མདུན་ངོས། མྱོང་བྱང་། མྱོང་གླེང་། ག...

མྱོང་གླེང་། གཉིས་པ།

༧༩༤༥༢༤

“ཟས་མཆིས་ན་ནི་སྲོག་མཆིས། སྲོག་མཆིས་ན་ནི་ལུས་མཆིས། ལུས་མཆིས་ན་ནི་ཆོས་ལམ་ཡང་མཆིས་སོ།” སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པའི་མདོ་ལས།

ད་ནི་ལྟོགས་སྣང་ཤར་བས་ཞོགས་ཟས་བཟའ་དགོས་པ་དྲན། ཕྱི་རྒྱལ་ལུང་པའི་ཞོགས་ཟས་ནི་འཚོ་བཅུད་ཆེ་ཡང་ང་རང་རྟག་ཏུ་ཕ་ཡུལ་གྱི་ཟས་དྲན། ཆུང་དུས་ཀྱི་ཞོགས་ཟས་གཅིག་ནི། སོ་ཁའི་བག་སྒོར་རེད། དེ་ནི་ཨ་མདོའི་ཐལ་གོར་ཟེར་བ་དེ་དང་འདྲ་ཙམ་རེད་དེ་ཡོངས་སུ་གཅིག་པ་མ་རེད། དེ་ཡང་ངའི་ཕ་ཡུལ་དུ་རྫ་བཟོའི་ལག་རྩལ་ཡག །རྫ་མཁན་གྱིས། ཁོག་ལྡིར་དང་མེ་ཕོར། ཁོག་མ། ཆང་རྐྱན། ཇ་ཕྲ། མཆོད་ཀོང་། ཆང་སྣོད་ཨུ་ལུ། བག་སླང་། ཁུར་གཡང་། མོག་ཁྲུ། ཕྱུར་ཚགས། ཕྱུ་གུའི་རྩེད་ཆས་རྫ་གླིང་། སྲོག་ཆགས་ཀྱི་གཟུགས་སོགས་བཟོ། བཟོ་བྱེད་ཀྱི་རྫ་ས་ཚགས་དམ་ལ་ཚི་རིང་བ་ཕ་ཡུལ་གྱི་རི་དང་རི་འདབས་དག་ནས་འབྱུང་། རྫ་བཟོས་ནས་སྐམ་རྗེས། མེ་རུ་མཚན་གང་བསྲེགས་ཏེ་སྲ་མོ་བཟོ་བ་དེ་ལ་ཡུལ་སྐད་དུ་སོ་གཏོང་བ་ཟེར། དག་ཆ་ངོ་མ་སྲོ་གཏོང་བའམ་སྲེག་གཏོང་འང་ཡིན་སྲིད་ཀྱང་ངག་ཏུ་སོ་གཏོང་བ་རང་ཟེར་བས། འདིར་ཡང་། སོ་གཏོང་བ་དང་སོ་ཁ་སོགས་སྐད་གདངས་བཞིན་བྲིས།

སོ་གཏོང་བྱེད་ཀྱིས་འབུད་རྫས་ཡོད་ན་མེད་ན་ནི། ལ་མག་རེད། ཡིག་ཆ་འགའ་ཤས་སུ་ལ་མ་ཞེས་འབྱུང་ཡང་། ཁ་ནས་བརྗོད་དུས་ལ་མག་ཅེས་རྗེས་འཇུག་གའི་སྒྲ་འབྱུང་། དེ་ནི། སྤང་རྩྭ་ཚགས་དམ་པོར་སྐྱེས་པ་དབྱིབས་གྲུ་བཞིའམ་སྒོར་མོར་དྲས་པ་ལ་ཟེར། དེ་དྲ་བ་ནས་འབུད་རྫས་སུ་སྤྱོད་པའི་བར་ལ་བརྒྱུད་རིམ་རིང་པོ་ཞིག་ཡོད། དེ་ཡང་སྤང་རྩྭ་གང་བྱུང་བྱུང་མ་ཡིན་པར། གཙོ་བོ་བཞའ་ཚན་ཆེ་བའི་ན་འདམ་གྱི་སྤང་དྲས་ཏེ། ཉིན་ཤས་ཟུར་ཞིག་ཏུ་ཆུ་རྣམས་འཛག་ཏུ་བཅུག་ནས་འཇོག །ན་འདམ་གཏན་མེད་དུ་མ་འགྲོ་བའི་ཆེད་དུ། ད་ལོ་འདི་ནས་དྲས་ན། སང་ལོ་གནངས་ལོ་ན་འདམ་གཞན་ནས་དྲས་ཏེ་སྤང་ཁ་གསོ་རུ་འཇུག །ཆུ་ཐག་ཆོད་པའི་ལ་མག་དེ་དག་ཁྱིམ་དུ་དབོར་ཏེ། ཁང་པའི་གོང་ལའི་སྟེང་དུ་རིམ་པར་བཀྲམས་ནས་ཟླ་བ་མང་པོའི་རིང་འཇོག །དེ་ལྟར་བཞག་པས། ཆར་པ་བབས་སྐབས་ལ་མག་གི་ས་མང་པོ་ཞིག་ཆར་ཆུས་འཁྱེར་ཏེ་དེ་སོབ་སོབ་མེ་འབར་ཆོག་ཆོག་ཏུ་གྱུར། ཕྱོགས་གཞན་ནས་དེས་ཁང་པའི་རྩིགས་པ་ལའང་སྲུང་སྐྱོབས་ཐུབ། ལ་མག་གི་ཁྱད་ཆོས་གཙོ་བོ་ནི། དེའི་མེ་ཚ་ལ་ཡུན་རིང་དུ་གནས་ཐུབ་པ་དེ་རེད། རྫ་ལ་སོ་གཏོང་སྐབས། རྫ་དང་ལ་མག་སྤེལ་མར་བསྒྲིགས་དགོས་པ་དཔེར་ན། ཐོག་མར་ལ་མག་དབུས་དང་། དེའི་མཐའ་ལ་རྫ་ཆས་རིམ་པ་གཅིག་བཞག །ཡང་ལ་མག་རིམ་པ་གཅིག །ཡང་རྫ་ཆས་སོགས་སྤེལ་མར་བཞག་སྟེ་སོ་ཁ་ཆེན་པོ་ཞིག་བཟོ། སོ་ཁའི་ཕྱོགས་གཅིག་གམ་གཉིས་སུ་ཁུང་བུ་བཅོས་ཏེ། དེ་ལས་ལ་མག་ལ་མེ་བསྒྲོན། མེ་དེ་ཤིང་ལ་མེ་འབར་བ་བཞིན་མེ་ལྕེ་དམར་ལྷབ་ལྷབ་ཏུ་འབར་ན་མི་འགྲིག་པར། མེ་ལྕེ་མཐོང་དུ་མེད་པར་དུ་བ་འཕྱུར་རེར་མཚན་གང་འབར་དགོས། ཕྱི་ཉིན་སྔ་པོར་སོ་ཁ་ནས་རྫ་ཆས་རྣམས་དབྱུག་པ་རིང་པོ་ཞིག་གིས་རེ་རེ་བཞིན་ལེན། ཇ་སྣོད་ཁོག་ལྡིར་དང་མེ་ཕོར། ཆང་སྣོད་ཆང་རྐྱན་སོགས་མཛེས་ཆོས་དགོས་པ་དག་ལ། རྡོ་རྩི་བྱུགས་ཏེ་གོངགསལ་གྱི་སོ་ཁར་རྫ་གཞན་དང་མཉམ་དུ་བསྲེགས་ན། རྩི་མདོག་ཤིན་ཏུ་མཛེས་པོ་འབྱུང་བ་དེ་ལ་གཡུ་རྩི་གཏོང་བ་ཟེར། གཡུ་རྩི་ཟེར་བ་མ་གཏོགས། མདོག་སྔོན་པོ་ཙམ་མ་ཡིན་པར། དམར་པོ་དང་། སེར་པོ་སོགས་སྣ་ཚོགས་འབྱུང་། དེ་ཚོ་གོང་ཡང་ཆེ། གཡུ་རྩིའི་རྒྱུ་ཆར། རྡོ་རིགས་མདོག་མི་གཅིག་པ་མང་པོ་ཡོང་བ་རྣམས། སོ་སོར་བརྡར་ཏེ་ཞིབ་མོར་བཟོས། དེ་དང་མཉམ་དུ་ཚ་ལ་དཀར་པོ་ཞེས་པའི་རྫས་ཤིག་ཡོད་པ་རྫ་ལ་བྱུག་གི་ཡོད།

དགོང་མོ་སོ་ཁར་རྫ་མཁན་ཞིག་གིས་སོ་གཏོང་འགོ་ཚུགས་ཚེ། ནམ་མཁར་དུ་བ་ཀྱུར་ཀྱུར་དུ་འགྲོ་བ་དུད་ཚང་ཚང་མས་མཐོང་ཐུབ་པས། སོ་ཁའི་བག་སྒོར་འདོད་པ་ཚོས། དེ་དགོང་ནས་གྲོ་ཞིབ་བརྫིས་ཏེ། སང་སྔ་མོར་སོ་ཁར་འགྲོ། རྫ་མཁན་གྱིས་རྫ་ཆས་སོ་ཁ་ནས་བཏོན་ཚར་བ་དང་མེ་ཉལ་ཐལ་ཉལ་གྱི་ནང་དུ་དུད་ཚང་སོ་སོས་བག་སྒོར་བསྲེགས། སྤྱིར་བཏང་ཁྱིམ་ཚང་གཅིག་གིས་བསྲེགས་ཐེངས་རེར་བག་སྒོར་སླེལ་པོ་གང་སྟེ་གྲངས་སུམ་ཅུ་ཙམ་ནས་་བརྒྱ་སྐོར་བསྲེགས་ཡོང་། སོ་ཁའི་བག་སྒོར་དེ་ཕར་བལྟས་ན་རྫ་ཐལ་འགོས་ཡོད་པས་མིག་ལ་མི་མཛེས། འོན་ཀྱང་ཁ་ལ་བཟས་ན་བྲོ་བ་དམིགས་བསལ་ཡོད། ལྷག་པར་བོད་ཇ་སྲུབས་མར་སྦངས་ཏེ་བཟས་ན་ཞིམ། ང་ཚོ་ཆུང་དུས་ཞོགས་ཟས་སུ་བག་སྒོར་དེ་བཟའ་བར་དགའ། རྒན་པ་ཚོ། དེ་ཞོར་ཟས་སུ་བཟའ་བར་དགའ། ཕ་ཡུལ་དུ་བག་སྒོར་ཟེར་བ་ལས་བག་ལེབ་མི་ཟེར། བུ་མོ་གདོང་སྒོར་སྒོར་ལ་བག་སྒོར་མ་ཟེར། བག་སྒོར་ཞེས་པའི་ཐ་སྙད་འདི་ཙམ་ལ་བསམ་རིན་མེད་པ་ལྟར་མངོན་ཡང་། འདི་ཚོས་སྔ་མོའི་བོད་མིའི་བསམ་བློ་གཏོང་སྟངས་ཤེས་པར་ཕན་ཅིང་། དེ་ལས་འཕྲོས་ཏེ། ཨ་མདོ་ཁུལ་དུ། གོ་རེ་ཟེར་བ་དེ། བག་སྒོར་གྱི་སྒོར་ལས་བྱུང་བ་ཡིན་སྲིད།

ཕ་ཡུལ་དུ་མི་རབས་ནས་མི་རབས་བར། རྫ་མཁན་ཚོས་རྫ་བཟོས་ཤིང་རྫ་ལ་སོ་བཏང་བས། རྫ་ཐལ་གྱིས་སོ་ཁ་ཁ་ཤས་ཁང་བརྩེགས་གཉིས་ཀྱི་ཚད་ལྟར་མཐོ་བ་དང་། སོ་ཁ་ཆེ་ཤོས་གཅིག་ནི་མཐོ་བ་ཙམ་མ་ཟད། རིང་དུ་སོང་སྟེ་རི་རྒྱུད་ལྟ་བུ་ཞིག་ཆགས་ཡོད། ལོ་ལྟར་ཞིང་པ་ཚོས་དེ་ནས་རྫ་ཐལ་བླངས་ཏེ་དགུན་མཇུག་ཏུ་རང་རང་གི་ཞིང་ལ་གཏོར་གྱི་རེད། དེས་ཞིང་གི་འཁྱགས་ས་བཞུར་བར་ཕན། ང་ཚོ་ཆུང་དུས་རྫ་ཐལ་གྱི་རི་དེར་འཛེགས་ཏེ་ཐལ་རྩེད་མང་པོ་བརྩེས་མྱོང་། འོན་ཀྱང་རིམ་པས་ཐམས་ཅད་དེང་རབས་ཅན་དུ་གྱུར། རྫ་ཆས་ཀྱི་ཚབ་ཏུ་ཧ་ཡང་དང་ལྕགས་ཀྱིས་བཟོས་པའི་སྣོད་སྟབས་བདེ་ལ་ཐུབ་ཆེ་བ། གོང་ཆུང་བ་མང་པོ་དར་བས། རྫ་ཆས་ཉོ་མཁན་དཀོན། བོད་པ་ཚོས་བོད་ཀྱི་ལག་ཤེས་པ་དཔེར་ན། གསེར་བཟོ་བ་དང་། དངུལ་བཟོ་བ། མགར་བ། འཇིམ་བཟོ་བ་སོགས་མང་པོ་ཞིག་ལ་རིགས་ངན་གྱི་ལྟ་སྟངས་འཛིན་པ་དང་མཚུངས་པར། རྫ་མཁན་ཚོ་ཡང་རིགས་ངན་དུ་བརྩི་བས། གཞོན་སྐྱེས་ཀྱི་ནང་དུ་ལག་ཤེས་འདི་སྦྱང་འདོད་ཡོད་པ་ཉུང་། དེ་ལྟར་རྫ་བཟོའི་ལག་ཤེས་ཉམས་པ་དང་མཉམ་དུ། རྫ་ཐལ་རྣམས་རིམ་པས་ཞིང་པས་ཞིང་སར་དབོར་བས། ད་ཆ་ཕ་ཡུལ་གྱི་སོ་ཁའི་རྫ་ཐལ་གྱི་རི་དང་ཕུར་པོ་དེ་ཚོ་ཤུལ་ཙམ་ཡང་རིག་རྒྱུ་མེད་པར་གྱུར་ཟིན་ཟེར། དེ་བས་སོ་ཁའི་བག་སྒོར་ཁ་ལ་མ་རག་མཁན་ཐག་རིང་གི་ང་ཙམ་མ་ཟད་ཀྱི་ཐག་ཉེ་ཕ་ཡུལ་རང་གི་མི་ཚོ་ཡང་ང་དང་གཅིག་མཚུངས་རེད་འདུག

དེ་ལྟ་ནའང་། ང་རང་དེ་རིང་མ་ཆོས་བརྒྱད་སྟོང་པ་ཀློག་བཞིན་དུ་ཕ་ཟས་སོ་ཁའི་བག་སྒོར་བཟའ་འདོད་པས། ཧོབ་སྟེ་ལངས་ཏེ་གྲོ་ཞིབ་བརྫིས། དེ་ནས་བསྲེགས་ཐབ་ཀྱི་གློག་སྤར། བསྲེགས་ཐབ་ཀྱི་ཚ་ཚད་ ༢༠༠ ལ་སླེབས་རྗེས་བག་སྒོར་རྣམས་ནང་དུ་བཞག་སྟེ་བསྲེགས་པས། ཆུ་ཚོད་ཕྱེད་ཀའི་ནང་ལེགས་པར་གྲུབ། ཕྱི་ལ་རྫ་ཐལ་མ་འགོས་ཀྱང་། མཁྲེགས་ཚད་སོ་ཁའི་བག་སྒོར་དང་མཚུངས། ཁ་ལ་བཟས་པའི་བྲོ་བ་ཡང་དེ་དང་འདྲ་བར་ཚོར། བཟའ་ཟླ་དང་བུ་ལ་སྤྲད་པས་ཁོང་གཉིས་ཀྱིས་ཡ་མཚན་མཚན་ངང་བཟས་ཤིང་། བཟའ་ཟླས་སྔ་མོ་ངས་སོ་ཁའི་བག་སྒོར་གླེང་བ་དྲན་སོས་ཏེ། དེ་འདི་དང་འདྲའམ་ཟེར། མདོར་ན་ཞོགས་ཟས་སུ་བག་ལེབ་དེ་དང་མཉམ་དུ་ཤིང་ཏོག་ཨ་ཝ་ཁ་དྲོ་བཟས་པས་ཞིམ།

ཉིན་གུང་བཟའ་ཟླས་བོད་ཇ་བསྲུབས་མ་བཟོས། ང་ཚོས་ཚལ་དང་མཉམ་དུ་ཡང་བསྐྱར་སོ་ཁའི་བག་སྒོར་བཟས།

    བསམ་ཤེས་ན། ཕ་ཡུལ་སྙིང་ལ་ཡོད། བཟོ་ཤེས་ན། ཕ་ཟས་ལག་ལ་ཡོད།། །།

རྩོམ་སྔ་མ།ངོ་དེབ།
རྩོམ་རྗེས་མ།དྲ་ནད།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

མཆན་གཅིག

    • ཁུར་གཡང་ཞེས་པ་ནི། ཁུར་བ་བསྲེགས་སའི་སྣོད་ཅིག་གི་མིང་སྟེ། བག་སླང་དང་ཅུང་འདྲ། ཁུར་གཡང་མང་ཆེ་བའི་དབྱིབས་ནི་གྲུ་བཞི། དུས་གཅིག་ལ་ཁུར་བ་བཞི་ཙམ་བསྲེགས་ཐུབ་པ། ངོས་སུ་རི་མོ་བརྐོས་ཡོད་པས། ཁུར་བ་བསྲེགས་སྐབས་ཁུར་བའི་ངོས་སུའང་རི་མོ་དོད་ཡོང་།

      ཚི་རིང་བ་ནི། འདམ་བག་དང་། གྲོ་ཕྱེ་སོགས་བརྫིེས་ཏེ་འཐེན་ན། རིང་པོར་གྱུར་བ་དེ་ལ་ཚི་རིང་བ་ཟེར་ཞིང་། ཆད་འགྲོ་བ་ལ་ཚི་ཐུང་བ་ཟེར།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།