མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས།༼དུམ་བུ་བརྒྱད་པ།༽

༡༧༣༦༩༤

སློབ་གཉེར་ཁང་གི་ལས་རྟགས་དང་མཚོན་རྟགས་གཞན་ཁག་ཅིག་གི་སྐོར།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱི་ཀྱག་ཀྱོག་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་རྣམས་མཐོ་སློབ་འདིའི་ལས་རྟགས་དང་། དར་ཆ། བསླབ་པ་མཐར་སོན་པའི་ཆས་གོས་སོགས་ལས་ཕྱོགས་ཙམ་རྟོགས་ཐུབ་ཅིང༌།༼ཕྱི་ལོ་༢༠༠༠ ཟླ ༣ ཚེས ༡༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དེ་དག་གི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་གནང་བར་གཞིར་བཟུང་སྟེ་གཤམ་དུ་ཏོག་ཙམ་འགོད་རྒྱུ་ཡིན།༽

དང་པོ། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་ལས་རྟགས།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལས་རྟགས་འདི་ཉིད་ནི་ཕྱི་ལོ་༡༩༧༡ལོ་ནས་གསར་བཟོ་བྱས་ཤིང་། དེ་ཡང་ལས་རྟགས་ཀྱི་གྲུབ་ཆ་ནི།

ལས་རྟགས་ཕྱེད་ཀ་ནི་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་ལས་རྟགས་ལས་ཟུར་བཏོན་ཏོག་ཙམ་བྱས་པ་དང༌། ཕྱེད་ཀ་ནི་བོད་གངས་ཅན་ལྗོངས་སུ་ཡོད་པའི་བསམ་ཡས་གཙུག་ལག་ཁང་གི་ཁང་རྩིག་གི་དཔེ་རིས་པདྨ་དང་གླེགས་བམ། རལ་གྲི་སོགས་ཟུར་བཏོན་མཛད། དེ་དག་ཡོངས་སུ་ཕྱོགས་བསྡོམས་གནང་ནས་བཟོས་པ་ཞིག་ཡིན་ལ། མཐོ་སློབ་འདིའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་དམིགས་ཡུལ་སོགས་ཀྱང་འབུར་དུ་བསྟན་གྱི་ཡོད། དེ་ཡང་ལས་རྟགས་འདིའི་མཚོན་དོན་

 

༼སྔར་གྱི་ལས་རྟགས།༽

གཙོ་བོ་ནི། ཤེས་རིག་གི་བསྟི་གནས་ཤིག་ལ་མཚོན་ན། མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་མཚོན་ཞིང་། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ན་མཁྱེན་བརྩེ་ནུས་གསུམ་མཚོན་གྱི་ཡོད།

ཕྱི་ལོ ༢༠༠༨ ལོར་༧མགོན་པོ་གང་ཉིད་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ཕེབས་སྐབས་སུ་རྒྱ་གར་དབུས་གཞུང་ནས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དེ་གཙུག་ལག་སློབ་གཉེར་ཁང་གི་རྣམ་པ་རུ་ངོས་ལེན་ཐོབ་པའི་གསལ་བསྒྲགས་བསྐྱངས། དེར་བརྟེན་ལས་རྟགས་ཐོག་གི་མིང་ལ་སྒྱུར་བཅོས་ཏོག་ཙམ་མཛད།

 

 ༼ད་ལྟའི་ལས་རྟགསས༽

གཉིས་པ། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་དར་ཆ།

མཐོ་སློབ་ཀྱི་དར་ཆ་ནི། ཕྱི་ལོ ༡༩༨༨ ལོར་ཝཱ་ར་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ལས་ཕྱིར་ཐོན་པ་དང་རིམ་པས་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་གི་མཚན་གནས་རག་རྗེས་གསར་བཟོ་གནང་། དེ་ཡང་རྩ་བའི་གཙུག་ལག་སློབ་གཉེར་ཁང་ཚད་ལྡན་ཡོངས་རྫོགས་ལ་ལས་རྟགས་དང༌། མིང་། དར་ཆ། སྒྲིག་གཞི་སོགས་དགོས་ཀྱི་ཡོད་པ་རེད། བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱང་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་དུ་འགྱུར་མ་ཐག་རྒྱ་གར་དབུས་གཞུང་གིས་གཙུག་ལག་སློབ་གཉེར་ཁང་ཡོངས་རྫོགས་གློ་བུར་དུ་ཚོགས་འདུ་ཞིག་སྐོང་འཚོགས་བྱས་སྐབས་སུ།

མཐོ་སློབ་ཀྱི་དར་ཆ་དེ་ལམ་སེང་འཁྱེར་དགོས་པས། ཚ་ཚ་འུར་འུར་དུ་བཟོས་པ་ཞིག་རེད་འདུག དར་ཆ་དེའི་ཚོན་མདོག་ནི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ལ་གཞི་འཛིན་ཞིང༌། སྤྱིར་བོད་རྒྱལ་ཁབ་ཀྱི་མཚོན་མདོག་ནི་དཀར་དམར་སྔོ་གསུམ་ཡིན་པས། མཐོ་སློབ་ཀྱི་ལས་རྟགས་ཀྱང་ཁྲ་ཁྲ་ཟིང་ཟིང་མེད་པར་ཚོན་མདོག་དེ་རྣམས་ལྷུ་བསྒྲིགས་ཏེ་བཀོད་ཡོད་འདུག གློ་བུར་དུ་གཟིགས་ན་བོད་ཀྱི་རྒྱལ་དར་དང་འདྲ་ཤས་ཆེན་པོ་འདུག

                                                                                                                   ༼ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་དར་ཆ།༽

གསུམ་པ། བསླབ་པ་མཐར་སོན་པའི་ཆས་གོས།

དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་སློབ་གཉེར་མཐར་སོན་རྗེས་ལག་འཁྱེར་ལེན་སྐབས་སུ་ཐུན་མོང་མ་ཡིན་པའི་ཆས་གོས་གྱོན་པ་དང་། རོ་བརྒྱ་ཕུན་སུམ་ཚོགས་པའི་ཟས་རིགས་སོགས་བཤམས་ནས་རྟེན་འབྲེལ་དགའ་སྟོན་རྒྱ་ཆེར་བྱེད་པའི་ལུགས་སྲོལ་དེ་འཛམ་གླིང་ཤར་ནུབ་ཀུན་ལ་ཡོད།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱང་རིམ་པས་འཛིན་སྐྱོང་སོགས་རང་རྐྱ་འཕེར་བར་གྱུར་མཚམས་སུ་རྒྱ་གར་གྱི་མཁས་པ་ཆེན་པོ་ཀ་པི་ལ་ཝཏ་ས་ཡན་(Kapila Vatsayan) མཆོག་གི་ལམ་སྟོན་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཐུགས་དགོངས་ཟབ་མོ་བཞེས་ཏེ་བོད་མི་རིགས་རང་གི་ངོ་བོ་མཚོན་ཐུབ་པའི་སྔར་བོད་ཀྱི་ཆོས་རྒྱལ་དང་རྒྱལ་བློན་དག་གི་ན་བཟའ་ལ་དཔེ་བླངས་ནས་དེང་དུས་ཀྱི་ལུགས་སྲོལ་དང་མཐུན་པའི་བསླབ་པ་མཐར་སོན་པའི་སྐབས་སུ་ཆས་གོས་གཏན་འབེབ་མཛད།

བཞི་བ། ཝཱ་ཎ་མཐོ་སློབ་ཀྱི་མིང་ཐོགས་ཚུལ།

ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ལེགས་སྦྱར་གཙག་ལག་སློབ་ཁང་ནས་ལོགས་སུ་ཕྱེས་ཏེ་འཛིན་སྐྱོང་རང་རྐྱ་མ་འཕེར་བའི་སྐབས་ཏེ། ཕྱི་ལོ ༡༩༧༠ ལོར་ས་གནས་འཛིན་སྐྱོང་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད། ཚོགས་ཆུང་དེའི་ནང་དུ་ཚོགས་གཙོ་ཝཱ་རཱ་ཎ་སིའི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་དང་༌། ༧གོང་ས་མཆོག་གི་སྐུ་ཚབ་རྒན་ཐུབ་བསྟན་འབྱུང་གནས་ལགས། དེ་མིན་སློབ་སྤྱི་དང་། ཨུ་པ་ད་ཡ་མཆོག གཞན་ཨ་སི་ཏི་པན་མཆོག་བཅས་ཡོད་པ་རེད། ས་གནས་ཚོགས་ཆུང་འཚོགས་པའི་སྐབས་ཤིག་ལ་མཐོ་སློབ་ཀྱི་མིང་འབོད་ཚུལ་ལ་རྩོད་གླེང་ལྟ་བུ་ཞིག་བྱུང་། དེ་ཡང་བོད་ཀྱི་མཐོ་སློབ་དང་། དབུས་བོད་ཀྱི་མཐོ་སློབ་ཅེས་པའི་མིང་འདི་ཉིད་ཀྱི་ཐོག་ལ་འདོད་ཚུལ་མི་མཐུན་པ་བྱུང༌། མཐར་མིང་འདི་གཉིས་ཀ་མ་བཞག་པར་ལེགས་སྦྱར་སྐད་དུ་(ལེགསསྦྱར་འདིར་འཇོག་ཐུབ་མ་སོང་།)ཞེས་བཤད། བོད་སྐད་དུ་(བོད་ཀྱི་རིག་གཞུང་སློབ་ཁང་། བོད་ཀྱི་ཆེས་མཐོའི་སློབ་གྲྭ)ཞེས་བཏགས། ལས་ཤོག་གི་ཐོག་ལ་མིང་དེ་ད་ལྟ་ཡང་གནས་ཡོད། ཡིན་ནའང༌། ས་གནས་འཛིན་སྐྱོང་ཚོགས་ཆུང་གི་མིང་དེ་རྒྱ་གར་དབུས་གཞུང་གིས་ཉན་འཇོག་མ་བྱས་པར་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་གི་གནས་ཚད་ལ་གྱུར་ཡང༌། མུ་མཐུད་དུ་ཆེས་ཐོག་མའི་མིང་དེ་རང་གནས་སུ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང༌། དབྱིན་སྐད་དུ་(Central Institution of Higher Tibetan Studies)དང་ཧིན་སྐད་དུ་༼ཧིན་དེ་འདིར་འཇོག་ཐུབ་མ་སོང་།༽མིང་དེ་ཉིད་འབོད་བཞིན་ཡོད། ཕྱི་ལོ་༢༠༠༨ལོར་གཙུག་ལག་སློབ་གཉེར་ཁང་གི་ཁོངས་སུ་ཚུད་པས། མིང་ལ་ཕྲན་བུ་འགྱུར་བ་ཕྱིན་ཡོད། བོད་སྐད་དུ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། དབྱིན་སྐད་དུ་༼Central University Of Tibetan Studies༽ཧིན་སྐད་དུ་༼ཧིན་དེ་འདིར་འཇོག་ཐུབ་མ་སོང་།༽ཟེར།

ལྔ་བ། བསླབ་པ་མཐར་སོན་རྗེས་ཀྱི་ཕྱག་འཁྱེར།

སྤྱིར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེའི་ནང་དུ་འཛུལ་རྒྱུགས་འཕྲོད་རྗེས་འཛིན་རིམ་འཇོག་སྟངས་ནི། ཝཱ་རཱ་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ལྟར་བཞག་ཡོད། དབུ་མ་འོག་མ་ལོ་རིམ་དང་པོ་དང་གཉིས་པ་ཞེས་པའི་འཛིན་གྲྭ་གཉིས་དང་། དབུ་མ་གོང་མ་ལོ་རིམ་དང་པོ་དང་གཉིས་པ་ཞེས་འཛིན་གྲྭ་གཉིས་ཡོད། དེ་བཞིན་བསྟན་བཅོས་ལོ་རིམ་དང་པོ་ནས་གསུམ་པ་བར་དང་། སློབ་དཔོན་ལོ་རིམ་དང་པོ་ནས་གཉིས་པ་བར་ཡོད། དེ་ཡང་གནའ་དེང་གི་རིག་གཞུང་གང་ཞིག་གི་ཐོག་ལ་སློབ་གཉེར་བ་སོ་སོས་ཞིབ་འཇུག་སོགས་བྱེད་པའི་བློ་རིག་ལྡན་ན་སློབ་གཉེར་ཁང་དེའི་དམིགས་ཡུལ་ཇི་བཞིན་མཐུན་རྐྱེན་སྦྱོར་བཞིན་ཡོད།

བསླབ་པ་མཐར་སོན་པའི་ཕྱག་འཁྱེར། རྒྱ་གར་གྱི་སྲོལ་རྒྱུན་ནང་དུ་ཤེས་ཚད་ཀྱི་མིང་འབོད་སྲོལ་ཡོད་པ་ཇི་བཞིན་དུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེའི་བསླབ་པ་མཐར་སོན་རྗེས་ཀྱི་བསྟན་བཅོས་ལག་འཁྱེར་ལ་ཤཱསྟྲི་དང་། སློབ་དཔོན་ལ་ཨཱ་ཅརྱ་ཞེས་རྒྱུན་དུ་འབོད་སྲོལ་ཡོད། ལེགས་སྦྱར་སྐད་དུ་མིང་ཚིག་དེ་གཉིས་ལ་གོ་དོན་གཞན་ཡོད་སྲིད་ཀྱང་། སྐབས་འདིར་ཤེས་ཚད་ཀྱི་ཐོག་ནས་ཤཱསྟྲི་ལ་བོད་སྐད་དུ་བསྟན་བཅོས་ཞེས་བྱ། ཨཱ་ཅཱརྱ་ཞེས་པ་ནི་སློབ་དཔོན་ཞེས་པའི་སྐད་དོད་དོན། སྔར་རྒྱ་གར་དུ་ཤེས་ལྡན་པ་རྣམས་ལ་མིང་འདི་དག་འབོད་སྲོལ་ཡོད་པར་མངོན། དཔེར་ན། ལེགས་སྦྱར་སྐད་དུ། ཨཱ་ཅཱརྱ་ནཱགཱ་རྗུན། བོད་སྐད་དུ། སློབ་དཔོན་ཀླུ་སྒྲུབ་ལྟ་བུའོ། གཞན་ཡང་སློབ་དཔོན་ཕྱོགས་གླང་ལ་སོགས་པའི་དཔེ་མཚོན་ཤིན་ཏུ་མང་ང་ོ།། ཨཱ་ཅཱརྱའི་ལག་འཁྱེར་གནས་ཚད་ནི་དེང་དུས་ཀྱི་ལག་འཁྱེར་(M.A)དང་། ཤཱསྟྲིའི་ལག་འཁྱེར་ནི་(B.A)དང་གནས་ཚད་ཆ་མཉམ་པར་ངོས་འཛིན་བྱེད་ཀྱི་ཡོད།

དྲུག་པ། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུ།

སྤྱིར་གླུ་གཞས་ནི་རྣ་བར་སྙན་འཇེབ་ལྡན་པའི་དགོས་དོན་ཙམ་མ་ཡིན་པར་གླུ་གཞས་ཀྱི་བརྒྱུད་རིམ་ནས་མི་སོ་སོའམ། ཡང་ན་མི་རིགས་དང་ཚོགས་སྡེ་སོ་སོའི་ཁྱད་ཆོས་དང་དམིགས་ཡུལ་སོགས་གནད་དོན་དུ་མ་ཞིག་སྙན་པའི་རོལ་དབྱངས་དང་བསྡེབས་ཏེ་ལེན་སྲོལ་ཡོད། རྒྱ་གར་དུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཡོངས་རྫོགས་ལ་གནད་དོན་ཁྱད་པར་བསྟན་པའི་གླུ་གཞས་རེ་ཡོད་པར་བརྟེན། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིའི་རིགས་གླུ་དེ་ཡང་གཙུག་ལག་སློབ་གཉེར་ཁང་གི་རྣམ་པ་འགྱུར་རྗེས་སུ་གསར་བརྩམས་གནང་། དེ་ཡང་རིགས་གླུ་ཞེས་པའི་དོན་ནི་སློབ་གྲྭའི་གླུའམ་མཐོ་སློབ་ཀྱི་གླུ་ཞེས་པའི་གོ་དོན་དང་གཅིག་མཚུངས་ཡིན། སྔར་རྒྱ་གར་གྱི་རིག་གཞུང་ནང་དུ་སློབ་སྦྱོང་གི་བསྟི་གནས་སོགས་ལ་རིགས་ཅེས་བརྗོད། དེའི་དབུ་འཛིན་དེ་ལ་རིགས་བདག་ཞེས་སྨྲས་པ་ལྟ་བུའོ།

རིགས་གླུའི་ཚིག་ནི་སློབ་གཉེར་ཁང་འདིའི་གུས་པར་འོས་པའི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་མཛད་དེ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ལ་སྤྱན་འབུལ་ཞུས། མཐོ་སློབ་ཀྱིས་ཆེད་མངགས་གདན་ཞུ་བྱས་ཏེ་དབྱངས་རྩོམ་མཁན་གཅོད་པ་ཐར་ལགས་ཀྱིས་རིགས་གླུའི་སྒྲ་གདངས་ཆེད་རྩོམ་གནང་། ཁོང་ནི་བོད་ཀྱི་གླུ་གཞས་དང་རོལ་དབྱངས་ཐོག་རིགས་གཅིག་རྐང་འཛིན་པ་ཞིག་ཡིན། རིགས་ཀྱི་གླུ་འདིའི་གོ་དོན་དང་འགྲེལ་བཤད་ཤིན་ཏུ་ཟབ་པ་དང་རྒྱས་པར་རྒྱག་རྒྱུ་ཡོད་ཀྱང་། གོ་བདེ་བའི་ཚུལ་དུ་མདོར་ཙམ་འགོད་ན། རིགས་ཀྱི་གླུ་ལ་རྩ་བའི་ཚིགས་བཅད་བརྒྱད་ཡོད། གཙོ་བོར་བསྟན་བྱ་ཁག་ནི། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་འདིའི་ཆགས་ཡུལ་གནས་ཁྱད་པར་བསྟན་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་སའི་གནས་མཆོག་དྲང་སྲོང་སྨྲ་བའི་ཉེ་འདབས་སུ་གནས་པ་བསྟན། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་སྦྱོང་གཞིའི་སློབ་ཚན་ཁག་ནི་ཚེ་འདི་ཕྱི་གཉིས་ལ་ཕན་པའི་གཞུང་ལུགས་སྦྱོང་སྟེ། སློབ་གཉེར་བ་རང་ཉིད་ཀྱིས་ཐོས་བསམ་ཚུལ་བཞིན་དུ་གནང་ནས་གཞན་ལ་འཆད་རྩོད་རྩོམ་གསུམ་གྱི་གནད་ལ་བརྩོན་པ། དེ་ཡང་ཆོས་བརྒྱུད་གཅིག་རང་གི་གཞུང་ལུགས་མ་ཡིན་པར་གནའ་དེང་ཟུང་དུ་འབྲེལ་བའི་ཤེས་བྱ་ཁག་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་ཟབ་རྒྱས་རྟོགས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་རྣམས་དང་། མེས་པོའི་ཆོས་ལུགས་གཡུང་དྲུང་བོན་དང་བཅས་ཆོས་བརྒྱུད་ཆེན་པོ་བཞིའི་གཞུང་ལུགས་ཁག་སྦྱང་བྱ་བསྟན་པ། གཞན་ཡང་མཁས་བཙུན་བཟང་གསུམ་གྱི་སྐྱེ་བོ་བསྐྲུན་ས་དང༌། ཆོས་སྲིད་ཟུང་འབྲེལ་ཡང་དག་ལྟ་བ་སྤེལ་མཁན། རིག་གཞུང་བཟང་པོ་མི་ཉམས་གོང་སྤེལ་བྱེད་སའི་ཝཱ་ཎ་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ་བར་ཤོག་ཅེས་སྨོན་ཚིག་འཁོད་ཡོད།

རིགས་ཀྱི་གླུ།

ཆོས་ནོར་འདོད་དང་ཐར་པ་མཆོག་གི་དཔལ། །

འདོད་རྒུ་འཇོ་བ་ཤེས་ཡོན་རིན་ཆེན་མཛོད། ། ཨེ་མ་ཧོ།

བསམ་སྒོམ་འཆད་རྩོམ་བྱ་བས་ལེགས་བཟུང་བའི། །

བྷོ་ཊའི་གཙུག་ལག་སློབ་གཉེར་ཁང་ཆེན་རྣམ་པར་རྒྱལ། ། ཨེ་མ་ཧོ།

རྣམ་འདྲེན་བཞི་པའི་ལེགས་གསུང་བདུད་རྩིའི་རྒྱུན། །

ཐོག་མར་འཇོ་བའི་གནས་མཆོག་གསལ་ལྡན་ཞིང༌། །

དྲང་སྲོང་སྨྲ་བའི་ནགས་ཀྱི་མཐར་གནས་པའི། །

གཙུག་ལག་སློབ་པའི་ཁང་ཆེན་རྣམ་པར་རྒྱལ། །

ཐུབ་ཆེན་རྒྱལ་བའི་བཞེད་དགོངས་ཟབ་རྒྱས་གནད། །

འཕགས་ཡུལ་ཤིང་རྟ་ཆེན་པོས་ལེགས་བཀྲལ་བ། ། ཨེ་མ་ཧོ།

རྒྱན་དྲུག་གཞུང་ཆེན་རྣམ་དག་རིགས་འཕྲུལ་གྱིས། །

དཔྱོད་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ། ། ཨེ་མ་ཧོ།

མཚོ་སྐྱེས་རྡོ་རྗེ་ཞི་འཚོ་སློབ་དཔོན་དང༌། །

ས་ཆེན་རིམ་བྱོན་མར་མི་དྭགས་པོ་བརྒྱུད། །

འཇམ་མགོན་ཡབ་སྲས་གནའ་རབས་གཡུང་དྲུང་བོན། ། ཨེ་མ་ཧོ།

མཁས་རྒུ་བརྒྱུད་འཛིན་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ། །

གཞན་ཡང་སྒྲ་ཚད་བཟོ་གསོ་རིག་པའི་གཞུང༌། །

དེང་རབས་སྤྱི་ཚོགས་བཟོ་འཕྲུལ་ཚན་རིག་སོགས། །

ཤེས་བྱའི་གནས་ལ་མ་ལུས་དུས་གཅིག་ཏུ། །

སློབ་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ། །(རོལ་དབྱངས།)

རྣམ་དག་ལྷ་ཆོས་དྲི་བྲལ་གངྒཱའི་ཀླུང༌། །

ཡ་རབས་མི་ཆོས་ཆབ་སྲིད་ཡ་མུ་ནཱ། །

ལུགས་གཉིས་ཟུང་འབྲེལ་ཆུ་བོ་གཅིག་ཉིད་དུ། ། ཨེ་མ་ཧོ།

སློབ་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ། ། ཨེ་མ་ཧོ།

ཕྱོགས་བྲལ་ཐོས་བསམ་སྒོམ་པའི་ལྟེ་བ་ལ། །

འཆད་རྩོད་རྩོམ་པའི་རྩིབས་སྟོང་རྣམ་བཀྲ་བ། །

མཁས་བཙུན་བཟང་པོའི་མུ་ཁྱུད་ཀྱིས་བཅིངས་པའི། །

སྔོན་མེད་འཁོར་ལོ་གཙུག་ལག་ཁང་ཆེན་རྒྱལ། །

ལྷག་བསམ་དགེ་བའི་སྐྱེས་མཆོག་འཛད་མེད་བསྐྲུན། །

དུས་མཐུན་ཆོས་སྲིད་ཡང་དག་ལྟ་བ་སྤེལ། །

གནའ་བོའི་སྲོལ་སྐྱོང་རྣམ་དག་རང་དབང་དཔལ། །

སྐྱེད་བྱེད་གཙུག་ལག་ཁང་ཆེན་རྒྱལ་གྱུར་ཅིག།།

རྣམ་པར་རྒྱལ།རྣམ་པར་རྒྱལ། ཨེ་མ་ཧོ།

རྣམ་པར་རྒྱལ། རྣམ་པར་རྒྱལ། རྣམ་པར་རྒྱལ།

རྩོམ་སྔ་མ།བརྩེ་དུང་གི་གླུ།
རྩོམ་རྗེས་མ།སྒེའུ་ཁུང་ཆུང་ཆུང་། ཡུལ་ལྗོངས་གསལ་པོ།
ཡ་ལོ་ངག་དབང་།
བོད་མཐོ་སྒང་དུ་སྐྱེས་ཞིང་། ས་མཐའི་ཡུལ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་ཡལ་འདབ་མི་དམན་པ་རྒྱས། འདས་ཟིན་པའི་མི་རིགས་འདིའི་ལོ་རྒྱུས་སྐྱུར་མོ་དང་མ་འོངས་པའི་ཕུགས་བསམ་ལ་འགན་ཁུར་ཏེ། བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག་གི་ཞིང་ཁམས་སོགས་ལ་དྭངས་བླངས་ཞབས་ཞུ་ལོ་ཤས་རིང་ཞུས་དང་ཞུ་བཞིན་པ་རེད། ཁོང་གིས་ཟེར་ན། “དེ་དག་ནི་མི་ཡུལ་འགྲིམ་པའི་ལེགས་སྐྱེས་ཙམ་དང་བོད་ཕྲུག་ཁྱིམ་སྡེ་ལ་དྲིན་ལན་འཇལ་བའི་ཆུ་ཐིགས་ཙམ་ཡིན་ཟེར།”- ད་ལྟའི་ཆར་ཨོ་གླིང་གཞུང་གི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མུས་རེད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།