད་རླངས་འཁོར་ཐོག་ཕེབས་ན་མཚན་ཐོག་ཐག་གཅིག་གམ་ཆུ་ཚོད་བཅུ་གཉིས་ནང་འདི་རུ་སླེབས། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེད་བླ་ན་མ་མཆིས་པ་དང་རྒྱ་གར་དབུས་གཞུང་གི་མཐུན་རྐྱེན། རང་རེ་ཀུན་གྱི་སྤྱི་མཐུན་གྱི་བསོད་ནམས། སྔ་བར་ཕྱི་གསུམ་གྱི་སྲི་ཞུ་བ་རྣམས་དང་ཆོས་རིག་དོན་གཉེར་ཅན་རྣམས་ཀྱི་ཐུན་མོང་གི་འབད་རྩོལ་ལ་བརྟེན་ནས་དར་རྒུད་སྣ་ཚོགས་བྱུང་ན་ཡང་རྩ་བའི་དམིགས་ཡུལ་དང་བྱེད་སྒོ་རྣམས་ཟླ་བ་ཡར་ངོའི་དཔལ་ལ་འགྲན་བཞིན་དུ་གནས། བརྟེན་པ་ནང་གི་བང་མཛོད་ལ་མཚོན་ན་ཡང་རྒྱལ་བའི་བཀའ་འགྱུར་དང་དགོངས་འགྲེལ་གྱི་བསྟན་འགྱུར་བོད་དཔེ་སྣེ་རིང་གི་ཚུལ་དུ་བཞུགས་པའང་དཔར་མ་སྣ་ཚོགས་ལས་གྲུབ་ཅིང་། གྲངས་འབོར་ལ་མཚོན་ན་ད་ལོ་བར་དཔེ་གཟུགས་གྲངས་ ༢༨༥༥༣ བཞུགས་ཡོད། དེ་བཞིན་བཀའ་བསྟན་དེབ་གཟུགས་སུ་བཞུགས་པའང་ད་ལྟ་གླིང་འདི་ན་ཡོད་པ་ཕལ་ཆེ་བ་འདིར་བཞུགས་ཡོད། བོད་ཀྱི་མཁས་རྒུ་རྣམས་ཀྱི་ཕྱག་རྗེས་ཀྱི་བཞག་པ་གང་ལ་གསུང་འབུམ་དང་བཀའ་འབུམ། གསུང་རྩོམ་བཅས་ཀྱི་མཚན་གསོལ་བ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཀྱང་གསལ་ལེར་བཞུགས་པ་འདི་ལྟ་བུ་ནི་ཕལ་ཆེར་བོད་ཀྱི་ཕྱི་རོལ་ཏུ་གྱུར་པའི་བསྟི་གནས་ཁང་གང་དུའང་དཀོན་པར་སྣང་། ཁྱད་པར་བརྒྱ་ཕྲག་འདི་དང་སྔོན་མའི་ནང་བརྩམས་པའི་ཉེ་རབས་ཀྱི་རྩོམ་རིག་བརྗོད་བྱ་སྣ་ཚོགས་ལས་གྲུབ་པའི་དཔེ་དེབ་འདི་ལོ་བར་ ༡༢༦༢༤ བཞུགས་ཡོད། གོང་གསལ་དེ་དག་ལས་གཞན་པའི་བོད་དཔེ་དང་དེབ་གཟུགས་གཉིས་ཀ་མིན་པའི་ཡིག་རྙིང་མ་དཔེ་ཡང་ཇི་སྙེད་ཅིག་བཞུགས་ཡོད། དེ་དག་ལས་འགའ་དང་འགའ་ནི་འདི་ལས་གཞན་པ་གང་དུའང་མི་ཐོབ་པ་དེ་ལྟར་ལགས། དེ་བཞིན་ཕྱི་གླིང་གི་སྐད་དུ་བཞུགས་པའི་བོད་དང་ནང་ཆོས་ཀྱི་བརྗོད་བྱར་བརྩམས་པའི་དཔེ་དེབ་ཀྱང་དེ་རིང་བར་ཆིག་ཁྲི་ཆིག་སྟོང་ལས་བརྒལ་བ་བཞུགས་ཡོད། དེས་ན་བོད་ཀྱི་དཔེ་མཛོད་ཁང་ནི་བོད་ཀྱི་ཆོས་དང་རིག་གཞུང་ཡིག་ཆའི་བང་མཛོད་ཆེན་པོ་དང་། ཕྱི་ནང་མི་རིགས་ཀུན་ལ་ཉམས་ཞིབ་སློབ་གཉེར་དང་སློབ་ཁྲིད་གནང་ཡུལ་ཞིག་ཀྱང་ཡིན། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་འདི་ནས་སྲི་ཞུ་དངོས་སུ་དབུ་འཛུགས་ཞུས་པའི་ཚེས་བཟང་དེ་ནི་ཕྱི་ལོ་ ༡༩༧༡ ཟླ་ ༡༡ ཚེས་ ༡ ཉིན་ཡིན། ཇི་ལྟར་གོང་ཞུས་བཞིན་འདི་ཉིད་དབུ་ཚུགས་ནས་བཟུང་རྒྱལ་ཁབ་མང་པོའི་སློབ་གཉེར་ཁང་དང་། མཁས་པ། སློབ་གཉེར་བ། དོན་གཉེར་བ་བཅས་ལ་ཆོས་རིག་གི་རྒྱས་སྒོ་ཕྱེས་ཡོད། ཐོག་མར་མགོ་འཛུགས་ཀྱི་སྐབས་ནས་གཞན་ཕན་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་བོད་ཀྱི་ནང་ཆོས་དང་སྐད་ཡིག །རིག་གཞུང་དང་སྲོལ་རྒྱུན། རི་མོ་དང་བཟོ་རིག་གི་སྒྱུ་རྩལ་བཅས་ཀྱི་ཐད་འཆར་བཀོད་བཞིན་ཕྱི་ནང་མི་རིགས་མི་ཉུང་བ་ཞིག་ལ་མཐོང་བ་བརྒྱུད་པའི་ཕྱག་ལེན་དངོས་སུ་སློབ་ཁྲིད་པའི་ལམ་ནས་རྨད་བྱུང་སྲི་ཞུ་རྔོ་ཐོགས་པ་བྱུང་བ་མངོན་སུམ་གྱི་གནས་ཚུལ་ཞིག་ཡིན། འདི་ནས་ད་བར་དཔར་དུ་བསྐྲུན་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལོ་རྒྱུས་སོགས་ཀྱི་ཐོག་མ་ཕྱི་གསར་པ་དང་སྔོན་ཡོད་བོད་ཡིག་དཔེ་གཟུགས་དང་བོད་དབྱིན་དཔེ་དེབ་གྲངས་ ༤༥༠ བྱུང་བ་རྣམས་ཝཱ་ཎས་གཙོས་འཛམ་གླིང་དཔེ་མཛོད་མི་ཉུང་བ་ཞིག་དང་ལྷན་དུ་བརྗེ་ལེན་ཡང་གནང་བཞིན་པ་རེད། རང་གཞུང་ཆོས་རིག་ལས་ཁུངས་དང་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། ལྡི་ལི་བོད་ཀྱི་ཁང་པ། དེ་བཞིན་ལ་དྭགས་ཆེས་མཐོའི་གཙུག་ལག་སློོབ་གཉེར་ཁང་། སྒང་ཏོག་རྣམ་རྒྱལ་རིག་གཞུང་བསྟི་གནས་བཅས་དང་མཉམ་དུ་འབྲེལ་འདྲིས་དམ་གཟབ་ཡོད། འདི་གའི་ཆོས་རིག་གི་འཛིན་གྲྭ་རྣམས་སུ་ཧི་མཱ་ཅལ་མངའ་སྡེའི་ཆེས་མཐོའི་གཙུག་ལག་ཁང་ནས་ཀྱང་ཆོས་རིག་གི་བསྟི་གནས་ཤིག་ཏུ་ངོས་འཛིན་ཐོབ་ཡོད། དེར་བརྟེན་དབུ་འཛུགས་ལོ་མགོ་ནས་ད་ལྟའི་བར་དཔེ་མཛོད་ཁང་དུ་ཆོས་རིག་གི་ཐད་འབྲེལ་བ་གནང་མཁན་དང་སློབ་གཉེར་གནང་མཁན། གཞན་ཡང་ལྟ་སྐོར་དང་གནས་སྐོར་དུ་ཕེབས་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལམ་གྱི་དཔར་སྐྲུན་འདི་ལས་བྱུང་བའི་དགེ་ཚོགས་མཐའ་དག་བསྟན་པ་རྒྱས་པ་དང་འགྲོ་བ་སེམས་ཅན་རྣམས་ལ་བདེ་སྐྱིད་འཛད་མེད་ལོངས་སུ་སྤྱོད་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མགོན་པོ་ཚེ་དཔག་མེད་པའི་ངོ་བོར་གནས་པའི་རྟེན་འབྱུང་དུ་བསྔོ་བ་ལགས་སོ། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་བོད་ཡིག་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་མིང་འཁུར་འཛིན་པ་གུས་ཆུང་ན་ག་སངས་རྒྱས་བསྟན་དར་གྱིས་ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༡༥ ཉིན་བྲིས་པ་ལགས་སོ།།