སྣང་གསལ་བསྟན་འཛིན་ནོར་བུ།
ཁའོ་ཨ་ལཱ་ནི་ཨོ་སི་ཊི་ལི་ཡཱ་ (Australia) གཅིག་པུར་འཚོ་གནས་བྱེད་པའི་རྩ་ཆེའི་སྲོག་ཆགས་ཤིག་རེད། ཁོ་པས་ཉིན་ལྟར་དུས་ཚོད་མང་ཆེ་བ་རྩི་ཤིང་གི་སྟེང་དུ་གཉིད་ཉལ་ནས་བསྡད། ཤིང་སྡོང་གཅིག་གི་སྟེང་ནས་ཤིང་སྡོང་གཞན་ཞིག་གི་སྟེང་དུ་དལ་པོའི་ངང་གོམ་སྤོས་བྱས་ཏེ་ཟས་འཚོལ་བར་འགྲོ་སྐབས་གཞི་ནས་ས་ངོས་སུ་བབས། མཚན་མོར་ཕར་འགྲོ་ཚུར་འོང་བྱས་ནས་ཟས་འཚོལ། ཁོ་པ་ནི་རྩྭ་ཟན་སྲོག་ཆགས་ཤིག་རེད། རྒྱུན་དུ་ཁོ་པ་བཟའ་ཆས་ལ་གདམ་གསེས་ཀྱི་འདོད་པ་ཆེ་བས། སྨན་ཤིང་ཡུ་ཁཱ་ལིབ་ཊི་སིའི་(eucalyptus) རིགས་ཀྱི་རྩི་ཤིང་ཉུང་ཤས་ཤིག་གི་ལོ་མ་ཟ་རྒྱུར་དགའ་པོ་ཞེ་དྲག་ཡོད་པ་རེད།
ཁའོ་ཨ་ལཱའི་ཕྱིའི་གཟུགས་དབྱིབས་དེ་དོམ་ཆུང་ཆུང་ཞིག་འདྲ་པོ་ཡོད་པས། ཨོ་སི་ཊི་ལི་ཡཱའི་ས་ཁུལ་ལ་ཡུ་རོབ་ནས་གཞིས་ཆགས་སུ་ཐོག་མར་ཡོང་མཁན་ཚོས་སྲོག་ཆགས་དེ་དག་དོམ་གྱི་རིགས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད་ཀྱང་། དོན་དངོས་ཐོག་ཁའོ་ཨ་ལཱ་ནི་དོམ་གྱི་རིགས་ཤིག་རྩ་བ་ནས་མིན། ཁོ་པའི་སྤུན་མཆེད་ཉེ་ཤོས་དེ་ནི་དེང་སྐབས་ང་ཚོས་ཨོ་སི་ཊི་ལི་ཡཱའི་ས་གནས་སུ་མཐོང་བའི་སྲོག་ཆགས་ཀན་ག་རུ (Kangaroo)རེད། གང་ཡིན་ཟེར་ན། ཁའོ་ཨ་ལཱ་མོའི་གྲོད་ཁོག་གི་དཀྱིལ་དེར་སྲོག་ཆགས་ཀན་ག་རུ་ནང་བཞིན་ཕྲུ་གུ་འཚར་ལོངས་བྱེད་ས་སྟེ་ལུས་པོའི་ལྤགས་པ་ལས་གྲུབ་པའི་ “ཁུག་མ་”ཞིག་ཡོད་རེད། དེའི་རིགས་ལ་ “ལྤགས་ཁུག་ལྡན་པའི་སྲོག་ཆགས་ Marsupials” ཞེས་འབོད། ཁའོ་ཨ་ལཱའི་གྲོད་ཁོག་གི་ལྤགས་ཁུག་དེ་དང་སྲོག་ཆགས་ཀན་ག་རུའི་ལྤགས་ཁུག་དབར་ཁྱད་པར་ཕྲན་བུ་ཞིག་ཡོད་པ་ནི། ཁའོ་ཨ་ལཱའི་ལྤགས་ཁུག་གི་ཁ་དེ་ལུས་པོའི་མདུན་ངོས་སུ་བསྟན་ཡོད་པ་དང་། ཀན་ག་རུའི་ལྤགས་ཁུག་གི་ཁ་དེ་གྲོད་ཁོག་སྟོད་ཀྱི་ཡར་ཕྱོགས་སུ་ཁ་ཕྱེ་ཡོད་པ་རེད།
ཁའོ་ཨ་ལཱའི་མགོའི་སྟེང་དུ་ཆེ་ལ་སྤུ་སོབ་སོབ་ཡིན་པའི་རྣ་ཅོག་གཉིས་ཡོད་པ་དང་། གདོང་པའི་དཀྱིལ་གྱི་སྣ་ཁུག་དེ་ནི་ནག་ཅིང་ཆེ་བ། མིག་གཉིས་ཆུང་ཆུང་རེད། ཁོ་པའི་ལུས་པོ་དེ་རྒྱགས་རིལ་སྤུ་ཡིས་ཁེངས་ཡོད་ཀྱང་། ལུས་པོའི་སྤུ་མདོག་དང་ལུས་ཕུང་གི་ཆེ་ཆུང་རྣམས་ཨོ་སི་ཊི་ལི་ཡཱའི་ནང་གི་འཚོ་གནས་ཁོར་ཡུག་མི་འདྲ་བས་ཁྱད་པར་ཡོད་པ་སྟེ། གནམ་གཤིས་གྲང་བའི་ལྷོ་ཕྱོགས་ས་ཁུལ་གྱི་ཁའོ་ཨ་ལཱའི་ལུས་ཕུང་དང་ཐལ་མདོག་ཅན་གྱི་ལུས་སྤུ་དེ་དག་བྱང་ཕྱོགས་ལས་ཆེ་བ་དང་མདོག་ནག་པ་ཞིག་ཡོད་པ་རེད། ཁའོ་ཨ་ལཱའི་རྐུབ་ལ་མཇུག་མ་མེད།
སྲོག་ཆགས་ཁའོ་ཨ་ལཱས་རྩི་ཤིང་གི་སྡོང་པོ་དང་ཡལ་གའི་སྟེང་དུ་བདེ་བླག་ངང་འགྲོ་སྡོད་དང་འཐམ་འཁྱུད་བྱེད་ཐུབ་པ་དེ་ནི་ཁོ་པའི་ལག་པ་དང་རྐང་པ་གཉིས་རིང་པོ་ཡོད་པ་མ་ཟད། རྐང་ལག་གི་མཛུབ་མོའི་སེན་མོ་རྣམས་ཧ་ཅང་རྣོ་པོ་ཡོད་པ་རེད། གཞན་ཡང་། ཁོ་པའི་མཛུབ་མོའི་ངོས་ལ་མིའི་རིགས་ཀྱི་མཛུབ་མོ་ལྟར་ཐུན་མོང་མ་ཡིན་པའི་ལག་རིས་ལྡན་ཡོད།
རྒྱུན་ལྡན་ཁའོ་ཨ་ལཱ་དབར་འབྲེལ་བ་དེ་ཙམ་མང་པོ་མེད་པར་ཁེར་རྐྱང་དུ་འཚོ་གནས་བྱེད་པ་དང་། ལོ་ལྟར་རིགས་རྒྱུད་སྐྱེ་འཕེལ་གྱི་ནམ་དུས་སུ་ཕོ་མོ་ཕན་ཚུན་ཐུག་འཕྲད་བྱེད། དེ་ཡང་ལོ་རེའི་སྤྱི་ཟླ་དགུ་པ་ནས་ལོ་རྗེས་མའི་སྤྱི་ཟླ་གསུམ་པའི་བར་དུ་འཁེལ་ཡོད། ཁའོ་ཨ་ལཱའི་ཨ་མས་ལོ་ལྟར་ཕྲུ་གུ་གཅིག་མ་གཏོགས་སྐྱེ་གི་མེད་ཅིང་།ཨ་མའི་མངལ་དུ་ཉིན་ཞག་ ༣༣ ནས་ ༣༥ ཙམ་གནས། སྐྱེས་མ་ཐག་པའི་ཕྲུ་གུ་དེའི་ལུས་པོ་ཡོངས་ལ་སྤུ་མེད་པར་དམར་ཧྲང་ཡིན་པ་དང་། མིག་གཉིས་ཁ་ཕྱེ་མེད་ལ། སྒྲ་ཐོས་པའི་རྣ་ཅོག་གཉིས་ཀྱང་ཐོན་མེད། ཡིན་ན་ཡང་། ཕྲུ་གུ་དེའི་སྣ་ཁུག་གི་རྫི་རྣོ་པོ་ཡོད་པ་དང་། སྐྱེས་འཚར་བཟང་བའི་ལག་ཆུང་གཉིས་དང་ཁའི་མཆུ་ཏོ་ཡོད་པར་བརྟེན། ཨ་མའི་སྐྱེ་སྒོ་ནས་ཐོན་ཏེ་གྲོད་པའི་དཀྱིལ་དུ་ཆགས་པའི་ལྤགས་ཁུག་དེའི་ནང་དུ་རིམ་བཞིན་གོམ་བགྲོད་བྱས་ཏེ་འཛུལ། དེ་ནས་ལྤགས་ཁུག་ནང་གི་ནུ་མར་ཁ་འབྱར་ནས་འཚོ་བཅུད་ལེན། སྐབས་དེའི་ལུས་པོའི་རིང་ཚད་ནི་ང་ཚོ་མིའི་ལག་པའི་མཐེབ་མོའི་སྒང་གི་སེན་མོ་ཙམ་མ་གཏོགས་མེད།
ཁའོ་ཨ་ལཱའི་ཕྲུ་གུ་དེ་དག་ཨ་མའི་ལྤགས་ཁུག་གི་ནང་དུ་ཟླ་བ་དྲུག་ཙམ་རིང་འཚར་ལོངས་བྱས་རྗེས། རིམ་པས་ལྤགས་ཁུག་གི་ཕྱི་རུ་ཐོན་ནས་སྨན་ཤིང་ཡུ་ཁཱ་ལིབ་ཊི་སིའི་ (eucalyptus) ལོ་མ་ཟ་འགོ་ཚུགས་ཀྱང་། ཨ་མའི་འོ་མ་མུ་མཐུད་ནས་འཐུང་བཞིན་ཡོད། ཕྲུ་གུའི་ལུས་ཕུང་རིམ་བཞིན་ཆེ་རུ་ཕྱིན་ཏེ་ཨ་མའི་བྲང་ཁོག་གམ། སྒལ་པའི་སྟེང་དུ་འཐམ་འཁྱུད་བྱེད་མི་ཐུབ་པ་དང་། ཨ་མའི་ལྤགས་ཁུག་གི་ནང་དུ་འཛུལ་མི་ཐུབ་པའི་དུས་མཚམས་དེར་སླེབས་སྐབས། གཞི་ནས་རང་རྐྱ་འཕེར་ཏེ་ཨ་མ་དང་ཁ་བྲལ་ནས་ཁྱིམ་ཚང་ཞིག་ལོགས་སུ་བཙུགས་ཀྱི་ཡོད་པ་རེད།
སྤྱིར་བཏང་ཁའོ་ཨ་ལཱ་ཕོའི་ཚེ་ཚད་དེ་ལོ་བཅུ་ཙམ་དང་། མོའི་ཚེ་ཚད་དེ་ལོ་བཅོ་ལྔ་ཙམ་ལས་མེད། དུས་རབས་ཉི་ཤུའི་ནང་དུ་མི་རྣམས་ནས་ཁའོ་ཨ་ལཱའི་པགས་པར་བརྔམས་ནས་རི་དྭགས་ཚད་མེད་བརྒྱབ་པའི་དབང་གིས་ཁོ་པའི་རིགས་རྒྱུད་རྩ་སྟོངས་འགྲོ་བའི་ཉེ་ཁར་སླེབས་མྱོང་ཡོད། སྟབས་ལེགས་པ་ཞིག་ལ། ཨ་རིའི་སྲིད་འཛིན་ཨང་ ༣༡ པ་ཧར་སྦར་ཌི་་ཧུའུ་ཝར་ (Herbert Hoover) ནས་སྤྱི་ལོ་ ༡༩༢༧ ལོར་སྲོག་ཆགས་ཁའོ་ཨ་ལཱའི་པགས་རིགས་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་བཟོས་པར་བརྟེན། ད་བར་འཚོ་གནས་བྱེད་ཐུབ་པ་བྱུང་ཡོད།
ཡིན་ནའང་། དེང་སྐབས་ཨོ་སི་ཊི་ལི་ཡཱའི་ནང་དུ་མི་འབོར་ཇེ་ཆེར་འཕེལ་བའི་དབང་གིས་སྲོག་ཆགས་ཁའོ་ཨ་ལཱ་སྡོད་སའི་ཁོར་ཡུག་ལ་གཏོར་སྐྱོན་འཕོག་ནས་འཚོ་གནས་བྱེད་ཡུལ་གྱི་ས་ཆ་ཇེ་ཆུང་ཇེ་ཉུང་དུ་ཕྱིན་པ་དང་། མིའི་རིགས་སྤྱི་ཚོགས་ཁྲོད་ཀྱི་འགྲིམ་འགྲུལ་འཕྲུལ་འཁོར་མང་དུ་ཕྱིན་པ་དེས་ཁོ་པའི་ཚེ་སྲོག་ལ་ཉེན་ཁ་བཟོས། དེ་བཞིན་ལོ་ལྟར་རང་བྱུང་ཁམས་ལ་ཤིང་ནགས་ཀྱི་མེ་སྐྱོན་དང་། ནད་ཡམས་ལ་སོགས་ཐོན་པའི་དབང་གིས་སྲོག་ཆགས་ཁའོ་ཨ་ལཱའི་རིགས་རྒྱུད་དེ་དག་མུ་མཐུད་སའི་གོ་ལའི་སྟེང་དུ་འཚོ་གནས་ཐུབ་མིན་ལ་ཉེན་ཁའི་རང་བཞིན་ཞིག་འཕྲད་ཀྱི་ཡོད་པ་རེད།།
ལོ་ཆུང་བྱིས་པ་ཚོར་གོང་གི་སྲོག་ཆགས་དེའི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་འདོད་ཡོད་ཚེ། ཁྲ་ལི་བོད་ཀྱི་སྒྱུ་རྩལ་དང་རྩོམ་རིག་གོང་འཕེལ་ཚོགས་པའི་དྲ་ཚིགས་འདིའི་ཐོག་ཏུ་གཟིགས་རོགས་གནང་།