མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས།(དུམ་བུ་བཅུ་པ།)

༥༤༦༢༩༢
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།

༼དམིགས་བསལ།-སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་དགོངས་པ་དང་མཛད་རྗེས་ཡོངས་རྫོགས་ཡིད་ལ་དྲན་པའི་ཐོག་ནས་དགུང་གྲངས་༨༠ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཅས་ཏེ་སྐུ་ཚེ་ཡུན་རིང་བརྟན་པར་ཤོག༽

ཝཱ་ཎ་ཞི་འཚོ་དཔེ་མཛོད་ཁང་གི་རྣམ་པ།

སྤྱིར་མི་རིགས་ཤིག་གི་མི་མང་ལ་ཤེས་ཡོན་དབྱར་མཚོ་ལྟར་གོང་འཕེལ་འགྲོ གྲོ་དགོས་ན། དཔེ་མཛོད་ནི་ཁ་བྲལ་ཐབས་མེད་པའི་ཤེས་ཡོན་གྱི་ར་བ་གལ་ཆེ་ཞིག་ཡིན། དཔེ་མཛོད་ཡོད་པར་ཙམ་མི་འགྲིགས་པར་དཔེ་མཛོད་ཀྱི་མཐུན་རྐྱེན་རྣམས་ལོངས་སུ་སྤྱོད་རྒྱུ་དེ་བས་གལ་ཆེ། ཞི་འཚོ་དཔེ་མཛོད་ཁང་ནི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལྟ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་ཞིག་ཡིན། “ཞི་འཚོ་དཔེ་མཛོད་ཁང་”ཞེས་པའི་མིང་ཐོགས་ཚུལ་ནི། དུས་རབས་བརྒྱད་པའི་ནང་དུ་བོད་གངས་ཅན་ལྗོངས་སུ་ཕེབས་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་འཚོའི་མཚན་དེ་ཉིད་ཕྱི་ལོ་༡༩༨༥་ ལོ་ཟླ་ ༡ པའི་ནང་དུ་ྋགོང་ས་མཆོག་གིས་དཔེ་མཛོད་འདིའི་མཚན་དུ་(ཞི་འཚོ་དཔེ་མཛོད་ཁང་)ཞེས་གསོལ། སློབ་དཔོན་ཞི་བ་འཚོ་ནི། བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རང་རེའི་སྐད་ལ་ཕབ་བསྒྱུར་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བའི་འཕེལ་རིམ་དང་དར་རྒྱས་གོང་འཕེལ་ཁྲོད་དུ་རྨད་དུ་བྱུང་བའི་མཛད་རྗེས་བསྐྱངས་ཡོད་པས་དེ་ཉིད་ཀྱི་བཀའ་དྲིན་གཟོ་བའི་ཕྱིར་བཏགས་པར་སྙམ། ཞི་འཚོ་དཔེ་མཛོད་ཁང་ནི་སྤྱིར་བོད་གངས་ཅན་གྱི་སློབ་སྦྱོང་དང་། ནང་དོན་རིག་པའི་སློབ་སྦྱོང་། དེ་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཤེས་རིག་གཙོ་བོར་གྱུར་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་གནའ་དེང་ཤེས་རིག་གི་བང་མཛོད་ཆེན་མོ་ཞིག་ཡིན།

དཔེ་མཛོད་ཅེས་བྱ་བ་ནི་རྩོམ་ཡིག་དང་། ཀློག་པ་པོ། ལས་བྱེད་བཅས་ཆོས་གསུམ་གྱིས་བསྡུས་པའི་ཆོས་ཅན་གྱི་གོང་བུ་ཞིག་ལ་གོ་བ་ཡིན། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་བཞི་ཡོད། ༡-ཤེས་རིག་བསྟི་གནས་ཀྱི་དཔེ་མཛོད། ༢-མི་མང་གི་དཔེ་མཛོད། ༣-གཞུང་གི་དཔེ་མཛོད། ༤-ཆེད་ལས་ཀྱི་དཔེ་མཛོད་བཅས་ཡིན། གཞན་ཡང་གཞི་རིམ་སློབ་གྲྭའི་དཔེ་མཛོད་དང་། འབྲིང་རིམ་སློབ་གྲྭའི་དཔེ་མཛོད། མཐོ་རིམ་སློབ་གྲྭའི་དཔེ་མཛོད། གཙུག་ལག་སློབ་ཁང་གི་དཔེ་མཛོད་རྣམས་ནི་ཤེས་རིག་བསྟི་གནས་ཀྱི་དཔེ་མཛོད་ཁང་གི་ནང་གསེས་སུ་གཏོགས་པ་ཤ་སྟག་ཡིན། དེ་དག་གི་དགོས་པ་དང་དམིགས་ཡུལ་ནི་གནའ་རབས་ལོ་རྒྱུས། མི་རིགས་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་བཅས་པ་གསོག་འཇོག་དང་། གཅེས་སྤྲས་ཉར་ཚགས་འགྲེམས་སྤེལ་བྱེད་རྒྱུ་བཅས་ཡིན། འོན་ཀྱང་དཔེ་མཛོད་དེ་དག་གི་བྱེད་ལས་མི་འདྲ་བའི་དབང་གིས་དེ་དག་སོ་སོའི་རྩོམ་ཡིག་དང༌། ཡིག་ཆ། རྩོམ་རིག་བསྡུ་རུབ་བྱེད་སྟངས་དང་ལས་དོན་རྒྱ་ཆེ་ཆུང་གི་ཁྱད་པར་ཆེ་ཙམ་ཡོད། དེས་ན་དཔེ་མཛོད་ཀྱིས་སྤྱི་ཚོགས་དང༌། ཤེས་རིག་གི་བསྟི་གནས། ཉམས་ཞིབ་ཁང་། གཙུག་ལག་སློབ་གཉེར་ཁང༌། སློབ་གྲྭ། དགོན་སྡེ། བཤད་སྒྲ། ཆོས་སྒར། རིག་གནས་ཁང་སོགས་སུ་གང་ལ་གང་དགོས་ཀྱི་མཐུན་འགྱུར་དགོས་ངེས་སྦྱར་ཏེ་མི་རབས་ནས་མི་རབས་བརྒྱུད་པའི་རིག་གནས་མཐའ་དག་འགྲེམས་སྤེལ་དང་ཁྱབ་གདལ་བྱེད་པའི་སྒོ་ནས་མི་རིགས་ཀྱི་ཤེས་ཡོན་གོང་མཐོར་གཏོང་གི་ཡོད་པ་རེད།

ཞི་འཚོ་དཔེ་མཛོད་ཁང་འདིར་སྡེ་ཚན་ལྔར་ཕྱེ་སྟེ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་མཐའ་དག་སྒྲུབ་བཞིན་ཡོད། སྡེ་ཚན་དེ་དག་ནི། ༡-མཁོ་སྒྲུབ་སྡེ་ཚན། ༢-གཡར་ལེན་གྱི་སྡེ་ཚན། ༣-དཀར་ཆག་སྡེ་ཚན། ༤-ཟུར་བལྟའི་རྩོམ་ཡིག་སྡེ་ཚན། ༥-འཕྲུལ་ཆས་རྩོམ་ཡིག་སྡེ་ཚན་བཅས་སོ།

༡-མཁོ་སྒྲུབ་སྡེ་ཚན།(ACQUISITION UNIT)

མཁོ་སྒྲུབ་སྡེ་ཚན་གྱི་ལས་འགན་གཙོ་བོ་ནི་དཔེ་མཛོད་ཀྱི་དམིགས་ཡུལ་དང་སྡེ་ཚན་གྱི་ལས་འཆར་སྲིད་བྱུས་ལྟར་ལས་དོན་མཁོ་སྒྲུབ་བྱ་རྒྱུ་དེ་ཡིན། སྤྱིར་འཛམ་གླིང་ནང་ཤེས་བྱའི་རིག་གནས་མཐའ་ཡས་པས་རྩོམ་ཡིག་ཀྱང་མཐའ་ཡས་ཡོད་པ་མ་ཟད༌། དེ་དག་གི་རྣམ་གྲངས་མང་བ་སྐད་ཡིག་མི་འདྲ་བའི་ཐོག་ཡོད་པའི་དབང་གིས་རྩོམ་ཡིག་དེ་དག་ཐམས་ཅད་སྒྲུབ་པར་དཀའ་བའི་བྱ་བ་ཞིག་ཡིན་ཞིང༌། འཆར་འགོད་ཀྱི་སྲིད་བྱུས་ལྟར་ད་ལྟའི་བར་དུ་སངས་རྒྱས་ཆོས་ལུགས་ཀྱི་རྩོམ་ཡིག་བཀའ་བསྟན་དཔར་མ་མི་འདྲ་བ་བཅུ་གཅིག་དང༌། བོད་རིག་པའི་རྩོམ་ཡིག་གསུང་འབུམ་བརྒྱ་ལྷག་དང༌་། གཏེར་མ། ཡིག་ཆ། རིན་ཆེན་གཏེར་མཛོད། སྒྲུབ་ཐབས་ཕྱོགས་བསྒྲིགས། དེ་བཞིན་སྒྲ་མདོ། བརྡ་སྤྲོད་པའི་རིག་གནས། ཚད་མ། བཟོ་རིག་སྒྱུ་རྩལ། གསོ་བ་རིག་པ། ནང་དོན་རིག་པ། སྙན་ངག དག་ཡིག མངོན་བརྗོད། སྡེབ་སྦྱོར། ཟློས་གར། རྩིས། ལམ་རིམ། ལུགས་ཟུང་བསླབ་བྱའི་བསྟན་བཅོས། གནའ་རབས་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར། དུས་དེབ། ཚིག་མཛོད། ཐོ་གཞུང་དཀར་ཆག དམངས་གཞས་དང་གླུ། སྒྲུང་གཏམ། ཆོས་ལུགས་དང་འབྲེལ་བའི་རྩོམ་ཡིག་གཞི་རྒྱ་ཆེ་ཞིང་རྣམ་པ་མི་འདྲ་བ་བསྡུ་རུབ་བྱས་ཏེ་འཛམ་གླིང་ན་ནང་ཆོས་དང་བོད་རིག་པའི་རྩོམ་ཡིག་ཕྱུག་ཤོས་གྲས་ཀྱི་དཔེ་མཛོད་ཅིག་ཏུ་གྱུར་ཡོད། དེ་དག་ལས་བཀའ་བསྟན་དཔར་མ་མི་འདྲ་བ་བཅུ་གཉིས། དེ་ཡང་སྡེ་དགེ་བཀའ་བསྟན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེས་ཕྱི་ལོ་༡༩༧༩ལོར་ལྡི་ལིར་འཕྲུལ་པར་ཞུས་པ་གླེགས་བམ་པོད་སུམ་བརྒྱ་སོ་གསུམ། ཚལ་པར་བཀའ་འགྱུར་ཚལ་པར་ཡིན་པ་དོན་ལ་སྣག་ཚ་དམར་པོས་བྲིས་པའམ་བཞེངས་པ། དེའི་ས་བཅད་སྡེ་ཚན་དྲུག་ཏུ་ཕྱེ་བ། འདུལ་བ་ལ་གླེགས་བམ་ ༡༣། ཤེར་ཕྱིན་ལ་༢༡། དཀོན་བརྩེགས་ལ་༦། ཕལ་ཆེན་པ་ལ་༤། མདོ་སྡེ་༣། མྱ་ངན་འདས་ལ་༢། རྒྱུད་ལ་༢༠། གཟུངས་འདུས་པོད་༢། དཀར་ཆག་པོད་༡བཅས་གླེགས་བམ་བརྒྱ་ཐམ་པ།

བཀའ་བསྟན་པོད་སུམ་བརྒྱ་ལྷག་ཡོད་པ་དེ་དག་གི་ནང་ཆོས་ཚན་༤༤༠༢ལས་བཀའ་འགྱུར་ལ་ཆོས་ཚན་ ༡༡༡༥དང་བསྟན་འགྱུར་ལ་ཆོས་ཚན་༣༢༨༧ ཡོད། བོད་ཀྱི་མཁས་པས་མཛད་པའི་ཆོས་ཚན་ ༡༥ མ་གཏོགས་རྒྱ་གར་དང་རྒྱ་ནག་སོགས་ཀྱི་སྐད་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་བསྟན་བཅོས་ཤ་སྟག་ཡིན། བཀའ་འགྱུར་གྱི་ཆོས་ཚན་ཐམས་ཅད་རྒྱ་གར་པཎ་ཌི་ཏ་༢༥༠དང་། བོད་ཀྱི་ལོ་ཙཱ་བ་གྲངས་དེ་དང་མཉམ་པས་ལོ་བརྒྱ་ཕྲག་འགའ་ཞིག་གི་རིང་བསྒྱུར་པར་མཛད། བསྟན་འགྱུར་གྱི་ཆོས་ཚན་དེ་དག་ཐམས་ཅད་ནི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་སོགས་རྒྱ་གར་གྱི་མཁས་པ་ཆེན་པོ་༧༠༠དག་གིས་མཛད་པའི་ལྗགས་རྩོམ་ཕྱོགས་གཅིག་ཏུ་བསྒྲིགས་པའི་གོང་བུ་ཞིག་ཡིན། དེ་ནི་རྒྱ་གར་གྱི་པན་ཊི་ཏ་༣༧༠བོད་ཀྱི་ལོ་ཙཱ་བ་༢༥༠དག་གིས་ལོ་བརྒྱ་ཕྲག་འགའ་ཞིག་གི་རིང་དུ་བསྒྱུར་བར་མཛད།

བསྟན་འགྱུར་གྱི་ས་བཅད་སྡེ་ཚན་བཅུ་དྲུག་ཏུ་ཕྱེ་བ། བསྟོད་ཚོགས་པོད་༡། རྒྱུད་འགྲེལ་པོད་༧༨། ཤེར་ཕྱིན་པོད་༡༦། དབུ་མ་པོད་༡༧། མདོ་འགྲེལ་པོད་༡༠། སེམས་ཙམ་པོད་༡༦། མངོན་པ་པོད་༡༠། འདུལ་བ་པོད་༡༨། སྐྱེས་རབས་པོད་༥། སྤྲིངས་ཡིག་པོད་༡། ཚད་མ་པོད་༢༠། སྒྲ་མདོ་༤། གསོ་རིག་པོད་༥། བཟོ་རིག་དང་ལུགས་ཀྱི་བསྟན་བཅོས་པོད་༡། སྣ་ཚོགས་པོད་༩། དཀར་ཆག་པོད་༡། སབཅས་བསྡོམས་པའི་གླེགས་བམ་ཉིས་བརྒྱ་བཅུ་གསུམ་ཡོད།

བོད་ནས་གདན་འདྲེན་ཞུས་པའི་དཔེ་རྙིང་བོད་ཤོག་སྡེ་དགེ་བསྟན་འགྱུར་དཀར་ཆག་བསྡོམས་པའི་གླེགས་བམ་པོད་གྲངས་ཉིས་བརྒྱ་བཅུ་གསུམ་ཡོད་པ་དེ་དག་ལས་རྒྱུད་འགྲེལ་ཕྱོགས་ཀྱི་གླེགས་བམ་བདུན་དང་མདོ་ཕྱོགས་ཀྱི་གླེགས་བམ་བཅུ་གཉིས་མ་ཚང༌།(ཁ་རྒྱུན་དུ་བཀའ་འགྱུར་པོད་བརྒྱ་དང་བརྒྱད་དང་བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་བཞི་བགྲང་སྲོལ་འདུག་ཀྱང་དོན་དངོས་སུ་ཞིབ་རྩིས་བྱས་ན་བཀའ་འགྱུར་པོད་བརྒྱ་དང་བསྟན་འགྱུར་ཉིས་བརྒྱ་བཅུ་གསུམ་ལས་བཞུགས་མེད།) ལྷ་ས་བཀའ་འགྱུར་ནི་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཐུགས་འགན་བཞེས་ནས་ཤིང་བརྐོས་པར་གཞི་བཞེངས་པར་མཛད་དེ་ཕྱི་ལོ་༡༩༢༧ལོར་པར་ཐེངས་དང་པོ་ལྷ་སར་དཔར་དུ་བཏབ། དེའི་ས་བཅད་སྡེ་ཚན་འདུལ་བ་ལ་གླེགས་བམ་པོད་༡༣ལས་གཅིག་མི་ཚང་༌། ཤེས་ཕྱིན་པོད་༢༡ལས་གཅིག་མི་ཚང་༌། དཀོན་བརྩེགས་པོད་༦་ལས་གཅིག་མི་ཚང་༌། ཕལ་ཆེན་པོད་༦། མདོ་མང་པོད་༢༩་ལས་གཅིག་མི་ཚང་༌། མྱ་ངན་འདས་པོད་༢། རྒྱུད་པོད་༢༡ལས་གཅིག་མི་ཚང༌་། དཀར་ཆག་༡ཐེ་བའི་གླེགས་བམ་པོད་གྲངས་བརྒྱ་ཐམ་པ། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་ཐུགས་དགོངས་སུ་བཀའ་འགྱུར་ཡོངས་སུ་རྫོགས་པ་བཞེངས་རྒྱུའི་དགོངས་པ་མཆིས་ནའང་སྐུ་ཚེ་མ་ཟིན་པའི་དབང་གིས་རྒྱུད་འབུམ། རྙིང་རྒྱུད། དུས་འཁོར་འགྲེལ་བཤད། གཟུངས་འདུས་བཅས་པར་བཞེངས་མ་ཐུབ་པར་ལུས། དེས་ན་ལྷ་སའི་བཀའ་འགྱུར་ལ་གླེགས་བམ་པོད་གྲངས་གོ་དགུ་ལས་མ་བྱུང་བ་ཡིན། དེབ་གཟུགས་སྡེ་དགེ་བཀའ་བསྟན་དར་ཐང་རིན་པོ་ཆེས་ཀེ་ལི་ཕོ་ནིར་ཕྱི་ལོ་༡༩༨༠འཕྲུལ་པར་བཏབ་སྟེ་དེབ་གཟུགས་པོད་བརྒྱ་དང་བཅུ་བདུན་དང་༌། དཀར་ཆག་གསར་བསྒྲིགས་བྱས་པ་པོད་བརྒྱད་བཅས་བསྡོམས་པའི་པོད་བརྒྱ་དང་ཉི་ཤུ་རྩ་ལྔ་ཡོད། དེ་དག་ལས་པོད་དང་པོ་ནས་སོ་དྲུག་པ་བཀའ་འགྱུར་དང་༌། སོ་བདུན་ནས་བརྒྱ་དང་བརྒྱད་པར་བསྟན་འགྱུར་ཡིན། བརྒྱ་དང་དགུ་ནས་བརྒྱ་དང་བཅུ་བདུན་པ་སྡེ་དགེ་བཀའ་བསྟན་གཉིས་ཀྱི་དཔར་མར་མ་བཞུགས་པའི་བཀའ་བསྟན་གཞན་ལས་ཕྱུང་སྟེ་ཆོས་ཚན་དྲུག་བརྒྱ་དྲུག་ཅུ་ཕྱོགས་བསྒྲིགས་བྱས་ཏེ་ཁ་སྐོང་གི་ཚུལ་དུ་བཀོད་པ། རྒྱ་སྐད་ལས་བླངས་པའི་ཆོས་ཚན་དུ་མ་ཞིག་ཀྱང་ཡོད། སྡེ་དགེ་བཀའ་བསྟན་སོ་སོའི་མཚན་བྱང་དང་ནང་གསེས་ཆོས་ཚན་ཞིབ་ཕྲ་སྟོན་པའི་ས་བཅད། ནང་པའི་གཞུང་སྐད་ཡིག་གང་དང་གང་གི་ཐོག་ཡོད་པའི་འགྲེལ་བརྗོད། སྒྱུར་པ་པོ་གང་གིས་སྐད་ཡིག་གང་དུ་ཕབ་བསྒྱུར་བྱས་པ། དཔར་སྐྲུན་པ་གང་གིས་བསྐྲུན་པའི་འགྲེལ་བརྗོད་ལོ་དུས་བཅས་པ་བསྟན་པའི་དཀར་ཆག་གི་དེབ་གཟུགས་པོད་བརྒྱད་ཡོད།

བཀའ་བསྟན་གྱི་ས་བཅད་སྡེ་ཚན། འདུལ་བ་ལ་དེབ་གཟུགས་པོད་༥། ཤེར་ཕྱིན་པོད་༥། ཕལ་ཆེན་༢། དཀོན་བརྩེགས་པོད་༢། མདོ་སྡེ་པོད་༡༡། རྒྱུད་པོད་༧། རྙིང་རྒྱུད་དང་དུས་འཁོར་འགྲེལ་བཤད་པོད་༢། གཟུངས་འདུས་པོད་༡། གཉིས་པ་བསྟན་འགྱུར། བསྟོད་ཚོགས་པོད་༡། རྒྱུད་པོད་༢༨། ཤེར་ཕྱིན་པོད་༥། དབུ་མ་པོད་༦། མདོའི་འགྲེལ་པོད་༣། སེམས་ཙམ་པོད་༦། མངོན་པ་པོད་༤། འདུལ་བ་པོད་༦། སྐྱེས་རབས་དང་སྤྲིངས་ཡིག་པོད་༢། ཚད་མ་པོད་༧། སྒྲ་མདོ་༡། གསོ་རིག་པོད༢། བཟོ་རིག་པ་ལུགས་ཀྱི་བསྟན་བཅོས་པོད་༡། སྣ་ཚོགས་པོད་༣། དཀར་ཆག་པོད་༡། ཁ་སྐོང་པོད་༩། གསར་དུ་བསྒྲིགས་པའི་དཀར་ཆག་པོད་༨། བཅས་བསྡོམས་པའི་དེབ་གཟུགས་པོད་གྲངས་བརྒྱ་དང་རྩ་ལྔ། འདིར་པོད་གཅིག་གི་ནང་ས་བཅད་གཉིས་ཚུད་པའང་དུ་མ་འདུག་པས་པོད་གྲངས་ཆ་བགོས་བྱེད་སྟངས་རགས་པའི་དབང་དུ་བྱས་པ་ཡིན།

དེབ་གཟུགས་སྣར་ཐང་བཀའ་འགྱུར་ར་གུ་བིར་གྱིས་ཕྱི་ལོ་༡༩༨༨ལོར་ལྡི་ལིར་འཕྲུལ་པར་ཞུས་པ་པོད་གྲངས་བརྒྱ་ཐམ་པ། དེའི་ས་བཅད་སྡེ་ཚན། འདུལ་བ་ལ་དེབ་གཟུགས་པོད་༡༣། ཤེར་ཕྱིན་པོད་༢༡། དཀོན་བརྩེགས་༦། ཕལ་ཆེན་༦། མདོ་སྡེ་༣༡། མྱ་འདས་༢། རྒྱུད་༡༩། དཀར་ཆག་༡། བོད་ནས་དཔར་བཞེངས་བྱས་པའི་སྣར་ཐང་བསྟན་འགྱུར་གླེགས་བམ་བརྒྱ་དང་ཉི་ཤུ་རྩ་ལྔ་འབྱོར་ཡོད་ཅིང་ལྷག་འཕྲོས་རྣམས་རིམ་པའི་འབྱོར་བར་ཉེ་བ་ཡིན། ཏོག་ཕོ་བྲང་གི་བཀའ་འགྱུར་པོད་བརྒྱ་དང་བཅུ་གཉིས། དེ་ཡང་འདུལ་བ་ལ་གླེགས་བམ་༡༢། ཤེར་ཕྱིན་ལ་༢༧། ཕལ་ཆེན་ལ་༦། དཀོན་བརྩེགས་ལ་༧༦། མདོ་སྡེ་ལ་༣༧། མྱ་འདས་མདོ་༣། རྒྱུད་འབུམ་༡༨། རྙིང་རྒྱུད་ལ་༣། དཀར་ཆག་དཔེ་ཐུང་མ་བརྩིས་པའི་གླེགས་བམ་པོད་གྲངས་བརྒྱ་ཐམ་པ།

དེབ་གཟུགས་ཀྱི་བསྟན་འགྱུར་གསེར་བྲིས་ནི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་གྱིས་བོད་ཀྱི་སྲིད་དོན་ཐུགས་ཁུར་བཞེས་སྐབས་སུ་མ་ཕྱི་ཞ་ལུ་གསེར་ཁང་གི་བསྟན་འགྱུར་མཛད་དེ་གསེར་གྱིས་ཡི་གེར་བྲིས་པར་མཛད། གསེར་བྲིས་དེ་ཉིད་བོད་དུ་རིག་གནས་གསར་བརྗེའི་མཇུག་ཏུ་རྒྱ་ནག་པེ་ཅིན་གྱི་དཔེ་མཛོད་ཁང་དུ་དབོར་འདྲེན་ཞུས་ནས་ཕྱིས་སུ། ཕྱི་ལོ༡༩༨༨ལོར་དཔེ་མཛོད་ནས་དཔར་གློག་འཕྲུལ་པར་བྱས་ཏེ་འགྲེམས་སྤེལ་གནང་༌། དེ་ལ་དཀར་ཆག་བཅས་པའི་དེབ་གཟུགས་པོད་གྲངས་བརྒྱ་ཐམ་པ་ཡོད། དེ་བཞིན་ཨུར་ག་བཀའ་འགྱུར་དེབ་གཟུགས་པོད་བརྒྱ། སྤྱིན་ཤོག་ཅོ་ནེ་བསྟན་འགྱུར། སྤྱིན་ཤོག་གི་ལི་ཐང་བཀའ་འགྱུར་གླེགས་བམ་པོད་གྲངས་བརྒྱ་དང་བརྒྱད། སྤྱིན་ཤོག་གི་རྟ་དབང་བཀའ་འགྱུར་གླེགས་བམ་པོད་གྲངས་བརྒྱད་ཅུ་གྱ་དྲུག སྤྱིན་ཤོག་གི་རྟ་དབང་བཀའ་འགྱུར་བྲིས་མ་གླེགས་བམ་པོད་གྲངས་བརྒྱ་དང་ཉི་ཤུ། སྤྱིན་ཤོག་ཏུན་ཧོང་ཡིག་ཆ། པ་ལི་ཏྲི་པིཊཀ་སྡེ་སྣོད་གསུམ། རྒྱ་ནག་གི་བཀའ་སྡེ་སྣོད་གསུམ་གྱི་དེབ་གཟུགས་པོད་གྲངས་བརྒྱ་དང་རེ་བདུན་དཀར་ཆག་དང་བཅས་པ། ཤྲི་ལང་ཀའི་བཀའ་སྡེ་སྣོད་གསུམ། ལེགས་སྦྱར་སྐད་དུ་ད་ལྟར་བཞུགས་པའི་གཞུང་ལུགས་ཐོར་བུ། མདོར་ན་བཀའ་བསྟན་གྱི་དཔར་མ་རིས་མེད་དང༌་། གྲུབ་མཐའ་རིས་མེད། ཐེག་པ་རིས་མེད། ཆོས་བརྒྱུད་རིས་མེད། ནང་ཆོས་གཞུང་ལུགས་ཀྱི་སྐད་ཡིག་རིས་མེད་ཀྱི་རྩོམ་ཡིག་གཞི་རྒྱ་ཆེ་བ་དང་རྣམ་གྲངས་མང་བ་བསྡུ་རུབ་ཉར་ཚགས་དང་སྦྲགས་ཏེ་རིག་པ་དོན་དུ་གཉེར་བ་རྣམས་ལ་སྲི་ཞུ་དང་༌། ཞབས་ཞུའི་ཕན་ཐོགས་ཅི་ནུས་བསྒྲུབས་དང་སྒྲུབ་བཞིན་ཡོད།

༢-གཡར་ལེན་གྱི་སྡེ་ཚན།(CIIRCULATION UNIT)

དཔེ་མཛོད་ཁང་གི་བྱེད་སྒོ་གཙོ་བོ་ནི་རྩོམ་ཡིག་ལ་ལྟ་ཀློག་གི་གོ་སྐབས་སྤྲོད་རྒྱུ་དང་༌། དེ་དག་གང་ལེགས་འགྲེམས་སྤེལ་དང༌་། ཤེས་བྱ་རིག་གནས་ཐམས་ཅད་ཀློག་པ་པོ་ཀུན་ལ་བགོ་བཤའ་བརྒྱག་རྒྱུ་དེ་ཡིན། དེས་ན་རྩོམ་ཡིག་རྣམས་གཡར་ལེན་གྱི་སྡེ་ཚན་བརྒྱུད་ནས་འགྲེམས་སྤེལ་བྱེད་ཀྱི་ཡོད། དཔེ་མཛོད་ཀྱི་རྩོམ་ཡིག་ཅི་རིགས་ལོངས་སུ་སྤྱོད་དགོས་ན་ཐོག་མར་དེབ་སྐྱེལ་བཟོས་ཏེ་དཔེ་མཛོད་ཀྱི་ཚོགས་མིར་ཞུགས་དགོས། དེབ་སྐྱེལ་སྐབས་སུ་འགེངས་ཤོག་ནང་རང་གི་མིང་དང་གོ་གནས། ཁ་བྱང་སོགས་ངོ་སྤྲོད་མདོར་བསྡུས་ཤིག་འབྲི་དགོས། དཔེ་མཛོད་ཚོགས་མིའི་ཤོག་བྱང་ཐོབ་རྗེས་རང་གི་གོ་གནས་ལ་དཔག་པའི་རྩོམ་ཡིག་དང་དཔེ་དེབ་གང་དགོས་གཡར་པོ་དང་བལྟ་ཀློག་བྱེད་ཆོག་པ་ཡིན། ཚོགས་མིའི་དེབ་སྐྱེལ་བྱེད་སྟངས་ལ་རྣམ་པ་མི་འདྲ་བ་གསུམ་ཡོད་པ་དེ་དག་ནི་རྒྱུན་གཏན་གྱི་ཚོགས་མི་དང༌། རྒྱུན་གཏན་མིན་པའི་ཚོགས་མི། འཕྲལ་སེལ་གྱི་ཚོགས་མི་བཅས་ཡིན། དེ་དག་ལའང་ནང་གསེས་ཡོད། དཔེ་མཛོད་ནས་ཚོགས་མི་རྣམས་ལ་དཔེ་མཛོད་ཀྱི་ལས་རིམ་དུས་ཚོད། སྲི་ཞུའི་རྣམ་པ། དེ་བཞིན་སྒྲིག་གཞི་བསྟན་པའི་ངོ་སྤྲོད་ཀྱི་ཤོག་བྱང་ངེས་པར་འགྲེམ་སྤེལ་བྱ་དགོས། དེ་ལྟར་བྱས་ནས་དགེ་རྒན། ལས་བྱེད། ཞིབ་འཇུག་པ། སློབ་གཉེར་བ་བཅས་ཀྱིས་ཞི་འཚོ་དཔེ་མཛོད་ཀྱི་དཔེ་དེབ་སོགས་ལ་བལྟ་ཀློག་དང་། སྔ་གཡར། འཚོལ་ཞིབ་སོགས་མཐུན་འགྱུར་ལ་རྟག་ཏུ་བེད་སྤྱོད་ཞུས་དང་ཞུ་མུས་ཡིན། ལས་བྱེད་རྣམས་ནས་ཀྱང་དེ་དག་གང་དགོས་ཀྱི་རྩོམ་ཡིག་རེག་ཐབས་ལ་ཕན་ཐོགས་ཅི་རིགས་སྒྲུབ་བཞིན་ཡོད། ཀློག་པ་པོ་ཡོངས་ལ་རྩོམ་ཡིག་བལྟ་ཀློག་དང༌་། འགྲེམས་སྤེལ་ཚགས་ཚུད་ཡོང་བའི་ཆེད་རྩོམ་ཡིག་ཇི་ལྟར་གཡར་བ་དང་༌། རྩོམ་ཡིག་གང་དང་གང་གཡར་བ། དུས་ཇི་ཙམ་གཡར་བ། དགོས་པའི་དབང་གིས་ཕྱིར་བསྡུ་གང་འདྲ་བྱ་དགོས་པ་ལ་གཏན་འཁེལ་གྱི་སྒྲིག་འཛུགས་ཡོད་པ་ཡིན། རྩོམ་ཡིག་མངགས་གཡར་ཆོག་པ་དང་མི་ཆོག་གི་ས་མཚམས་དང༌་མངགས་གཡར་གྱི་དུས་ཚོད། གཡར་དུས་ལས་བརྒལ་ཚེ་ཉེས་ཆད་ཇི་ལྟར་འབྱུང་ཚུལ། དཔེ་མཛོད་ནང་ཕན་ཚུན་དབར་མངགས་གཡར་བྱེད་སྟངས། རྩོམ་ཡིག་ཞིབ་འཚོལ་བྱེད་སྟངས་སོགས་ཀྱི་སྐོར་འདིར་མ་སྤྲོས།

༣-ཟུར་ལྟའི་རྩོམ་ཡིག་སྡེ་ཚན།(REFERENCE UNIT)

གསར་ཤོག དུས་དེབ། ས་ཁྲ། རི་མོའི་སྒྱུ་རྩལ་གྱི་དེབ། ཚིག་མཛོད། ཤེས་བྱའི་རིག་གནས་ཕྱོགས་བསྡུས། ཞལ་བྱང་༌། རྒྱལ་ཁབ་ཀྱི་དར་ཆ། གྲགས་ཅན་མི་སྣའི་ལོ་རྒྱུས། སྒྲུང་ལྡེའུ། གཏན་ཚིགས་དང་ལོ་ཚིགས། ཡུལ་འཁོར་སྤྲོ་འཆམ་གྱི་ལམ་ཡིག ལོ་ཐོ། གནད་བསྡུས་ཡིག་ཆ། དཔེ་སྐྲུན་ཐོ་གཞུང་། དཔེ་དེབ་ཐོ་གཞུང༌། ཆོས་ཀྱི་རྣམ་གྲངས། གཏམ་དཔེ་ལ་སོགས་པའི་རྩོམ་ཡིག་འདི་རིགས་རྣམས་སྡེ་ཚན་འདིའི་ཁོངས་སུ་འདུས་པ་ཡིན། རྩོམ་ཡིག་ཕལ་མོ་ཆེ་ཕྱོགས་སྡེབ་པོད་ཕྲེང་ཅན་དང༌་། ཚོན་ཅན་དང་བརྙན་དཔར་ཡོད་པ་ཤ་སྟག་ཡིན་སྟབས་རིན་ཐང་ཆེ་བས་སྔ་གཡར་བྱེད་སྲོལ་མེད་པ་ཡིན། ཀློག་པ་པོ་དངོས་སུ་དཔེ་མཛོད་དུ་ཕེབས་ཏེ་བལྟ་ཀློག་བྱ་དགོས་པ་ཡིན། ཟུར་བལྟའི་རྩོམ་ཡིག་མང་པོ་ཞིག་དཔེ་མཛོད་ཐུན་མོང་གི་དངོས་རྫས་སུ་གྱུར་ཡོད།

༤-དཀར་ཆག་སྡེ་ཚན།(CATALOGUE UNIT)

གཞི་རྒྱ་ཆེ་ཞིང་རྣམ་གྲངས་མང་བའི་རྩོམ་ཡིག་དཔེ་མཛོད་ཁང་དུ་བཞུགས་ཡོད་པ་དེ་དག་སྡེ་ཚན་དང་གོ་རིམ་མཐར་ཆགས་སུ་མ་བསྒྲིགས་ན་རྩོམ་ཡིག་ཐོར་གྱར་དུ་སོང་ནས་ཀློག་པ་པོའི་དགོས་མཁོ་གང་ཡིན་དང་། རྩོམ་ཡིག་མི་རྙེད་པའི་དཀའ་ངལ་དངོས་སུ་འཕྲད་ཀྱི་ཡོད། དེས་ན་ཐོ་བྱང་དཀར་ཆག་གི་ལམ་ལུགས་དང་སྡེ་ཚན་དབྱེ་བསྡུའི་དཀར་ཆག་ལམ་ལུགས་གྲགས་ཅན་དུ་མ་ཞིག་ཡོད་པ་ལས་གཅིག་ནི།(Anglo-American Cataloguing-Rule Second Edition) དབྱེ་བསྡུའི་དཀར་ཆག་ལམ་ལུགས་གཞན་ཞིག་ནི།(Ranganath Colon Classification Sixth Edition) གཉིས་ཀྱི་གཞི་རྩར་བཟུང་པའི་སྒོ་ནས་འདི་ག་ཞི་འཚོ་དཔེ་མཛོད་ཁང་གི་གསུང་རབ་གླེགས་བམ། རྩོམ་ཡིག་དཔེ་དེབ་ཅི་རིགས་པར་རྩོམ་པ་པོ་དང༌་། མཚན་བྱང་། བརྗོད་བྱའི་ཐོ་བྱང་དཀར་ཆག་བཀོད་སྒྲིག་བྱས་པ་དང་སྦྲགས་བརྗོད་བྱའི་སྡེ་ཚན་གང་དུ་གཏོགས་པའི་སྡེ་ཚན་ཨང་རྟགས་བཅས་བཀོད་དེ་རིག་གནས་སོ་སོའི་སྡེ་ཚན་དང་གོ་རིམ་མ་འཁྲུགས་པར་མཐར་ཆགས་སུ་བསྒྲིགས་ཡོད། རྩོམ་པ་པོ་གང་དང་གང་གི་རྩོམ་ཡིག་དང༌་། མཚན་བྱང་གང་དང་གང་གི་རྩོམ་ཡིག་བརྗོད་བྱ་གང་དང་གང་འབྲེལ་རྩོམ་ཡིག་བཞུགས་པ་དེ་ཉིད་བརྒྱུད་ནས་འཚོལ་ཐབས་གནང་ཆོག ལམ་ལུགས་དང་སྒྲིག་འཛུགས་མི་འདྲ་བ་ཡོད་པའི་དབང་གིས་དཔེ་མཛོད་ཕན་ཚུན་དབར་རྩོམ་ཡིག་གི་སྡེ་ཚན་དང་གོ་རིམ། ཕྱུང་འདོན་ཉར་ཚགས་སོགས་ལ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་མི་མཐུན་པ་ཡོད་པས་ན་ཀློག་པ་པོ་ལ་གཞི་རིམ་དཔེ་མཛོད་ཀྱི་འགྲོ་སྟངས་ཐད་གོ་རྟོགས་དགོས་པ་ནི་གནད་འགག་ཅིག་ཏུ་གྱུར་ཡོད།

༥-འཕྲུལ་ཆས་རྩོམ་ཡིག་སྡེ་ཚན།(REPROGRAPHY UNIT

གཙུག་ལག་སློབ་ཁང་དུ་མཁས་པའི་ཚོགས་འདུ་དང༌། བགྲོ་གླེང༌། ཟབ་སྦྱོང༌། དམིགས་བསལ་སློབ་ཁྲིད། ཟློས་གར་འཁྲབ་སྟོན། དཔྱིད་ཆོས། དགུན་ཆོས་སོགས་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་ལས་སུ་བྱ་བ་ཅི་རིགས་གོ་སྒྲིག་བྱས་པ་རྣམས་དཔེ་མཛོད་ནས་གལ་ཆེ་བར་བཟུང་སྟེ་སྒྲ་འཛིན་གྱི་འཁོར་ཐག་དང་༌། བརྙན་འཕྲིན་འཁོར་ཐག་ཐོག་ཕབ་བཤུས་བྱེད་པའི་སྒོ་ནས་ཡིག་ཆར་བཟོས་ཏེ་གསོག་འཇོག་གཅེས་སྤྲས་ཞུས་ཡོད། དེ་ལྟར་བྱས་པའི་ཐོག་ད་ལྟ་དཔེ་མཛོད་དུ་སྒྲ་འཛིན་འཁོར་ཐག་(Audio)གྲངས་འབོར་༡༩༣༩དང༌། བརྙན་འཕྲིན་འཁོར་ཐག་(Video) གྲངས་འབོར་༥༣༤འོད་སྡེར་(CD)གྲངས་འབོར་༧༤༦བཅས་ཉར་ཚགས་བྱེད་ཡོད། དེ་དག་ལས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང༌། མཁས་པ་དགེ་བཤེས་དག་གིས་འཛམ་གླིང་ཡུལ་གྲུ་གང་ས་དང༌། བཙན་བྱོལ་གྱི་ཆོས་སྒར་དང་བཤད་གྲྭར་སློབ་ཁྲིད་གནང་པའི་སྒྲ་འཛིན་གྱི་འཁོར་ཐག་དང་བརྙན་འཕྲིན་འཁོར་ཐག་མི་ཉུང་བ་ཡོད། གོང་གསལ་འཁོར་ཐག་གི་བརྗོད་བྱ་གང་དང་གང་བསྟན་ཡོད་ཅེ་ན་ནང་པ་སངས་རྒྱས་པའི་ལྟ་གྲུབ་གཙོ་བོར་གྱུར་བའི་བརྗོད་བྱ་བདེན་བཞི་ལས་བརྩམས་པའི་རྣམ་མང་དང་༌། སུམ་རྟགས་དག་གསུམ། ཚད་མ། གསོ་བ་རིག་པ། སློབ་གསོ། རྒྱལ་རབས་ལོ་རྒྱུས། སྙན་ངག་ཁྲིད་གཞུང༌་། རྩོམ་རིག རྩིས་ཀྱི་རིག་པ། ཆབ་སྲིད། ལུགས་ཟུང་བསླབ་བྱ། རང་བྱུང་ཁམས་ཀྱི་ཁོར་ཡུག་གི་སྐོར། ཤར་ཕྱོགས་དང་ནུབ་ཕྱོགས་པའི་ལྟ་གྲུབ། གསུང་འཕྲིན། དབང་ལུང་མན་ངག་གི་ཁྲིད་སོགས་ཀྱིས་བསྡུས་ཡོད། མདོར་ན་ཕྱི་ནང་གི་མཁས་པ་སྙན་གྲགས་ཅན་སུམ་བརྒྱ་ལྷག་ཙམ་གྱི་ལེགས་བཤད་གསུང་གི་བདུད་རྩིས་བརྒྱན་པ་མ་ཟད་ཤན་སྦྱར་སྐད་ཡིག་གི་འཁོར་ཐག་ཀྱང་མང་པོ་ཡོད།

༦-གློག་ཀླད་ཀྱི་སྡེ་ཚན།(COMPUTER UNIT)

དེང་སང་གློག་ཀླད་འཕྲུལ་ཆས་ཀྱི་རིག་གསར་ལ་བསླབ་པ་སློབ་གཉེར་གཞི་རྒྱ་ཆེ་བར་དར་ཁྱབ་ཕྱིན་པ་དང་བསྟུན་ཏེ་འདི་གའི་སློབ་གཉེར་ཚོ་ལའང་གོ་སྐབས་དང་སྦྱོང་བརྡར་འབུལ་བ་ནི་སྡེ་ཚན་འདི་ཉིད་བཙུགས་པའི་དམིགས་ཡུལ་དང་དགོས་པ་གཙོ་བོ་ཡིན། ལྟ་གྲུབ་དང་སྦྱོང་བརྡར་གཉིས་ཀའི་ཐད་གཞི་རིམ་སློབ་སྦྱོང་སྤྲད་དེ་ཡིག་རྒྱུགས་ཀྱི་ལམ་ནས་གནས་ཚད་ལག་འཁྱེར་འབུལ་སྲོལ་ཡོད། རྟག་ཏུ་དྲ་རྒྱ་(Internet)དང་། གློག་འཕྲིན་(E-mail)སོགས་བཀོལ་སྤྱོད་བྱེད་རྒྱུའི་མཐུན་རྐྱེན་ཡོད་པར་བརྟེན་གློག་ཀླད་ཁ་ལོར་བསྒྱུར་ཐབས་ཙམ་གྱི་ཤེས་འཇོན་སློབ་གཉེར་ཚང་མར་ཁྱབ་ཡོད། སྡེ་ཚན་འདིས་ལས་ཁུངས་ཁག་གི་གློག་ཀླད་འཕྲུལ་ཆས་བལྟ་སྐྱོང་དང་ལམ་སྟོན་ཡང་འགན་འཁུར་གནང་གི་ཡོད། དངོས་ཡོད་གནས་སྟངས་ལ་གློག་ཀླད་འཕྲུལ་ཆས་ཁ་ལོར་བསྒྱུར་ཐབས་དང་བེད་སྤྱོད་ཀྱི་རིམ་པ་ངེས་པར་དུ་ཤེས་རྟོགས་དགོས་པ་ནི་མེད་དུ་མི་རུང་བའི་མི་ཚེའི་ཆ་ཤས་ཤིག་ཏུ་གྱུར་ཡོད། བརྗོད་གཞི་ཆེ་བ་རིག་གནས་གང་རིག་པའི་གནས་དེའི་གཞི་རིམ་ལྟ་གྲུབ་དང་གློག་ཀླད་ཀྱི་ཁ་ལོ་འགྱུར་ཐབས་སོགས་བྱས་ཏེ་ཤེས་ཡོན་གནས་ཚད་གོང་མཐོར་འཕེལ་བའི་ཆ་རྐྱེན་དུ་འགྲོ་བ་དང་། རྣམ་མང་ཤེས་བྱར་རོལ་བའི་མྱུར་འཕྲིན་བྱེད་པའི་སྒོ་ནས་སློབ་གཉེར་བ་སོ་སོའི་དགོས་མཁོ་ཤེས་བྱ་གང་དང་གང་དགོས་ལ་བལྟ་ཀློག་དང་ཕྱུང་འདོན་ཆོག་པ་མ་ཟད་ལས་སླ་བའི་ངང་ནས་གཞན་ལའང་ཆ་འགོས་ཆོག་པ་ཡིན། སྡེ་ཚན་དེ་དག་སོ་སོར་ལས་སུ་བྱ་བ་གང་དག་འགན་འཁྲི་ཡོད་པ་རགས་བསྡུས་ཙམ་ཞིག་ཞུས་ན། མཁོ་སྒྲུབ་སྡེ་ཚན་གྱི་ལས་འགན་གཙོ་བོ་ནི་དཔེ་མཛོད་ཀྱི་དམིགས་ཡུལ་དང་སྡེ་ཚན་གྱི་སྲིད་བྱུས་གཞི་རྩར་བཟུང་སྟེ་དཔེ་དེབ་སོགས་ཡིག་རིགས་ཅི་རིགས་པ་མཁོ་སྒྲུབ་བྱ་རྒྱུ་དང་༌། ཉོས་ཟིན་པའི་དཔེ་དེབ་རྣམས་དཔེ་མཛོད་ཀྱི་མ་དེབ་ནང་དེབ་སྐྱེལ་བྱས་ཏེ་དཔེ་དེབ་སོ་སོར་དེབ་ཨང་རེ་དགོད་རྒྱུ། དེ་བཞིན་དཔེ་སྐྲུན་ཁང་དང་དཔེ་དེབ་འགྲེམ་སྤེལ་པ་སོགས་ལ་ཡིག་ངག་ཅི་རིགས་ཀྱི་སྒོ་ནས་འབྲེལ་ལམ་དང་། འབྲེལ་ལམ་ལས་བྱུང་བའི་ཡིག་ཆ་ཁག་དང་ལྷག་པར་དུ་དངུལ་འཛིན་ཁག་ལོ་འཁོར་རྩིས་ཁྲའི་ཆེད་ཚུལ་མཐུན་བདག་ཉེར་བྱ་དགོས་པ་ཡིན། ལས་ཁུངས་སྤྱི་མཚུངས་བཞིན་སློབ་གཉེར་བ་དང་༌། དགེ་རྒན། ལས་བྱེད། ཉམས་ཞིབ་པ་སོགས་དཔེ་མཛོད་ནང་ཆེད་མངགས་ངོ་བཅར་ཞུ་མཁན་དེ་དག་གི་མངོན་འདོད་དང་རེ་འདུན་སྒྲུབ་ཐབས་སུ་དཔེ་མཛོད་ལས་བྱེད་རྣམས་ཀྱིས་ཕན་གྲོགས་རྒྱ་གང་ཆེ་དང་ཁ་ཚ་དགོས་གཏུགས་ཀྱིས་དཔེ་དེབ་སོགས་འདོན་སྤྲོད་དང་འདྲ་བཤུས་ཀྱི་མཐུན་རྐྱེན་ཡོད་ཚད་སྦྱར་དང་སྦྱོར་མུས་རེད།

དེང་སང་གློག་ཀླད་འཕྲུལ་ཆས་ཀྱི་རིག་གནས་ལ་བསླབ་པ་སློབ་གཉེར་གཞི་རྒྱ་ཆེ་བ་དར་ཁྱབ་ཡོད་པ་དང་བསྟུན་ཏེ་འདི་ག་མཐོ་སློབ་ནས་ཀྱང་དོན་གཉེར་ཅན་རྣམས་ལ་གོ་སྐབས་དང་སྦྱོང་བརྡར་ཚད་གཞི་ངེས་ཅན་ལ་སླེབས་པ་ཞིག་འབུལ་བའི་ཆེད་དུ་གློག་ཀླད་སྡེ་ཚན་འདི་བཙུགས་པ་རེད།

མཆན། ཝཱ་ཎ་ཞི་འཚོ་དཔེ་མཛོད་ཁང་གི་ལས་བྱེད་རྒན་བསོད་ནམས་ཚེ་དབང་ལགས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།