མདུན་ངོས། བྱིས་རྩོམ། སྲོག་ཆགས་ཀྱི་...

སྲོག་ཆགས་ཀྱི་འཇིག་རྟེན་ལ་ཉུལ་བ། ༣ རླ་མ་རྔ་མོང་ལུག (Llamas)

༡༢༣༧༥༧༧

རླ་མ་རྔ་མོང་ལུག    (Llamas)

རླ་མ་རྔ་མོང་ལུག་ནི་ལྷོ་ཨ་མེ་རི་ཀའི་གླིང་ཆེན་གྱི་སྲོག་ཆགས་ཤིག་རེད།  ཁོ་པ་དང་སྲོག་ཆགས་རྔ་མོང་དབར་སྤུན་མཆེད་ཀྱི་འབྲེལ་བ་ཡོད། ཁོ་པའི་མགོ་དང་སྐེ་ནི་སྲོག་ཆགས་རྔ་མོང་འདྲ་པོ་ཡོད་ཀྱང་། ལུས་པོའི་ཐོག་ཏུ་རྔ་མོང་གི་ཤ་ཙོག་དེ་མེད་པར། སྲོག་ཆགས་ལུག་ལྟར་བལ་འཁེབ་ཡོད་པས། དེའི་རིགས་ཀྱི་སྲོག་ཆགས་ལ་ “རྔ་མོང་ལུག་”ཅེས་འབོད་ཀྱི་ཡོད་པ་རེད།

རླ་མ་རྔ་མོང་ལུག་ནི་བོད་ཀྱི་སྒོ་ཕྱུགས་གཡག་ལྟར་ཁྱིམ་དུ་གསོ་བའི་འོ་འཐུང་སྲོག་ཆགས་ཤིག་ཀྱང་རེད།  གང་ལགས་ཤེ་ན། འདས་པའི་ལོ་ངོ་ས་ཡ་ ༤༠ སྔོན་དུ་སྲོག་ཆགས་དེ་བྱང་ཨ་མེ་རི་ཀའི་གླིང་ཆེན་གྱི་ཐོག་ཏུ་འཚོ་གནས་བྱེད་མྱོང་ཡོད་པ་དང་། འདས་པའི་ལོ་ངོ་ས་ཡ་ ༣ ཙམ་གྱི་གོང་དུ་ལྷོ་ཨ་མེ་རི་ཀའི་གླིང་ཆེན་ལ་གནས་སྤོ་བྱེད་འགོ་ཚུགས། དེ་ནས་ད་བར་ལོ་ངོ་ཁྲི་གཅིག་ལྷག་ཕྱིན་པའི་འཁྱགས་རོམ་དུས་རབས་ཀྱི་མཇུག་ཙམ་ལ་སྲོག་ཆགས་དེའི་རིགས་རྒྱུད་རྣམས་བྱང་ཨ་མེ་རི་ཀའི་གླིང་ཆེན་གྱི་ནང་དུ་རྩ་སྟོངས་སུ་གྱུར་ཡོད་པ་ཞིབ་འཇུག་པ་ཚོས་བཤད་བཞིན་ཡོད།  ཡིན་ན་ཡང་། ངོ་ལོ་སྟོང་ཕྲག་བཞི་ནས་ལྔའི་གོང་ཙམ་ནས་བཟུང་། ལྷོ་ཨ་མེ་རི་ཀའི་གླིང་ཆེན་ནང་གི་ཡུལ་གྲུ་པེ་རུ་(Peru)ཡི་མི་རྣམས་ནས་རླ་མ་རྔ་མོང་ལུག་དེ་དག་བདག་མེད་བྱེས་འཚོར་གནས་པའི་སྲོག་ཆགས་ཤིག་ནས་ཁྱིམ་དུ་གསོ་བའི་སྒོ་ཕྱུགས་ཤིག་ཏུ་གྱུར་བར་བརྟེན།  སྲོག་ཆགས་དེ་ནི་མིའི་རིགས་ཀྱིས་བདག་ཏུ་བཟུང་བའི་སྒོ་ཕྱུགས་རྙིང་ཤོས་ཀྱི་གྲས་ཤིག་ཀྱང་རེད།

 དེང་སྐབས་འཛམ་གླིང་དེའི་སྟེང་དུ་སྲོག་ཆགས་ “རྔ་མོང་ལུག་” གི་བྱེ་བྲག་རིགས་བཞི་སྟེ། རླ་མ་རྔ་མོང་ལུག་(Llamas)ཚན་རིག་གི་མིང་ལ་(lama glama) དང་། བལ་བཟང་རྔ་མོང་ལུག་(Alpaca)   ཚན་རིག་གི་མིང་ལ་ (Vicugna pacos) རྟེའུ་གཟུགས་རྔ་མོངལུག (Vicuña)ཚན་རིག་གི་མིང་ལ་ (Vicugna vicugna)  མེས་རྒྱུད་རྔ་མོང་ལུག(Guanaco) ཚན་རིག་གི་མིང་ལ་(Lama་guanicoe) བཅས་ཡོད་པ་དང་། རིགས་བཞི་པོ་དེའི་ཁྲོད་ནས་རླ་མ་རྔ་མོང་ལུག་གི་རིགས་དང་། བལ་བཟང་རྔ་མོང་ལུག་གི་རིགས་ནི་ཁྱིམ་དུ་གསོ་བའི་སྒོ་ཕྱུགས་ཀྱི་རིགས་གཉིས་པོ་དེ་ཡིན་པས། མི་རྣམས་ཀྱིས་འབྲོག་རྭ་དང་ཞིང་རྭའི་ནང་དུ་གསོ་ཉར་བྱེད་བཞིན་ཡོད།  ཡིན་ན་ཡང་། རྟེའུ་གཟུགས་རྔ་མོང་ལུག་གི་རིགས་དང་། མེས་རྒྱུད་རྔ་མོང་ལུག་གི་རིགས་དེ་གཉིས་ལྷོ་ཨ་མེ་རི་ཀའི་གླིང་ཆེན་ཁོ་ནའི་ནང་དུ་བདག་མེད་རང་དབང་དུ་འཚོ་གནས་བྱེད་བཞིན་པའི་རིགས་ཡིན་པ་རེད།

རླ་མ་རྔ་མོང་ལུག་གི་རིགས་དེ་དང་བྱེ་བྲག་གི་སྤུན་ཉེའི་རིགས་གསུམ་པོ་ཚང་མའི་མགོ་ཆུང་ལ། རྣ་ཅོག་དང་མིག་ཆེན་པོ། སྐེ་རིང་པོ་བཅས་ཡོད་པར་བརྟེན། རྒྱུན་དུ་རླ་མ་རྔ་མོང་ལུག་གི་རིགས་ཡིན་གྱི་རེད་བསམས་པའི་ནོར་འཁྲུལ་ཅན་གྱི་ངོས་འཛིན་ཚུལ་ཞིག་ཐོན་བཞིན་ཡོད།   འོན་ཀྱང་། རླ་མ་རྔ་མོང་ལུག་གི་རིགས་དེའི་མགོ་ནས་སུག་མཐིལ་བར་དུ་མཐོ་ཚད་ལ་མི་ཌར་(meter) ༡.༨ ཙམ་ཡོད་པ་དང་། ལུས་པོའི་ལྗིད་ཚད་ལ་ཀི་ལོ་(kilogram)༢༠༤ ཙམ་ཟིན་གྱི་ཡོད།  བྱེ་བྲག་གི་རིགས་གཞན་པ་གསུམ་པོའི་ནང་གི་མེས་རྒྱུད་རྔ་མོང་ལུག་གི་རིགས་དེའི་ལུས་པོའི་མཐོ་ཚད་དེ་དག་རླ་མ་རྔ་མོང་ལུག་དང་འདྲ་པོ་ཡོད་པ་མ་གཏོགས།  བལ་བཟང་རྔ་མོང་ལུག་གི་རིགས་དང་།  རྟེའུ་གཟུགས་རྔ་མོང་ལུག་གི་རིགས་དེ་གཉིས་ཀྱི་ལུས་པོའི་ཆེ་ཆུང་དང་ལྗིད་ཚད་ནི་རླ་མ་རྔ་མོང་ལུག་གི་རིགས་ལས་ཧ་ཅང་ཆུང་བ་དང་ཡང་བ་ཞིག་ཡོད་པ་རེད།

རླ་མ་རྔ་མོང་ལུག་གི་ཁའི་ཡས་མཆུ་དེ་དག་དཀྱིལ་ནས་ཁ་བཤགས་ཏེ་གཞོགས་གཉིས་སུ་ཕྱེ་ཡོད་པས།  ཡས་མཆུ་དེ་གཉིས་ཀྱིས་བཟའ་ཆས་རྣམས་གཞོགས་གཡས་གཡོན་ནས་རུབ་རུབ་བཟོས་ཏེ་ཁའི་ནང་དུ་བདེ་བླག་ངང་བླུག་ཐུབ་པའི་ཁྱད་ཆོས་ལྡན།  དེ་བཞིན་ཁོ་པའི་ལུས་པོའི་སྟེང་དུ་གྲང་ངར་གྱི་གནམ་གཤིས་ལ་བཟོད་ཐུབ་པའི་བལ་མཐུག་ལ་རིང་བ་ཞིག་འཁེབ་ཡོད། བལ་དེ་ཚོའི་ཁ་མདོག་ནི་དཀར་པོ་དང་ནག་པོ། ཐལ་མདོག  ཡང་ན། ཚོན་མདོག་མི་འདྲ་བ་རིགས་གཉིས་ལས་མང་བ་ཞིག་མཉམ་བསྲེས་བྱས་པའང་མཐོང་རྒྱུ་ཡོད། སུག་ལག་བཞི་པོའི་སྟེང་གི་རྨིག་པ་དེ་དག་ལུག་ལྟར་སྐྱེས་མེད་པར། སེན་མོ་སྐྱེས་པ་ནང་བཞིན་ཡོད་པ་མ་ཟད། སུག་ལག་གི་མཐིལ་ལ་མཉེན་པའི་ཀོ་ལྤགས་ཆགས་ཡོད་པ་རེད།

རླ་མ་རྔ་མོང་ལུག་གིས་རྩྭ་དང་གཟན་པ།  ཤིང་འབྲས། འབྲུ་རིགས་ཀྱི་སོན་ལ་སོགས་པ་ཟ་བ་དང་། སྲོག་ཆགས་རྔ་མོང་ལྟར་ཆུ་མང་པོ་འཐུང་མི་དགོས་པས། ས་མཐོའི་རི་ཁྲོད་དུ་འཚོ་བ་སྐྱེལ་རྒྱུར་འཕྲོད་པོ་ཡོད། རྒྱུན་དུ་རླ་མ་རྔ་མོང་ལུག་ཕོ་མོའི་དབར་འཁྲིག་སྦྱོར་གྱི་ནམ་དུས་ངེས་གཏན་ཞིག་མེད། ལོ་ལྟར་རླ་མ་རྔ་མོང་ལུག་གི་ཨ་མས་ཕྲུ་གུ་གཅིག་སྐྱེས་ཀྱི་ཡོད་པ་དང་། ཕྲུ་གུ་དེས་ཨ་མའི་མངལ་དུ་ཟླ་བ་བཅུ་གཅིག་དང་ཕྱེད་ཀ་ཙམ་ཞིག་བསྡད། སྐྱེས་མ་ཐག་པའི་ཕྲུ་གུ་དེའི་ལུས་པོར་ལྗིད་ཚད་ཀི་ལོ་(kilogram) ༦.༨ ནས་༡༣.༦ ཙམ་ཡོད་རུང་། རིམ་བཞིན་འཚར་ལོངས་བྱུང་སྟེ་ལུས་པོའི་ལྗིད་ཚད་དེ་དག་ཀི་ལོ་(kilogram) ༡༢༧ ནས་ ༢༠༤ ཙམ་ཟིན་གྱི་ཡོད།  རླ་མ་རྔ་མོང་ལུག་རྣམས་ཁྱུ་སྒྲིག་ནས་འཚོ་བ་དང་། ཁོ་པ་ཚོའི་ཚེ་ཚད་དེ་ལོ་ ༢༥ ལྷག་ཙམ་མ་གཏོགས་མེད།

ཉེན་ཚབས་ཀྱི་གནས་སྟངས།

རླ་མ་རྔ་མོང་ལུག་ནི་ཡུལ་གྲུ་པེ་རུ་(Peru)ཡི་རྒྱལ་མཚོན་སྲོག་ཆགས་ཤིག་ཡིན་པ་མ་ཟད། ལྷོ་ཨ་མེ་རི་ཀའི་གླིང་ཆེན་ནང་གི་གནའ་སྡོད་ཡུལ་མི་(indigenous people) འདྲ་མིན་ཞིག་ཡོད་པའི་སྤྱི་ཚོགས་དེའི་ཁྲོད་ཀྱི་ལོ་རྒྱུས་ལྡན་པའི་རིག་གཞུང་གི་ནང་དུ་ཐོན་པའི་གལ་ཆེའི་སྲོག་ཆགས་ཤིག་ཀྱང་རེད།  ས་གནས་ཡུལ་མི་ཚོས་གནའ་སྔ་མོའི་དུས་ནས་རླ་མ་རྔ་མོང་ལུག་སྒོ་ཕྱུགས་ཤིག་ཏུ་གསོ་ཉར་བྱས་ཏེ།  ཁོ་པའི་ལུས་པོའི་ཤ་རྣམས་ཟས་སུ་སྤྱོད་པ་དང་། ལུས་པོའི་སྟེང་གི་བལ་དེ་དག་འཚོ་བའི་ཁྲོད་ཀྱི་གྱོན་ཆས་ལ་སོགས་བཟོས་པ་མ་ཟད། རྒྱུན་དུ་ས་ཁུལ་གཅིག་ནས་ས་ཁུལ་གཞན་ཞིག་ལ་འགྲུལ་བཞུད་བྱེད་སྐབས།  མི་རྣམས་ཀྱི་ཅ་དངོས་ཙག་ཙིག་ཁག་དབོར་སྐྱེལ་བྱེད་མཁན་གྱི་སྲོག་ཆགས་ཤིག་ཏུ་གྱུར་ཡོད།  རླ་མ་རྔ་མོང་ལུག་གིས་མིའི་རིགས་ལ་ལེགས་སྐྱེས་དེ་ལྟ་བུ་ཞིག་ཕུལ་ཡོད་ཀྱང་།  མི་སྣ་འགའ་ཞིག་ནས་སྲོག་ཆགས་དེར་བྱམས་སྐྱོང་ལྡན་པའི་གསོ་ཉར་མ་བྱས་པར་དེ་ལས་ལྡོག་ཏེ་སྒོ་ཕྱུགས་ཀྱི་ཁོངས་ནས་ཕྱིར་འབུད་བཏང་སྟེ། ཁོ་པ་ནི་གསང་ལམ་ཁྲོད་ཀྱི་འཁྱམ་ཁྱི་ལྟ་བུར་གྱུར་ནས་ཉིན་ལྟར་བཀྲེས་སྐོམ་དང་ནད་མནར་གྱི་དཀའ་སྡུག་འོག་ཚུད་བཞིན་ཡོད་པའི་རྐྱེན་གྱིས་དེང་སྐབས་རྒྱལ་སྤྱིའི་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁ་ཤས་ནས་ཉམ་ཐག་གི་གནས་སུ་ལྷུངས་པའི་རླ་མ་རྔ་མོང་ལུག་དེ་རྣམས་སྲུང་སྐྱོབ་བྱེད་པའི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་རེད།

རླ་མ་རྔ་མོང་ལུག་(Llamas)དང་། བལ་བཟང་རྔ་མོང་ལུག་(Alpaca)གཉིས་པོ་ནི་སྒོ་ཕྱུགས་སྲོག་ཆགས་ཤིག་ཡིན་པའི་དབང་གིས་རིགས་རྒྱུད་དེ་དག་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་མེད་ཀྱང་།  བདག་མེད་བྱེས་སུ་གནས་པའི་ཁོ་པའི་སྤུན་མཆེད་མེས་རྒྱུད་རྔ་མོང་ལུག་(Guanaco) དང་། རྟེའུ་གཟུགས་རྔ་མོང་ལུག་(Vicuña) གི་རིགས་རྒྱུད་ནི་རྩ་སྟོངས་སུ་འགྲོ་སྲིད་པའི་གནས་སྟངས་འཕྲད་མྱོང་ཡོད།  དཔེར་ན། སྤྱི་ལོ་ ༡༥༧༢ ལོར་ཡུ་རོབ་ཀྱི་ཡུལ་གྲུ་སི་ཕན་(Spain) གྱིས་ལྷོ་ཨ་མེ་རི་ཀའི་གླིང་ཆེན་དེ་བཙན་བཟུང་བྱས་རྗེས། བདག་མེད་སྲོག་ཆགས་དེའི་རིགས་ཀྱི་ལུས་པོའི་སྟེང་གི་སྤུད་ཀ་ལེགས་པའི་བལ་ལ་བརྔམས་ནས་གང་བྱུང་གིས་རི་དྭགས་བརྒྱབ་པར་བརྟེན།  སྤྱི་ལོ་ ༡༩༧༠ ལོའི་སྐབས་སུ་བདག་མེད་དུ་འཚོ་བའི་མེས་རྒྱུད་རྔ་མོང་ལུག་གི་རིགས་རྒྱུད་དེའི་གྲངས་འབོར་ཁྱོན་སྟོང་ཕྲག་ཁ་ཤས་ཤིག་མ་གཏོགས་ལྷག་མེད།  དེར་བརྟེན།  སྤྱི་ལོ་ ༡༩༧༠ ལོར་ས་གནས་དབུས་གཞུང་གིས་བདག་མེད་སྲོག་ཆགས་དེའི་རིགས་ལ་གང་བྱུང་གིས་རི་དྭགས་རྒྱག་མི་ཆོག་པའི་རྩ་ཁྲིམས་བཟོས་ནས་སྲུང་སྐྱོབ་བྱེད་འགོ་ཚུགས་པས།  དེང་སྐབས་མེས་རྒྱུད་རྔ་མོང་ལུག་གི་གྲངས་འབོར་དེ་དག་ས་ཡ་གཉིས་ཙམ་ཞིག་ཏུ་འཕར་ཡོད་ཀྱང་།  ཁྲིམས་འགལ་གྱིས་རི་དྭགས་རྒྱག་པའི་གནས་ཚུལ་མུ་མཐུད་ནས་ཐོན་བཞིན་ཡོད་པ་རེད།

ལོ་ཆུང་བྱིས་པ་ཚོར་གོང་གི་སྲོག་ཆགས་དེའི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་འདོད་ཡོད་ཚེ།  ཁྲ་ལི་བོད་ཀྱི་སྒྱུ་རྩལ་དང་རྩོམ་རིག་གོང་འཕེལ་ཚོགས་པའི་དྲ་ཚིགས་འདིའི་ཐོག་ཏུ་གཟིགས་རོགས་གནང་།

https://tinyurl.com/ys7ywa4n 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།