མདུན་ངོས། དཔྱད་རྩོམ། གོ་སྐབས་དང་གད...

གོ་སྐབས་དང་གདོང་ལེན།

༡༩༠༢༢༨

འདས་པའི་ཟླ་ཤས་ནི། འཛམ་གླིང་གི་ཆབ་སྲིད་དང་འབྲེལ་ལམ་ཐད་འགྱུར་ལྡོག་ཧ་ཅང་ཆེ་བའི་དུས་སྐབས་ཤིག་རེད། ཕྱོགས་གཅིག་ནས་རྒྱ་ནག་གིས་རང་གི་དབང་ཤུགས་རྒྱལ་སྤྱིའི་ཁྱོན་དུ་ཤུགས་ཆེ་སྤེལ་བཞིན་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་དང་འབྲེལ་ཏེ་འཛམ་གླིང་ཁྱོན་ཡོངས་ཀྱིས་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་སྡུག་ཏུ་སོང་ཡོད། ཕྱོགས་གཞན་ནས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་མངོན་གསལ་གྱིས་ཛ་དྲག་ཆགས་པ་དང་མཉམ་དུ། ཧོང་ཀོང་གི་གནད་དོན་དང་། ཐེ་ཝན་གྱི་གནས་བབས་སོགས་ཀྱང་འཛམ་གླིང་ནང་འབུར་དུ་ཐོན་བཞིན་ཡོད་པ་མ་ཟད། དེ་ཚོར་གཞུང་འབྲེལ་གྱི་ངོས་ནས་རྒྱབ་སྐྱོར་ཡང་སྔར་བས་མང་བ་ཐོབ་བཞིན་ཡོད།
བོད་དོན་གྱི་ཐད། ཉེ་དུས་ཨ་རིའི་ནང་། བོད་དོན་ཁྲིམས་འཆར་ལ་གཞུང་འབྲེལ་དང་ཁ་གཏད་ཚོགས་པའི་དབྱེ་བ་མེད་པར་གྲོས་ཚོགས་ནང་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་ལ། བོད་པ་རང་ངོས་ནས་ད་ལྟའི་དུས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་འཆར་གཞི་ལྡན་པའི་ངང་བརྩམས་ན། འཛམ་གླིང་ཁྱོན་ཡོངས་ནས་བཟང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་རྒྱུའི་མཐུན་རྐྱེན་ཚང་ཡོད། དེ་ནི་རྒྱ་ནག་གིས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ། དེའི་ཐད་ལ་གྲ་སྒྲིག་ཀྱང་ངེས་ཅན་བྱས་ཡོད་པར་མངོན།

འཕོ་འགྱུར་ཆེ་བའི་གནས་སྟངས་འདིའི་འོག །བོད་མིའི་ནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞི་རྒྱ་ཆེ་བའི་དྲ་ལམ་གྱི་གསུང་ཆོས་སྔ་རྗེས་གནང་བ་དེ་ལས་གཞན་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག །མི་སྒེར་བཅས་ཀྱིས་ཆོས་དང་སྲིད། རིག་གནས་སོགས་དང་འབྲེལ་བའི་ལས་འགུལ་ཆེན་པོ་མངོན་གསལ་དུ་སྤེལ་ཐུབ་པ་བྱུང་མེད། ༸གོང་ས་མཆོག་གིས་དྲ་ཐོག་ནས་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གནང་སྐབས། རྒྱ་སྐད་གསུང་ཆོས་ཀྱི་ཐད་གཏོང་དྲ་ལམ་དུ་གར་ཡོང་ཆ་མེད་ཀྱི་མི་བརྒྱ་ཕྲག་མང་པོས། ལྡོག་ཕྱོགས་ཀྱི་མཆན་སྤེལ་ཏེ། འགོག་རྐྱེན་བཟོ་ཐབས་བྱས། མཆན་དེ་ཚོར་ལྟ་སྐབས། མཆན་འབྲི་མཁན་གྱི་མི་སུ་ཡིན་ངོ་རྟགས་མི་ཆོད་པ་དང་གཅིག །མཆན་གྱི་ནང་དོན་གཅིག་མཚུངས་ཡིན་པ་དང་གཉིས། མཆན་གྱི་ཚིག་བརྗོད་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་རྣམ་པ་གསལ་པོ་ཡོད་པ་དང་གསུམ་བཅས་ཀྱི་ཆ་ནས། རྒྱ་ནག་དམར་པོའི་གཞུང་གི་བཀོད་བྱུས་འོག་བྱུང་བ་ཞིག་ཡིན་པ་གསལ་པོར་གྱུར།

༸གོང་ས་མཆོག་གི་བཀའ་ཆོས་གཉིས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དྲ་ལམ་ནས་གནང་རྒྱུའི་གསལ་བསྒྲགས་མཛད་རྗེས། སྤྱི་འཐུས་ཟུར་པ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས། ཏཱ་ལའི་བླ་མས་ཐུགས་རྗེ་ཆེན་པོའི་དབང་ཆེན་འཛམ་བུའི་གླིང་པ་ཐམས་ཅད་ལ་བརྙན་འཕྲིན་ནང་ནས་བསྐུར་བ་དེ་ཚོ་བསྟན་པ་བཤིག་པའི་སྟ་རེ་ངོ་མ་རེད་ཅེས་བཤད་ཅིང་། དེའི་སྒྲ་ཐག་སྤྱི་ཚོགས་ནང་ཁྱབ་པར་བརྟེན། གླེང་ཕྱོགས་ཆེན་པོ་བྱུང་། དེའི་ཐད་དུས་ཐུང་ནང་མདོ་རྒྱུད་ལ་མཁས་པ་ཚོས་བགྲོ་གླེང་གནང་བ་བརྒྱུད་དྲ་ལམ་ནས་དབང་གནང་ན་རྒྱུད་ཀྱི་དགོངས་པ་དང་མི་འགལ་བའི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པ་གསལ་པོ་ཆགས་པ་མ་ཟད། རྙོག་གླེང་དེ་ཁྱབ་བསྒྲགས་ལྟ་བུར་གྱུར་ཏེ་ཐུགས་རྗེ་ཆེན་པོའི་བཀའ་དབང་ཞུ་མཁན་ས་ཡ་བརྒལ་ནས་ལོ་རྒྱུས་ཐོག་དྲ་ཐོག་གི་བཀའ་དབང་གཞི་རྒྱ་ཆེ་ཤོས་སུ་གྱུར། དེ་བཞིན་ཐོག་མར་སྐྱོན་རྗོད་བྱེད་མཁན་ཨོ་རྒྱན་སྟོབས་རྒྱལ་གྱིས་རང་གིས་གང་བཤད་ཕྱིར་འཐེན་དང་དགོངས་སེལ་ཞུས་པ་རེད།

བཀའ་དབང་དང་འབྲེལ་བའི་རྙོག་གླེང་དེ་རིམ་པས་འཇག་བཞིན་པའི་སྐབས་སུ། ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་ (P Stobdan)གྱིས་རྒྱ་གར་གྱི་བརྙན་འཕྲིན་བཅར་འདྲི་ཞིག་གི་སྐབས། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ཏེ། ༸གོང་ས་མཆོག་གིས་ཞལ་མ་གྲགས་པར་བཞུགས་ན་མི་འགྲིག །ལ་དྭགས་དེ་བོད་ཀྱི་མ་རེད་རྒྱ་གར་གྱི་རེད་ཅེས་གསུངས་དགོས་པའི་སྐོར་བཤད། ཁོང་གི་སྐད་ཆ་དེ་ཤོད་སྐབས་ཀྱི་ཚིག་བཀོལ་སྟངས་འོས་འཚམས་མིན་པ་མ་ཟད། བཤད་སྟངས་ངར་ཤུགས་ལྡན་པ། ནང་དོན་ནི། ༸གོང་ས་མཆོག་གིས་རྒྱ་ནག་གི་ཕྱོགས་གནང་སྟེ་ཁུ་སིམ་མེར་བཞུགས་ཀྱི་ཡོད་པ་འདྲ་པོ་ཞིག་ཏུ་འགྲེལ་བཤད་བྱས་སྟབས། བོད་རྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་སྤྱི་དང་ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ། སྒོས་སུ་ལ་དྭགས་ཀྱི་ནང་པ་མང་པོར་ཕོག་ཐུག་བྱུང་སྟེ། ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་ལ། ཕུན་ཚོགས་སྟོབས་ལྡན་གྱི་ངོས་ནས་ཀྱང་ཚིག་ངན་སྤྱོད་ཐལ་བྱས་པར་དགོངས་སེལ་ཞུས་འདུག་ཀྱང་། ནང་དོན་ཐད་རང་གི་ལངས་ཕྱོགས་རྒྱུན་འཁྱོངས་ཡིན་པའི་རྣམ་པ་བསྟན་འདུག །

གོང་གི་གནས་ཚུལ་ཁག་གསུམ་ལས། དང་པོ་དེ་རྒྱ་ནག་གི་བཀོད་བྱུས་འོག་བྱུང་བར་ཐག་བཅད་ཆོག་ཅིང་། གནས་ཚུལ་གཉིས་པ་དང་གསུམ་པའང་རྒྱ་ནག་དང་འབྲེལ་བ་ཡོད་སྲིད་པ་རེད། དེའི་རྒྱུ་མཚན་ནི་དྲ་ལམ་ནས་དབང་གནང་རྒྱུའི་གནད་དོན་དེ་གསར་པ་གང་ཡང་མ་རེད། དེའི་སྐོར ༸གོང་ས་མཆོག་གིས། ལོ་ཤས་གོང་ནས་དྲ་ལམ་ནས་དབང་ཞུས་ན་ཐོབ་ཚུལ་ཡོངས་གྲགས་སུ་གསུངས་ཟིན་པ་མ་ཟད། དེ་འདྲའི་དབང་ཡང་གནང་ཟིན་པ་ཞིག་རེད། གལ་སྲིད་འགྲིག་གི་མེད་ན། དེ་དུས་ནས་གླེང་རྩོད་བྱ་དགོས་པ་ཞིག་རེད་དེ། དེ་དུས་གླེང་སློང་གང་ཡང་མ་བྱུང་བར། ད་རེས་གློ་བུར་དུ་བྱུང་བ་དེར་དོགས་པ་བྱས་ཆོག་པ་ཞིག་རེད།

ཕུན་ཚོགས་སྟོབས་ལྡན་(P Stobdan)ནི། རྒྱ་གར་གྱི་ཕྱི་སྲིད་མི་སྣ་ཟུར་པ་ཞིག་ཡིན་ཞིང་། ཁོང་གིས་ད་ཕན་རྩོམ་ཡིག་སྤེལ་བའི་ནང་དུ། རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་ཡག་ཏུ་གཏོང་ཆེད། བོད་བློས་གཏོང་དགོས་པའི་ནང་དོན་ཡོད་ལ། ༸གོང་ས་མཆོག་གི་ཡང་སྲིད་རྒྱ་གར་ནང་འཁྲུངས་བཅུག་ན། རྒྱ་གར་ལ་གྱོང་ཆེན་པོ་རག་ངེས་སྐོར་དང་། ཧི་མ་ལ་ཡའི་རི་རྒྱུད་མི་རིགས་ཀྱིས་རང་གི་སྐད་ཡིག་(བོད་ཡིག་)དེ་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་ཡོང་ཐབས་བྱེད་བཞིན་པའི་རྒྱབ་ལ་དབུས་བོད་མིའི་སྒྲིག་འཛུགས་ཡོད་ཚུལ་སོགས་༸གོང་ས་མཆོག་དང་བོད་མིའི་རྩ་དོན་ལ་གནོད་གཞིའི་བསམ་ཚུལ་མང་པོ་སྤེལ་ཡོད། དེ་བཞིན་སྔོན་མ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོག་མར་སྤེལ་མཁན་ཡང་ཁོང་རེད། རྒྱ་ནག་གཞུང་གིས་གཞན་དག་ཕར་བཞག །ནུབ་ཕྱོགས་རྒྱལ་ཁབ་དང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་དངུལ་དངོས་ཀྱིས་བླུས་པའི་གནས་ཚུལ་མང་པོ་ཐོན་བཞིན་པར་བསམས་ན། ཕུན་ཚོགས་སྟོབས་ལྡན་གྱི་སྔ་ཕྱིའི་བྱེད་བབས་ཀྱང་རྒྱ་ནག་ལ་འབྲེལ་བ་ཡོད་སྲིད།

དེང་སང་རྒྱ་ནག་ལ་མ་དགའ་བའི་གནས་ཚུལ་ཤུགས་ཆེ་རུ་འགྲོ་བའི་སྐབས་སུ། བོད་པ་ཚོས་གོ་སྐབས་དམ་འཛིན་གྱིས་བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྲིད་པ་འགོག་ཐབས་དང་། ལྷག་པར་བོད་པའི་ནང་ནས་དུས་གཅིག་ཏུ་མི་འབུམ་ཕྲག་མང་པོར་དྲ་ལམ་ནས་འབྲེལ་བ་གནང་ཐུབ་མཁན་ད་ལྟའི་ཆར་༸གོང་ས་མཆོག་མ་གཏོགས་ཧ་ལམ་མེད་སྟབས། ཁོང་གིས་དྲ་ཐོག་ནས་སྤེལ་དང་སྤེལ་འཆར་གྱི་མཛད་འཕྲིན་ལ་བར་ཆད་བཟོ་ཆེད་རྒྱ་ནག་གིས་བྱུས་ངན་དེ་འདྲ་བཤམས་ངེས་ཡིན་པར་ཐེ་ཚོམ་མེད་ལ། འབྱུང་འགྱུར་དེ་ལས་ཀྱང་རྙོག་འཛིང་ཆེ་བའི་བྱུས་ངན་རྩོམ་ངེས་པ་རེད།

དེར་བརྟེན་བོད་པ་ཚོས་ཁོར་ཡུག་འདི་འདྲའི་ནང་དུ། བློ་རིག་དྭངས་གསལ་གྱི་སྒོ་ནས་རྒྱ་ནག་དམར་པོའི་ངན་བྱུས་འོག་མ་ཚུད་པ་གནང་རྒྱུ་གལ་ཆེ། དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ད་ལྟའི་གོ་སྐབས་གསར་པ་དམ་འཛིན་གྱིས་འཛམ་གླིང་གི་འཕེལ་ཕྱོགས་གསར་པ་དང་བསྟུན་ནས་ཐུན་མོང་གི་ལས་འགུལ་སྤེལ་འོས་ཤིང་། དེ་ཡང་ཁ་ཕྱོགས་གཉིས་ཏེ། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཚུར་རྒོལ་བྱུང་བར་རང་སྲུང་གདོང་ལེན་དང་། འཕེལ་རིམ་གསར་པར་བསྟུན་ཏེ་གཞན་དང་མཉམ་འབྲེལ་གྱིས་ཕར་རྒོལ་བྱ་རྒྱུ་བཅས་གཉིས་སུ་ངེས་ཤིང་། སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས་སྣེ་འཁྲིད་དེ་ལས་འགུལ་མ་སྤེལ་ན། བོད་མི་དཀྱུས་མ་རྣམས་ནང་ཁུལ་གྱི་རྙོག་གླེང་ནང་ཐིམ་འགྲོ་རྒྱུ་ངེས་པ་ཡིན།། །།

རྩོམ་སྔ་མ།འཆར་སྣང་། འགྲུལ་བཞུད། བསམ་གཞིགས།
རྩོམ་རྗེས་མ།ཨོཾ་པུ་རི།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།