མདུན་ངོས། མྱོང་བྱང་། བརྗེད་དཀའ་བའི...

བརྗེད་དཀའ་བའི་ཕྱི་དྲོ་ཞིག

༡༣༥༡༢༨༣

༡༽ གྲོག་མ་ཁེར་གཤར་གཉིས་གཤར།

ཉིན་གསུམ་སྔོན་གྱི་ཉིན་གུང་ཞིག་ལ། གུས་པ་རང་གི་སྡོད་གནས་ལས་རླངས་འཁོར་སྐར་མ་ཉི་ཤུ་ཙམ་གྱི་བར་ཐག་ཡོད་པའི་ས་ཆ་ཞིག་ཏུ་དབྱིན་ཇིའི་ཨ་མ་ཞིག་གི་སར་མགྲོན་འབོད་ལྟར་ཕྱིན། ཁོ་མོའི་ཁང་པ་དེ་ཧ་ཅང་ཆེན་པོ་ཞིག་དང་། ཕྱི་ནང་གི་བཀོད་པ་ཚང་མ་གཙང་ཞིང་ ཡིད་དུ་འོང་བ་འབའ་ཞིག་ཏུ་འདུག་ན་ཡང་། ཉིན་དེར་གློ་བུར་དུ་གྲོག་མ་མང་པོ་ཞིག་མགྲོན་ཚོམས་སུ་ཁེར་གཤར་གཉིས་གཤར་བྱས་ནས་ཡོང་གིན་འདུག །མོས་ང་ལ། འདི་ནི་དམིགས་བསལ་ཞིག་རེད། དེ་རིང་ཁྱོད་རང་ངའི་ནང་དུ་ཡོང་གིན་ཡོད་པ་དེ་ཁོང་ཚོས་ཧ་གོ་བ་འདྲ། ཁོང་ཚོའི་རྣ་ལམ་ལ་ཆོས་རེ་འདོན་རོགས་ཀྱིས་ཟེར། ངས་མགྲོན་ཚོམས་ནང་ལོགས་ཀྱི་ཤིང་ཕྲན་བཙུགས་པའི་ཁོག་མ་ཆེ་བ་ཞིག་ལ་འཛུབ་མོ་བཙུགས་ནས། གྲོག་མ་ནང་ལ་ཡོང་བ་དེ་ང་དང་འབྲེལ་བ་ཡོད་པ་ཞིག་མ་རེད། ཁོང་ཚོ་མེ་ཏོག་ཁོག་མ་དེའི་འགྲམ་ལ་འཁྲི་བཞིན་འདུག ། ཅིག་བྱས་ན་དེར་བརླན་གཤེར་གྱི་སྔོ་ངད་དང་ཟས་གྱི་དྲི་སོགས་གང་རུང་ཞིག་ཡོད་ས་རེད།  ཁོག་མ་འདི་ཕྱི་ལོགས་སུ་སྤོས་ན་གྲོག་མ་དག་ཀྱང་རང་བཞིན་གྱི་ཕྱི་ལོགས་སུ་གཤར་འགྲོ་ངེས་རེད་ཅེས་བཤད། མོས་མེ་ཏོག་འདི་ཡུན་རིང་པོར་གཏན་འཇགས་སུ་བཞག་ཡོད་ཀྱང་དེ་རིང་མ་གཏོགས་གྲོག་མ་འཁོར་མ་སོང་ཟེར། ངས་དེར་ལན་དུ། ཅིག་བྱས་ན་མེ་ཏོག་ལ་ཆུ་བླུགས་ས་ནས་ཟས་རིགས་དང་མངར་ཆ་དེ་འདྲ་ཁོག་མའི་ནང་དུ་སོང་ཡོད་པའང་སྲིད་ཅེས་ལབ། གང་ལྟར་མཚམས་མཚམས་གྲུང་པོར་བརྩི་བའི་མགོ་སེར་དག་ཀྱང་ང་ཚོ་ལས་ཀྱང་སྣང་ཚུལ་ལས་འདས་པའི་ཆོས་ཉིད་ལ་སྤྲོ་སྣང་དང་རེ་དོགས་ཆེ་བ་འདུག །

མ་གཞི་མོ་ཡང་ནང་པ་ཞིག་རེད་དེ། ང་སྒེར་གྱི་སློབ་མ་ལྟ་བུ་དེ་འདྲ་མ་རེད། མཐར་ངས་ཁོ་མོས་རེ་བ་ལྟར་གྲོག་མའི་བསྟར་ཕྲེང་གི་ལབ་བུ་དེད་ནས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་འགའ་བཏོན་ནས་ཕུ་རེ་བྱས་པ་ཡིན།

༢༽ སངས་རྒྱས་རིན་ཆེན་གཙུག་ཏོར་ཅན།

ཁ་སང་མོ་རང་ཡང་བསྐྱར་ང་དང་ཐུག་སྐབས་གྲོག་མ་དག་ཕྱི་ལ་འགྲོ་སོང་། འགའ་རེ་ཤི་འདུག་སྟེ། ཤི་བའི་ཕུང་པོ་དག་ཕྱོགས་གཅིག་ཏུ་རུག་རུག་བྱས་བྱས་ནས་བཞག་འདུག །དེ་ག་རེ་ཡིན་ནམ་ཟེར། དེར་ངའི་སེམས་ལ་གྲོག་མ་ནི་སྲོག་ཆགས་ཧ་ཅང་སྤྱང་པོ་ཞིག་ཡིན་པས་ཤི་ཟིན་པའི་གྲོག་མ་གཞན་པ་ཚོར་རོ་བདག་རྒྱག་པ་དེ་འདྲ་ཡོང་སྲིད་པ་རེད་སྙམ་པ་བྱུང་། དེ་ནས་ངས་མོ་ལ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་སྨོན་ལམ་གྱི་མཐའ་དང་། གསེར་འོད་དམ་པའི་མདོའི་ཁྱེའུ་ཆུ་འབེབས་ཀྱིས་ཉ་ཁྲིའི་རྣ་ལམ་དུ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་བརྗོད་ཅིང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱང་བཤད་པས་ཉ་དག་ཚེ་འཕོས་ཏེ་ལྷའི་བུ་ཁྲིར་སྐྱེས་པའི་གཏམ་བརྒྱུད་བཤད་ནས། ཅིག་བྱས་ན་ཆོས་ཀྱི་ནུས་པས་ཕན་ཐོགས་བྱུང་བའང་ཡིན་སྲིད་ཅེས་མི་ཆོས་བླ་མར་མ་སོང་ཙམ་གྱི་སྐད་ཆ་ཞིག་བཤད་པ་ཡིན།
ལར་ནམ་རྒྱུན་ང་ཡང་གཏན་ཚིགས་དང་རྒྱུ་མཚན་གྱི་འགྲོ་སྟངས་བརྒྱུད་ནས་གཞན་དང་ཁ་བརྡ་བྱ་རྒྱུར་ཅུང་དགའ་མོས་ཡོད་མདོག་སྟོན་མཁན་དེ་རིགས་ཀྱི་གྲས་ཡིན་ན་ཡང་། མཚམས་མཚམས་སེམས་ལྷད་མེད་ཀྱིས་ཡིད་ཆེས་བྱས་པའི་གནད་དོན་མང་པོ་ཞིག་རྨོངས་དད་རེད་ཅེས་སྣང་ཆུང་བྱེད་པ་དེར་ཡང་དགའ་མོས་མི་བྱེད་མཁན་ཞིག་ཡིན། དེས་ན་ནུབ་ཕྱོགས་ཀྱི་མགོ་སེར་ཞིག་གིས་མཆོག་གསུམ་དང་ལས་འབྲས། མི་དང་དུད་འགྲོ་སོགས་ཀྱི་བར་དུ་བཅངས་པའི་བརྩེ་བ་དེ་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་ཏུ་ངོས་ལེན་བྱས་པ་ཡིན། ཁོང་ཚོའི་རིག་གཞུང་གི་རྒྱབ་ལྗོངས་ཀྱི་དབང་དུ་བཏང་ན་གྲོག་མ་ཞིག་གི་བདེ་སྡུག་ལ་འདི་ཙམ་དུ་དོ་ཁུར་བྱེད་པ་ནི་ཧ་ལམ་ཡོང་མི་སྲིད་པ་འདྲ་ཞིག་རེད།

༣༽ ཁུ་ནུ་གངས་རིའི་ལུག་མིག་མེ་ཇ།

དེ་ནས་མུ་མཐུད་ཁ་བརྡ་འདྲ་མིན་བྱས། མོས་ང་ཚོར་ཉིན་གུང་གི་ཟ་མ་ཤ་མེད་ཡག་པོ་ཞིག་བཟོས་སོང་། རྗེས་ཐོག་དེར་མོ་ལ་བོད་ཀྱི་གྲོགས་པོ་ཞིག་གིས་བརྔན་པར་སྤྲད་པའི་མེ་ཏོག་སེར་པོས་བཟོས་པའི་ཇ་ཞིག་འདུག་པ་དེ་སྦངས་ནས་བླུད་བྱུང་། མེ་ཏོག་དེ་ཆུ་ལ་སྦངས་ན་ཡོངས་སུ་ཁ་ཕྱེས་པ་དང་ཧ་ཅང་སྙིང་རྗེ་མོ་ཞིག་ཏུ་འགྱུར་འགྲོ་བ་འདུག །ཇ་མདོག་ནི་གུར་གུམ་མེ་ཏོག་ལྟ་བུའི་གསེར་མདོག་ཅིག་རེད། འཐུང་ན་ཞིམ་ཞིང་མིག་ལ་མཛེས་པའི་ཇ་དེ་མཐོ་དབུས་མཐོ་སྒང་ནས་ཡིན་པའི་ཁ་བྱང་བཀོད་འདུག །མིང་ལ་རྒྱ་ཡིག་ཏུ་བྲིས་འདུག་མོད། བོད་ཡིག་ཏུ་བསྒྱུར་ན་ཁུ་ནུའི་གངས་ཀྱི་ལུག་མིག་ཅེས་པའི་དོན་རེད། དེས་ན་བོད་ཀྱི་རི་རྒྱུད་ཆེན་པོ་ཁུ་ནུ་རི་བོའི་གངས་འདབས་ཀྱི་མེ་ཏོག་ལུག་མིག་གིས་བཟོས་པ་ཡིན་པར་གསལ། དེང་སྐབས་བོད་དུ་འདི་འདྲ་བའི་དེང་དུས་ཀྱི་འགྲོ་སྟངས་ལྟར་ལས་སྣོན་དང་སྡེབ་སྦྱོར་བྱས་པའི་བཟའ་བཏུང་གི་རིགས་མང་པོ་ཡོད་འདུག་ན་ཡང་། ངས་ནི་དེ་དག་ཅི་བཞིན་ལག་ཏུ་མ་འབྱོར་བས་མངགས་ཉོ་ཡང་མི་ཤེས། དེ་མ་ཤེས་པས་ཕ་ཡུལ་གྱི་གྲོགས་པོ་དག་ལའང་ང་ལ་འདི་སྐུར་ཤོག་ཅེས་ཟེར་ཡང་མ་ཤེས་མོད། གལ་ཏེ་གློ་བུར་གློ་བུར་དུ་ཅ་དངོས་དེ་འདྲ་མིག་མཐོང་ལག་ཟིན་བྱུང་ན་སེམས་ལ་དགའ་སྣང་དམིགས་བསལ་བ་རེ་ཡོང་བ་འདུག ། དེ་ནི་ང་ཚོ་རང་ཡུལ་དང་ཁ་ཐག་རིང་པོས་ཆོད་པའི་མི་ཚོའི་བག་ལ་ཉལ་དུ་ཡོད་པའི་ཕ་ཡུལ་གྱི་དྲན་གདུང་དེ་དག་ཡུལ་རྐྱེན་གྱིས་སློངས་སྟངས་ཤིག་ཡིན་ས་རེད། གང་ལྟར་ངས་ཇ་དེར་དམིགས་བསལ་དོ་སྣང་བྱས་པས་ནང་ནས་ཐོན་རན་ཁར་ཇ་དེའི་ཕྱེད་ཙམ་ཤེལ་དམ་ཞིག་ཏུ་བླུགས་ནས་ང་ལ་ལག་རྟགས་སུ་སྤྲད་བྱུང་། དེ་ནི་བོད་ཀྱི་ཡུལ་ནས་ཡོང་བའི་ལུག་མིག་མེ་ཏོག་སེར་པོའི་ཇ་སྟེ། ལྷག་ཏུ་སེམས་ཐག་ཉེ་བ་ཞིག་རེད།

༤༽ རྩྭ་ཀུ་ཤའི་ཁྲོད་ཀྱི་སངས་རྒྱས།

དེ་ནས་མོའི་རེ་འདུན་ལྟར། ང་ཚོ་དེ་ནས་ཐོན་ཏེ་མོའི་གྲོགས་མོ་གཞན་ཞིག་གི་ནང་དུ་ཕྱིན། དེ་ནི་ས་འདིར་གཉུག་མར་གནས་པའི་བུད་མེད་ལོ་བདུན་ཅུ་དོན་ལྔར་སོན་པ་ཞིག་རེད། སྔར་ཡིན་ན། མོ་དང་མོའི་ཁྱོ་ག་འདས་པོ་གཉིས་ནི་སྙན་གྲགས་ཅན་གྱི་སྒྱུ་རྩལ་པ་ཞིག་ཡིན་འདུག །མོའི་ཇུས་འགོད་བྱས་པའི་གྱོན་པ་རླངས་འཁོར་དོན་རྐྱེན་གྱིས་གྲོངས་པའི་དབྱིན་ཇིའི་གོང་མ་ཚང་གི་མནའ་མ་སྒྲ་ཡཱ་ནས་བེད་སྤྱོད་བྱེད་མྱོང་བར་བཤད། འོན་ཀྱང་ད་ཆ་ནི་དེ་དག་ཡོད་ཚད་འདས་སོང་གི་ལོ་རྒྱུས་སུ་འགྱུར་བཞིན་པ་ཙམ་ཞིག་སྟེ། སྐྱིད་སྡུག་གི་གོ་རིམ་ཡང་མང་པོ་ཞིག་བརྒྱུད་ཟིན་འདུག །དེ་རིང་གི་མོ་ནི་ཧ་ཅང་ཉམས་དགའ་བའི་རི་ངོགས་ཤིག་ན་སྒྱུ་རྩལ་གྱིས་ཡོངས་སུ་ཕྱུག་པའི་ཁང་པ་དམིགས་བསལ་བ་ཞིག་བརྒྱབ་ནས་དེར་ལུས་སེམས་ཀྱི་བག་ཕབ་འདུག །མོ་ནི་བོད་བརྒྱུད་ནང་བསྟན་ལ་དད་པ་རྩེ་གཅིག་ཏུ་བྱེད་མཁན་ཞིག་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་ལྷག་ཏུ་དད་པ་བྱེད་མཁན་ཞིག་རེད། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་སློབ་མའང་རེད་འདུག །

ང་ཚོ་རླངས་འཁོར་ལས་བབས་པ་དང་མི་གཞན་མཐོང་ཡུལ་དུ་མ་སོན་གོང་དེར། རྩྭ་ཀུ་ཤ་རིང་པོས་སྐུ་ཕྱེད་གཡོགས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ལམ་འགྲམ་གྱི་ལྡུམ་ར་ནས་མཇལ་བྱུང་། མ་གཞི་འདི་ནི་རྒྱུན་ལྡན་ཞིག་རེད། ས་ཆ་འདི་ནང་པའི་ལུང་པ་ཞིག་མིན་ན་ཡང་། ཐ་ན་ནང་པ་དངོས་མ་ཡིན་པ་དག་གིས་ཀྱང་སོ་སོའི་མེ་ཏོག་གི་ལྡུམ་རའི་ནང་དུ་འཇར་པན་སོགས་ཀྱིས་བཟོས་པའི་སངས་རྒྱས་ཀྱི་རྡོ་རྐུ་དེ་འདྲ་རེ་བཞག་ཡོད་པ་རྒྱུན་དུ་མཇལ་ཐུབ། ནང་ཆས་ཚོང་ཁང་དང་ལག་བརྒྱུད་ཚོང་ཁང་སོགས་སུའང་རྟག་པར་སངས་རྒྱས་ཀྱི་སྐུ་བརྙན་འདྲ་མིན་བླུ་རྒྱུ་ཡོད། ཁོང་ཚོར་མཚོན་ན་སངས་རྒྱས་ཀྱི་སྐུ་བརྙན་དེ་དག་མེ་ཏོག་ལྡུམ་རའི་ཆ་ཤས་སུ་བསྒྲིགས་པ་དེས་ཁོར་ཡུག་ཡོངས་ལ་ཞི་བདེ་དང་བག་ཕེབས་ཀྱི་ཚོར་བ་ལྷག་མ་ཞིག་བསྐྲུན་གྱིན་ཡོད་པས་རེད་འདུག །ངས་ཀྱང་ནམ་རྒྱུན་གྱི་དགའ་ཕྱོགས་ལྟར་ཁ་པར་བཏོན་ནས་སྐུ་བརྙན་དེར་པར་ཁ་ཤས་བླངས་པ་ཡིན། དེ་ནས་ང་ཚོ་ཐུར་དུ་བབས་ནས་མོ་རང་གི་ཁང་པའི་ཕྱོགས་ལ་གོམ་ཁ་བསྒྱུར།

༥༽ དོན་དག་ཡ་མཚན་ཅན་ཞིག

སྐབས་དེར་ང་ཚོ་དོན་དག་ཁྱད་མཚར་ཞིག་དང་ཐུག་བྱུང་། དེ་ཡང་དེར་ཁང་པའི་ནང་གཙང་མ་བཟོ་སར་ཡོང་མཁན་གྱི་བུད་མེད་ཅིག་དང་། ང་ཚོའི་ཐུག་འཕྲད་བྱ་ཡུལ་གྱི་རྨོ་མོ་དེ་གཉིས་ཀྱིས་བྲེལ་འཚུབ་ཀྱིས་ལོ་མ་ཞིག་གི་ཁུག་ལ་ཤི་མ་ཐག་པའི་བྱེའུ་ཆུང་ཆུང་ཞིག་བཏུམས་ཏེ་ལག་པས་སྐྱོར་བཞིན་ཚུར་ཡོང་གིན་འདུག །མོས་ཟེར་ན། བྱི་ལ་ཞིག་གིས་བྱེའུ་འདི་བདས་ནས་བསད་འདུག་ཟེར། དེ་དུས་ང་ཚོ་སྒོ་རའི་ཕྱོགས་ཀྱི་ལམ་འགྲམ་དེ་ནས་ཡར་འགྲེང་བཞིན་ཡོད། ཕན་ཚུན་འཚམས་འདྲི་དང་ངོ་སྤྲོད་ཀྱང་བྱ་ཁོམ་མེད་པར་བྱེའུ་དེ་ལ་བསྔོ་སྨོན་བཏོན། ལས་ཀ་བྱེད་སར་ཡོང་བའི་བུད་མེད་དེ་ཕ་ཡུལ་ར་ཤི་ཡ་ནས་རེད། ནང་ཆོས་ལ་དད་མོས་བྱ་མཁན་དེ་འདྲ་ཡང་རེད་མི་འདུག །འོན་ཀྱང་། མིའི་སེམས་གཤིས་ལ་རང་ཆས་སུ་ཡོད་པའི་ལྷན་སྐྱེས་ཀྱི་བརྩེ་བའི་རང་མདངས་གསལ་པོ་ཞིག་མོའི་མིག་ལས་མངོན་བཞིན་འདུག །དེ་ནི་ཧ་ཅང་མཛེས་སྡུག་དང་ལྡན་པ་ཞིག་རེད། ང་ཚོ་ཚང་མས་མཉམ་དུ་མ་ཎིའི་པད་དབྱངས་བསྒྲགས་ཤིང་། མཇུག་དེར་ངས་ཁོང་ཚོར་སངས་རྒྱས་མི་འཁྲུགས་པའི་གཟུངས་སྔགས་དག་ལ་གསལ་བ་ལན་བདུན་ཙམ་ང་དང་མཉམ་དུ་རྗེས་བཟློས་ཀྱིས་བརྗོད་དུ་བཅུག་པ་ཡིན།
ངས་ད་དུང་ཁོང་ཚོར། སངས་རྒྱས་མི་འཁྲུགས་པའི་མདོའི་ནང་དུ་གཟུངས་འདི་དུད་འགྲོའི་རྣ་ལམ་དུ་བཏོན་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་བའི་ཕན་ཡོན་ཡོད་པར་གསུངས་ཡོད་ཚུལ་གྱི་གསལ་འདེབས་དང་ངོ་སྤྲོད་བསྡུས་པ་ཞིག་བྱས། དེ་དང་མཉམ་དུ་ད་ལྟ་རང་ང་ལ་རྔན་པར་རག་པའི་རྩ་ཆེ་བའི་ལུག་མིག་མེ་ཏོག་གི་སིལ་མ་དེ་དག་ཚུར་བཏོན་ནས་མགོན་པོ་མི་འཁྲུགས་པའི་སྔགས་ཀྱིས་བཏབ་ནས་བྱེའུའི་ལུས་ཐོག་ཏུ་གཏོར་བ་ཡིན། ཁོང་ཚོས་ཀྱང་དེ་ནི་བོད་ནས་ཡོང་བའི་མེ་ཏོག་རེད་ཅེས་བྱིན་རླབས་དམིགས་བསལ་ཡོད་པའི་དགའ་སྣང་བྱེད་ཀྱིན་འདུག །རང་ཉིད་ཧ་ཅང་དགའ་མོས་བྱུང་བའི་ཕ་ཡུལ་གྱི་མེ་ཏོག་གི་ཇ་ཉུང་ཉུང་དེ་ད་ཆ་བྱེའུ་དེའི་ལུས་ཕུང་གི་ཐོག་ཏུ་ཁ་ཞེ་གཉིས་མེད་ཀྱི་ཚོར་བ་རྣོན་པོ་ཞིག་དང་མཉམ་དུ་གཏོར་བའི་སྐབས་ཀྱི་སེམས་ཚོར་ནི་ཡིད་དུ་འོང་བ་ཞིག་རེད། གངས་ཅན་བྱང་རྒྱུད་ཀྱི་གངས་ཀྱི་མུ་ཁྱུད་ཆེན་པོ་ཁུ་ནུ་རི་བོའི་ཕང་པ་ནས་འཁྲུངས་པའི་ལུག་མིག་མེ་ཏོག་སྐམ་པོ་ཞིག་ཨོ་གླིང་རི་བོ་སྔོན་པོའི་གདོད་མའི་ནགས་ཀློང་ནས་ཡོང་བའི་བྱེའུ་ཉམ་ཆུང་ཞིག་གི་ལུས་ཕུང་ལ་གཏོར་བཞིན་ས་ལ་སྦ་བ་ནི་གློག་བརྙན་ཞིག་དང་འདྲ་མོད། །ཆེས་གློ་བུར་གྱི་དོན་རྐྱེན་དེའང་དེ་ལྟར་ཡིད་དུ་འོང་བའི་སྙིང་རྗེའི་བརྩམས་ཆོས་ཤིག་ལྟར་སྣང་། །དེ་འདྲ་མ་རེད་དམ།

༦༽ བྱེའུ་རོ་དུར་དུ་སྦས་པ།

ད་དུང་ང་ཚོའི་རོགས་པ་གཞན་ཞིག་གིས། རྨོ་ལགས་དེར་ཁྱོད་ཀྱི་ནང་ན་བདུད་རྩི་ཆོས་སྨན་གྱི་རིལ་བུ་འདྲ་ཡོད་དམ་ཞེས་དྲིས་བྱུང་། མོས་ཡོད་པའི་བརྡ་བསྟན་པ་དང་མཉམ་དུ་མགྱོགས་པོར་ཁང་པའི་ནང་དུ་ཕྱིན་ནས་བོད་ནང་གི་དགོན་པ་ཞིག་གིས་བཟོས་པའི་སྨན་སྒྲུབ་ཀྱི་རིལ་བུ་ཤོག་ཆག་ཅིག་ཁུར་ནས་ཕྱིར་ཐོན་བྱུང་། ང་ཚོས་དེ་མུར་ད་གིན་ངས་པར་ལེན་ཡུལ་ཏེ། སྒོ་ཕྱི་ངོས་ཀྱི་རྩྭ་རའི་འགྲམ་ན་ལྷང་ངེར་མངོན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྣང་བརྙན་རིན་པོ་ཆེ་དེའི་མདུན་རང་དུ་ཕྱིན་ཞིང་། རྩྭ་ལྡུམ་དང་ཀུ་ཤའི་ལོ་མ་དེ་དག་ལག་པས་བསལ་ནས་དེ་ག་རང་དུ་ས་དོང་ཆུང་ཆུང་ཞིག་བྲུས་པ་ཡིན། དེ་ནས་བྱེའུ་ཆུང་གི་མགོ་སངས་རྒྱས་ཀྱི་མདུན་ཕྱོགས་སུ་གཏད་ནས་ལུག་མིག་མེ་ཏོག་དང་སྨན་སྒྲུབ་འགའ་རེ་ལུས་ཐོག་ཏུ་གཏོར་བཞིན་སངས་རྒྱས་ཀྱི་མཚན་བརྗོད་པའི་དབྱངས་རྟའི་རམ་འདེགས་དང་བཅས་ཐུབ་པའི་སྐུ་བརྙན་རིན་པོ་ཆེའི་སྤྱན་ཟུང་གིས་ཐད་ཀར་གཟིགས་པའི་སྤྱན་འོག་དེར་དེ་ལྟར་དུར་སྦས་བྱས་པ་ཡིན། ཁོང་ཚོ་ཚང་མས། བྱེའུ་ག་ཚོད་ཞིག་ལ་ཆོས་དང་འཕྲད་པའི་གོ་སྐབས་འདི་འདྲ་བཟང་པོ་ཡོད་ཨང་ཞེས་དགའ་ཚོར་ཆེན་པོ་བྱས་བྱུང་།

ཤར་ནུབ་སྤྱི་ཚོགས་མི་འདྲ་ཞིང་། པགས་མདོག་དང་རིག་གཞུང་དེ་བས་མི་འདྲ་བའི་མི་དག་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཉམ་ཆུང་གི་དུད་འགྲོ་ཞིག་གི་བདེ་སྡུག་གི་ཐད་ལ་འདི་ལྟར་བློ་རྩེ་གཅིག་བསྒྲིམས་ཀྱིས་སེམས་ཁུར་བྱེད་པ་ནི་བསམ་བློ་བཏང་ན་ཅུང་ཟད་ཡ་མཚན་པ་ཞིག་རེད། ཆོས་ཀྱི་འདུ་ཤེས་མེད་པ་དང་། དུད་འགྲོ་ཉམ་ཆུང་ལ་རྩི་ཤིང་གི་འདུ་ཤེས་ཙམ་ལས་མེད་པ་དག་གི་ངོས་ན་རྨོངས་དད་དང་ལྐུགས་རྟགས་ལྟ་བུ་ཞིག་ཏུ་ཚོར་སྲིད་ན་ཡང་། ང་ཚོར་མཚམས་མཚམས་སུ་འདི་ལྟ་བུའི་ཁྱད་དུ་འཕགས་པའི་བསམ་བློ་ཞིག་སྐྱེ་ཐུབ་པ་ཙམ་ཡོད་པ་འདིའང་སངས་རྒྱས་ཐུགས་རྗེ་ཅན་གྱི་གསུང་རྩ་ཆེན་སྟེ། ༼སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན། སེམས་ཅན་ཡོད་ཚད་ཚང་མར་གཅིག་མཚུངས་ཀྱི་བྱམས་པ་དང་སྙིང་རྗེའི་བློས་སྐྱོང་དགོས། གྲོག་མ་ཡན་ཆད་ལའང་སངས་རྒྱས་ཀྱི་ས་བོན་ཡོད་པ་རེད། ༽ཅེས་གསུངས་པའི་རླབས་ཆེན་གྱི་གསུང་ཟབ་མོ་དེས་བཞག་པའི་ཤུགས་རྐྱེན་རེད་ཨང་སྙམ་དུ་སེམས་ལ་འཁོར་བྱུང་ལ། མི་ཚེ་འདིར་རང་ཉིད་སངས་རྒྱས་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཅིག་ཏུ་སྐྱེས་པར་སེམས་ཀྱི་གཏིང་ནས་དགའ་ཚོར་དང་སྤོབས་པ་སྐྱེས་བྱུང་།
ཐ་ན་ནང་ཆོས་ཀྱི་གོ་རྟོགས་གང་ཡང་མེད་པའི་ཁང་པ་གཙང་མ་བཟོ་སར་ཡོང་མཁན་གྱི་གཡོག་མོ་དེས་ཀྱང་། སེམས་འགུལ་ཚད་མེད་ཐེབས་པའི་སྒོ་ནས་ང་ཚོ་དང་མཉམ་དུ་མ་ཎི་སོགས་འདོན་རྒྱུར་མཉམ་ཞུགས་བྱས་བྱུང་། ད་དུང་ལག་གཉིས་ཐལ་མོ་སྦྱར་ནས་བཀའ་དྲིན་ཆེ་ཞུས་བྱུང་།

༧༽ ས་ཆེན་པོ་ལ་ཕྱག་གིས་བསྣུན་པ།

དེ་ནས་ང་ཚོ་རྨོ་མོ་དེའི་ནང་དུ་ཕྱིན་ཅིང་། ཐབ་ཚང་ནང་དང་སྒོ་ཡི་ཕྱི་ལོགས་སོགས་ན་ངེས་མེད་དུ་བཤམས་པའི་སངས་རྒྱས་ཀྱི་སྐུ་བརྙན་སྙིང་རྗེ་པོ་དེ་དག་ལ་གུས་འདུད་ཞུས་ཞིང་འདྲ་པར་རེའང་བླངས། ནུབ་ཕྱོགས་ཀྱི་ནང་པ་ཚོས་མཚམས་མཚམས་སངས་རྒྱས་ཀྱི་སྐུ་བརྙན་ནི་ཁང་པའི་ཕྱི་ནང་ཚང་མར་གང་བདེ་བྱས་ནས་བསྒྲིགས་འདུག །བོད་ཀྱི་བླ་མ་ཚོས་མཆོད་བཤམས་སྒྲིག་སྟངས་ཀྱི་ངེས་པ་དང་གོ་རིམ་བཟོས་པ་དེ་ཚོ་ཅི་བཞིན་ལག་ལེན་དུ་བསྟར་མཁན་དང་མི་བསྟར་མཁན་གཉིས་ཡོད་ས་རེད། ད་དུང་མོའི་ཐབ་ཚང་གི་སྒོའི་ཟུར་ངོས་ཤིག་ན་སྦྱར་ཡོད་པའི་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་པར་དེའང་པར་ཞིག་བརྒྱབ་པ་ཡིན། མོས་སྟོན་པའི་སྐུ་པར་གཞན་ཞིག་གི་མདུན་དུ་རྡོ་རིགས་འདྲ་མིན་མང་པོ་ཞིག་བསྒྲིགས་འདུག འགའ་རེ་ཨོ་གླིང་གི་གདོད་མའི་མི་རིགས་ཀྱི་གནས་མཆོག་རྩ་ཆེན་ཨོ་ལོ་རི་ནས་ཁུར་ཡོང་བ་ཡིན་ཟེར། དེར་བསླེབས་པ་དང་མོས་ང་ཚོར་འདི་ནི་གལ་ཆེ་བའི་གནས་ས་དང་གནས་རྡོ་འབའ་ཞིག་རེད། ངས་འདི་སངས་རྒྱས་ཀྱི་སྐུའི་འགྲམ་དུ་བསྒྲིགས་ཡོད། ཉེ་ཆར་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དྲ་ཐོག་ནས། ༼བདུད་རྣམས་ཀྱིས་སངས་རྒྱས་ཀྱིས་ཆོས་ཀྱི་བདེན་པ་རྟོགས་ཡོད་མེད་ལ་དོགས་འདྲི་ཞུས་སྐབས། སངས་རྒྱས་ཀྱིས་ཕྱག་གིས་ས་ལ་བསྣུན་ཞིང་ས་ཆེན་པོའི་ཟེག་མ་ཕྱག་གིས་བཞེས་ཏེ་རང་ཉིད་ཀྱིས་བདེན་པ་རྟོགས་པའི་དཔང་པོ་མཛད་པ་རེད། དེས་ན་ས་ཆེན་པོ་འདི་ཧ་ཅང་གཅེས་སྤྲས་དགོས་པ་དང་ས་ལ་བྱིན་རླབས་ཆེན་པོ་ཡོད་ཚུལ་གསུངས་བྱུང་། ༽ ཞེས་སྐད་ཆ་དེ་འདྲ་ཞིག་བཤད་བྱུང་། དེ་མུར་ང་ཚོ་མོའི་མགྲོན་ཚོམས་སུ་བསྡད་ནས་ཇ་གང་རེ་འཐུང་བ་ཡིན།

༨༽ སྐྱེ་དངོས་ཀྱི་གསོན་ཤུགས་སླར་ཡང་མངོན་པ།

སླར་ཡང་ང་ཚོ་དེ་ནས་ཐོན་ཏེ། ཨོ་གླིང་རི་སྔོན་པོའི་མུ་མཐའ་མི་མངོན་པའི་ནགས་ཀློང་གི་དབུས་ན་ཡོད་པའི་གདོད་མའི་ལུང་གཤོངས་ཆེན་མོའི་རི་སུལ་གྱི་ལམ་ཕྲན་ཀྱག་ཀྱོག་དག་བརྒྱུད་ནས་འཆམ་འཆམ་ལ་ཕྱིན་པ་ཡིན། ང་ཚོ་རིམ་གྱིས་རྒྱལ་ཡོངས་སྤྱི་གླིང་གི་ཁོངས་ཀྱི་རི་རྩེ་ཉམས་དགའ་བ་ཞིག་ཏུ་འབྱོར་། རི་རྩེ་དེར་ལོ་སྔ་མའི་ཨོ་གླིང་གི་མེ་སྐྱོན་ཆེན་པོའི་རྗེས་ཤུལ་ནི་ད་དུང་ཡང་ག་ས་གང་དུ་གསལ་པོར་མངོན། མིག་མདུན་གྱི་ལུང་གཤོངས་ཡོངས་སུ་སྔོ་ལྗང་གི་ལོ་མ་དང་ནགས་ཀྱི་དྲ་བ་འཐུག་པོས་དཀྲིགས་ཤིང་ཧ་ཅང་མཛེས་པར་བཀྲ་བར་སྣང་མོད། དེ་ཡང་ཞིབ་ཏུ་བལྟས་ན་སྔར་ལོ་མེ་སྐྱོན་ཆེན་པོས་ཚིག་ཟིན་པའི་ནགས་ཀྱི་ལྗོན་པ་དང་སྡོང་ཕྲན་སོགས་ཀྱི་ཤུལ་དག་ད་དུང་ཡང་གསལ་པོར་མཐོང་ཐུབ། ཤིང་གི་ཚིག་རོ་དག་ལ་ལག་པ་དང་གྱོན་གོས་བརྡར་ཙམ་བྱས་ནའང་སོལ་བས་ནག་པོར་འགྲོ་བ་འདུག །ལོ་འདིར་ཆར་པ་ཧ་ཅང་ཤུགས་ཆེར་བབས་ཡོད་ན་ཡང་། དེ་དག་ལ་ཁྱད་པར་གང་ཡང་མ་སོང་བ་ལྟ་བུར་སྣང་། འདི་ཡང་ཧོབ་སྟེ་བལྟས་ན་ཡ་མཚན་པོ་འདྲ་འདུག་མོད། སོལ་བ་ནི་སོལ་བ་རང་ཡིན་པས་ཆར་པས་སྦངས་ནས་ཁྱད་པར་འགྲོ་བ་ཞིག་ག་ལ་ཡིན།

ཕྱོགས་གཞན་ཞིག་ནས་བསམ་ན། སྐྱེ་དངོས་ཀྱི་ནུས་པ་དང་གསོན་ཤུགས་ནི་ཧ་ཅང་ཡ་མཚན་ཅན་ཞིག་རེད། གསའ་གསེང་བར་བུག་ཐམས་ཅད་ནས་སྔོ་ལྗང་གི་མྱུ་གུ་སྣ་ཚོགས་འབུས་དང་འབུས་བཞིན་པར་མ་ཟད། ཕྱི་ནས་བལྟས་ན་ཡོངས་སུ་ཚིག་ཟིན་པ་ལྟར་སྣང་ཞིང་། ཤིང་ཤུན་ཡོངས་རྫོགས་ནག་པོ་ནག་རྐྱང་དུ་སོང་ཟིན་པའི་སྡོང་པོ་དག་གི་གས་གསེང་ནས་ཀྱང་ཡལ་ག་དང་ལོ་འདབ་སྣ་ཚོགས་པའི་ལག་སོར་ཆེ་ཆུང་མང་པོ་ཕྱོགས་དང་ཕྱོགས་སུ་སྐྱོང་བཞིན་འདུག །
ཡག་ས་ནས་བསམ་བློ་ཞིག་བཏང་ན། ཉམས་དགའ་བའི་སྐྱེ་དངོས་ཀྱི་སྐྱར་གསོན་འདི་དག་གིས་ནད་ཡམས་ཀྱིས་ངལ་ཞིང་དུབ་པའི་འགྲོ་བ་མིའི་རིགས་ལ་སེམས་ཤུགས་སྤོར་བཞིན་པ་ལྟ་བུ་ཞིག་ཏུ་སྣང་།

དེ་ནས་ང་ཚོ་ཅུང་ཟད་ཅིག་ཡར་ལ་ཕྱིན་པས་ནགས་ཀྱིས་རི་སུལ་གྱི་ལྟོངས་ཁ་ཡངས་པོ་ཞིག་ཏུ་འབྱོར། མར་འཕྲེད་ལམ་བརྒྱུད་སྐར་མ་གསུམ་ཙམ་འོག་ཏུ་བབས་ན་དེར་ཡ་མཚན་ཆེ་བའི་བྲག་སྡིངས་ཆེན་པོ་ཞིག་ཀྱང་འདུག །བྲག་ཕུག་དེའི་མིང་ལ་རླུང་གིས་བཞུས་པའི་བྲག་ཕུག་ཅེས་ཟེར་སྐད། དེ་ཡང་བྲག་ཕུག་གི་ངོས་ཀྱི་སུལ་དང་རིས་ཀྱི་གཉེར་མ་དང་། རླབས་ཕྲེང་ལྟ་བུའི་རང་བྱུང་གི་རི་མོ་ཡ་མཚན་པོ་དེ་དག་ཐམས་ཅད་བྲག་ངོས་དེར་རླུང་གིས་ཡང་ཡང་བྱབས་པའི་རྗེས་ཤུལ་དུ་དོད་པ་ཞིག་ཡིན་པར་ས་གཤིས་རིག་པ་བ་ཚོས་འགྲེལ་བརྗོད་བྱེད་པ་ཡིན་འདུག །འགྲམ་དུ་བཅར་ནས་ཞིབ་ཏུ་བལྟས་ན། བྲག་དེའང་དོན་ལ་བྱེ་མ་འཁྲེགས་པོར་ཆགས་པའི་བྲག་རྡོ་སྟེ། སྤྱིར་བཏང་གི་བྲག་ལས་སྙི་བ་ཙམ་ཞིག་འདུག་པ་དེས་རླུང་གིས་རི་མོ་གཏོད་སླ་བ་དེ་བྱུང་བར་སྣང་།

༩༽ བརྩེ་བས་འཁྱུད་པའི་ངལ་སྟེགས།

ཉིན་འདིར་ང་ལ་ལྷག་ཏུ་དོ་སྣང་བྱུང་བ་ཞིག་ནི་རི་མགོར་ཡོད་པའི་ཤིང་གི་ངལ་སྟེགས་སྙིང་རྗེ་པོ་དེ་རེད།

ངའི་གྲོགས་པོས། ངལ་སྟེགས་འདི་ནི་ཁོང་གི་ངོ་ཤེས་པའི་ས་གནས་ཀྱི་ཡུལ་མི་ཞིག་གིས་རང་ཉིད་ཀྱི་མ་ཡུམ་སྐུ་གཤེགས་རྗེས་ཀྱི་དྲན་རྟེན་དུ་བསྐྲུན་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་བྱུང་། མ་ཟད་ངལ་སྟེགས་དེའི་ཐོག་ཏུ་རང་ཉིད་ཀྱི་བརྩེ་བའི་ཨ་མ་གང་གི་དྲན་རྟེན་གྱི་ཆེད་དུ་ཡིན་པའི་གསལ་བཤད་དང་ཟླ་ཚེས་བཀོད་འདུག །ད་དུང་༼At home in the bush ནགས་ཁྲོད་ན་ཡོད་པའི་ཁྱིམ་༽ཞེས་པའི་དབྱིན་ཇིའི་ཡི་གེ་ཡང་བརྐོས་འདུག །ཡི་གེ་འདིར་ཚིག་ཧ་ཅང་ཐུང་ཐུང་ཞིག་ལས་མེད་ན་ཡང་། ནང་དོན་གྱི་ཆ་ནས་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་པའི་ཚིག་རླབས་ཆེན་ཞིག་ཡིན་པའི་སྣང་བ་བྱུང་། གང་ལྟར་ང་ལ་ནི་ཚོར་བ་ཤུགས་ཆེན་པོ་ཞིག་སྤྲད་བྱུང་།

དེ་མུར་ངའི་བསམ་བློའང་འདུག་སྟེགས་དེའི་ཕྱོགས་སུ་ཤོར། ནགས་ཀྱི་མཐོངས་ཡངས་པོ་འདིར་འབྱོར་མཁན་མང་པོ་ཞིག་ང་ནང་བཞིན་ངལ་སྟེགས་འདིའི་ཐོག་དུ་བསྡད་ནས་མདུན་ལྗོངས་ཀྱི་རི་ངོགས་སུ་ལྟད་མོ་ལྟ་ངེས། བག་ཡངས་ཀྱི་སེམས་པ་རྒྱ་ཡན་དུ་ཀློད་པས་ཚད་གཞི་མ་འདྲ་བའི་རང་སེམས་ཀྱི་ངལ་གསོ་འབྱོངས་སྲིད། ཞར་དང་ཞོར་ལ། བྱས་པ་དྲིན་དུ་བཟོ་བའི་བུ་ཕྲུག་ཡ་རབས་ཤིག་གིས་རང་གི་ཨ་མ་ལ་བཅངས་པའི་བརྩེ་བའི་དན་རྟགས་འདིའང་སེམས་ལ་འཁོར་སྲིད། རྟེན་འབྱུང་གི་འབྲེལ་བ་ལུ་གུ་བརྒྱུད་ཀྱི་སྣེ་མོ་དེ་ནས་སྐྱེ་བོ་གཞན་དང་གཞན་དག་གི་མ་བུའི་བར་གྱི་བརྩེ་བའི་རིན་ཐང་དྲན་པའི་སྐུལ་མའང་བྱེད་སྲིད།

འདི་ལྟར་བསམ་དུས། འདི་ནི་ཧ་ཅང་དོན་སྙིང་དང་ལྡན་པ་དང་ཡིད་དུ་འོང་བ་ཞིག་ཡིན་པར་སེམས་གཏིང་ནས་ཚོར་བྱུང་། ངས་ངལ་སྟེགས་དེའི་མདུན་དང་རྒྱབ་ཀྱི་ཕྱོགས་གཉིས་ཆར་ནས་འདྲ་པར་བླངས་པ་ཡིན་ལ། དགོང་དྲོའི་ཉི་འོད་ཀྱི་གསེར་མདངས་ཕྲ་མོས་རེག་པའི་འདུག་སྟེགས་དེ་ལྷག་ཏུ་ཡིད་དབང་འཕྲོག་པ་ཞིག་ཏུ་མཐོང་བྱུང་། ད་དུང་རྒྱུ་ཆའང་བཅོས་མའི་ལས་སྣོན་གྱིས་འཕྲུལ་ལ་བརྒྱབ་པ་ལྟ་བུ་མིན་པར། ཤིང་བཟང་པོའི་རྒྱུ་ཆས་ལག་བཟོས་བགྱིས་པས་ཀྱང་གནའ་ཉམས་ཀྱི་ཁྱད་ཆོས་དམིགས་བསལ་ཞིག་གིས་རང་བྱུང་གི་རི་རྩེ་འདིར་ལྷུན་སུ་ཆགས་པའི་ཇུས་འགོད་དང་བ་འདྲེན་པ་ཞིག་འཁྱོངས་འདུག་གོ །

༡༠༽ རྣམ་རྟོག་གི་སྤྲོས་པ་མཆེད་སྟངས།

མཐོང་སྣང་འདིས་ང་ལ་ཕ་ཡུལ་ཁ་བ་ཅན་དང་འབྲེལ་བའི་དོན་དག་གཞན་འགའ་རེའང་དྲན་དུ་བཅུག་བྱུང་། དེ་ཡང་ང་ཚོ་བོད་པ་ཚོས་རང་གི་ནང་མི་ལ་ན་ཚ་ཤི་ཆད་སོགས་བྱུང་བའི་སྐབས་སུ། ཡར་བླ་མ་ལ་ཞབས་བརྟན་སྒྲུབ་པའི་སྐབས་སུ། བར་ནང་མི་ལ་རིམ་འགྲོ་དང་རྐྱེན་སེལ་བྱེད་པའི་སྐབས་སུ། མར་གཤིན་པོ་ལ་བསྔོ་སྨོན་གྱི་དགེ་སྦྱོར་བྱེད་པའི་སྐབས་སུ། སྲོག་བླུ་དང་ཚེ་ཐར་ཕོན་ཆེན་བྱེད་པ། རས་ཡོད་ཚད་ཀྱིས་ཇོ་དར་བརྡེབས་པ། རྡོ་ཡོད་ཚད་ལ་མ་ཎི་བརྐོ་བ་སོགས་ཀྱི་རྣམ་དཀར་གྱི་བྱ་བ་མང་པོ་བྱེད་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད། དེ་ཚང་མ་ཡག་པོ་དང་རྣམ་དཀར་བཟང་པོ་སྨོས་མེད་ཡིན་མོད། མཚམས་མཚམས་སུ་དགེ་བ་ཟེར་བ་དེའང་ལོགས་ཤིག་ཏུ་ཉིན་རེའི་འཚོ་བ་དང་ཁ་ཁ་བྱས་ནས་སྒྲུབ་དགོས་པ་ཞིག་ཡིན་ས་མ་རེད། འཚོ་བ་དང་འབྲེལ་བའི་དོན་དག་རེ་རེ་བཞིན་ཉམས་ལེན་དང་དགེ་སྦྱོར། ཚོགས་བསགས་དང་སྒྲིབ་སྦྱོང་གི་ཆ་ཤས་སུ་བེད་སྤྱོད་ཐུབ་པ་ཞིག་ཡོང་དགོས་ངེས་རེད། སྔོན་གྱི་དམ་པ་གོང་མ་དག་གི་ཉམས་ལེན་ཡང་དེ་རེད། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བོད་ཁམས་ཡོངས་ལ་ལྕགས་ཟམ་འཛུགས་གནང་བའང་བྱང་ཆུབ་སེམས་དཔའི་འགྲོ་དོན་མཛད་ཚུལ་རེད།

དེས་ན། ལམ་འཕྲང་གི་ས་རྡོ་བསལ་བ། ཆུ་ལ་ཟམ་པ་འཛུགས་པ། མགྲོན་པོ་སོགས་ཀྱི་རྒྱུ་འགྲུལ་ལ་སྟབས་བདེ་བསྐྲུན་པའི་ཡོ་བྱད་མཐུན་སྦྱོར་བྱེད་པ། ཐ་ན་སྤྱི་འཁོར་སྒུག་ས་ཞིག་ལ་སྟབས་བདེའི་འདུག་སྟེགས་ཤིག་གམ། ཆར་དང་ཉི་མ་འགོག་པའི་འགེབ་ཞབས་ཤིག་ཚུན་ཆད་ཀྱང་མི་གཞན་དག་ལ་ཕན་ཐོགས་ཡོད་པའི་ཆ་རྐྱེན་རེ་བསྐྲུན་ཐུབ་ན་དེའང་དགེ་བ་རླབས་ཆེན་ཞིག་ཡིན་པར་ངོས་ཟིན་དགོས་པ་འདུག་སྙམ། དེ་བཞིན་སྤྱི་པའི་ཡོ་བྱད་ཆེ་ཕྲ་ཆུང་གསུམ་ཚང་མར་གཅེས་སྤྲས་ཀྱི་བསམ་བློ་ཚད་ལྡན་ཞིག་བསྐྱེད་སྲིང་ཐུབ་ན་དེ་ནི་སྤྱིི་ཚོགས་ཀྱི་ངོས་ནས་ཡ་རབས་བཟང་སྤྱོད་དང་ཐེག་པ་ཆེན་པོའི་ཆོས་ཀྱི་ངོས་ནས་གཞན་ཕན་གྱི་ཉམས་ལེན་ཞིག་རེད། དེའི་ཆ་སྤྱི་པའི་ཁོར་ཡུག་དང་འབྲེལ་བའི་བ་ཅ་ལག་ཆེ་ཕྲ་ཆུང་གསུམ་ཚང་མར་གཅེས་སྤྲས་དང་མཐོང་ཆེན་དགོས་པ་དེ་ཧ་ཅང་གལ་ཆེན་ཞིག་ཡིན་པ་འདི་སེམས་ལ་ངེས་དགོས་པ་ཞིག་རེད་སྙམ་པ་བྱུང་། གལ་ཏེ་མི་ཞིག་ལ། འགྲོ་བ་མིའི་རིགས་སྤྱི་ལ་ཡོད་དགོས་པའི་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཙམ་ཡང་མེད་ན་དམ་པ་ཆོས་ཀྱི་ཉམས་ལེན་ནི་ཡོང་ཐབས་མེད་པ་ཞིག་རེད།

༡༡༽ ཅི་ཞིག་ལ་ཐེག་ཆེན་གྱི་ཉམས་ལེན་ཟེར།

དེ་ཡང་བྱང་སེམས་སྤྱོད་འཇུག་ཆེན་མོར་ཞི་བ་ལྷས། མགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །ཅེས་སྨོན་ལམ་སྐྱོན་གནང་བར་མ་ཟད། བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །ཞེས་སྤྱི་ཚོགས་ཀྱི་དཀའ་ངལ་རེ་རེ་ལ་ཞིབ་ཚགས་པོས་ཐུགས་ཁུར་གནང་ཡོད་ལ། ངོར་ཆེན་རྡོ་རྗེ་འཆང་གིས་ཀྱང་།

གྲོང་རྣམས་འཇམ་པོའི་རླུང་གིས་གཡོ་བ་ཡི། །བ་དན་དཀར་པོ་ཕྲེང་བས་རབ་མཛེས་ཤིང་། །གོས་བཟང་རིན་ཆེན་རྒྱན་དང་ལྡན་པ་ཡི། །འབྱོར་ལྡན་སྐྱེ་བོས་གང་བར་མཛད་དུ་གསོལ། །མཁའ་ལ་གློག་ཕྲེང་འགྱུ་བའི་སྤྲིན་མཛེས་ཤིང་། །ས་ལ་རྨ་བྱ་དགའ་བའི་གར་མཛེས་པ། །ཟིམ་བུ་དལ་གྱིས་འབབ་པའི་ཆར་རྒྱུན་གྱིས། །འགྲོ་རྣམས་དགའ་བ་རྒྱས་པར་མཛད་དུ་གསོལ།།རི་རྣམས་རྩཱ་དང་མེ་ཏོག་འབབ་ཆུས་བརྒྱན། །ཀླུང་རྣམས་སྣ་ཚོགས་འབྲུ་དང་ཕྱུགས་ཀྱིས་གང་། །མི་རྣམས་རབ་ཏུ་དགའ་བའི་གླུ་ལེན་ཞིང་། །དྲེགས་དང་འཐབ་རྩོད་ཞི་བར་མཛད་དུ་གསོལ། །ཞེས་སོགས་གསུངས་ཏེ་སྣོད་བཅུད་ཁོར་ཡུག་མཐུན་སྦྱོར་གྱི་བདེ་སྐྱིད་ལ་དགོངས་པའི་ཐུགས་སྨོན་གནང་ཡོད། འདི་ཚང་མ་ང་ཚོས་དྲན་དགོས་པ་ཞིག་རེད།

ད་དུང་རྒྱལ་སྲས་ཞི་བ་ལྷས། བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་རང་ཉིད་ཀྱི་ཐུགས་ཁུར་བྱ་ཡུལ་གྱི་ཁོངས་སུ་ཕྱོགས་ཀྱི་མགྲོན་པོ་དག་གི་བདེ་འཇགས་དང་སྟབས་བདེ་སོགས་ཀྱང་གཙོ་བོར་བཞག་ཡོད་ལ། དེ་དག་གི་ཆེད་དུ་རང་ཉིད་གཟིངས་དང་ཟམ་པ་སོགས་སུ་འགྱུར་འདོད་ཡོད་པའི་ཚུལ་ལ་བློ་སྦྱོང་དགོས་པའི་ཚུལ་རྒྱས་པ་གསུངས་འདུག །བྱང་སེམས་ཀྱི་ཉམས་ལེན་ཟེར་ནས་ཚད་མཐོ་ས་ཞིག་ལ་ཡར་བསྐྱལ་ཏེ། རང་ཉིད་ཀྱི་ཉིན་རེའི་འཚོ་བ་དང་ཆོས་ཀྱི་གོ་དོན་དེ་ཚོར་ལྷུ་སྦྲེལ་མ་ཐུབ་པ་ཞིག་བྱུང་བ་འདི་ང་ཚོའི་སྐྱོན་ཆེ་ཤོས་ཤིག་ཏུའང་འདུག་པས། ད་ནས་བཟུང་སྟེ་ཆོས་ཀྱི་གོ་དོན་འདི་དག་དང་ཉིན་རེའི་འཚོ་བའི་བར་ལ་གཞི་མཐུན་མང་པོ་ཞིག་ཡོད་པ་འདི་སེམས་ལ་ངེས་པར་འཁོར་ཐུབ་པ་ཞིག་དགོས་པ་འདུག་སྙམ་པའི་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེས། ཚོར་བ་ནི་ཚོར་བ་རང་རེད། རྣམ་པར་རྟོག་པའི་སྤྲོས་པ་ལ་མཐའ་མེད་པ་ལོས་བདེན།

༡༢༽མི་རྟག་པའི་འདུ་ཤེས་དང་གཞན་ཕན་གྱི་བསམ་བློ།

དེ་ནས་དགོང་མོ་མར་ཡོང་སྐབས། ང་ཚོའི་དཔལ་སྤྲུལ་སྔོན་འགྲོའི་འཛིན་གྲའི་སློབ་མ་ཞིག་གིས། ཚེ་མི་རྟག་པའི་ཁྲིད་ཀྱི་མཇུག་ཏུ་དཔལ་སྤྲུལ་རིན་པོ་ཆེས་མི་རྟག་པ་རྒྱུད་ལ་སྐྱེས་པའི་ཚད་གསུངས་སྐབས་རིག་འཛིན་འཇིགས་མེད་གླིང་པ་སྟོན་དུས་ཆུ་གཟིམས་གནང་ཡུལ་གྱི་རྫིང་བུ་ཞིག་ཡོད་པར། ཐམ་སྐས་མེད་པའི་འབྱོན་བཞུགས་ཤིན་ཏུ་དཀའ་བར་ཡོད་པ་ལ། སློབ་མ་ཚོས། འདིར་ཐེམ་སྐས་ཞིག་བགྱིས་ན་ཞུས་པས། སང་ཕོད་འདིར་ཨེ་ཉལ་མི་ཤེས། དེ་འདྲའི་དཀའ་ལས་ཀྱིས་ཅི་བྱེད་ཅེས་གསུངས་པ་ཡིན་ཞེས་པ་དཔེ་མཚོན་དུ་བཀོད་ནས། ང་ཚོ་ཚང་མས་མི་རྟག་པ་བསྒོམས་ནས་བསྡད་ན་སྤྱི་ཚོགས་ལ་འགན་ཁུར་མཁན་དང་། སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་ལས་ཀ་བྱེད་མཁན་གཅིག་ཀྱང་མེད་པ་ཞིག་ཆགས་ས་མ་རེད་དམ། ཞེས་འདྲི་རུ་བྱུང་བར། ངས་སློབ་མ་ཁོ་ལ། གོང་གི་ངལ་སྟེགས་དེ་ཉིད་དཔེ་མཚོན་དུ་བཞག་ནས། མི་རྟག་པ་སྒོམ་པ་འདི་ཆོས་ཀྱི་ཉམས་ལེན་གལ་ཆེན་ཡིན་མོད། དེ་གཅིག་པུས་ཆོས་ཀྱི་ཉམས་ལེན་ཚང་མའི་ཚབ་བྱེད་པ་ཞིག་མ་རེད། བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་མཐིལ་ངོ་མ་དེ་གཞན་ཕན་གྱི་སྤྱོད་པ་རེད། མི་རྟག་པ་བསྒོམ་པ་དང་གཞན་ཕན་གྱི་བྱ་བ་ལ་ཤས་ཆེར་བརྩོན་པའི་སེམས་སྟོབས་གཉིས་གཞི་གཅིག་ཏུ་འཁྱེར་ཤེས་པ་ཞིག་ཡོང་དགོས། གལ་ཏེ། ཁྱོད་ལ་རང་ངོར་ཚེ་འདིར་ཆགས་ཞེན་ཉུང་དུ་ཕྱིན་པའི་འདུ་ཤེས་མི་རྟག་པའི་ཉམས་ལེན་གྱི་བློ་སྣ་གང་ལེགས་ཤིག་དང་། གཞན་ངོར་གཞན་ཕན་དོན་གཉེར་གྱི་བྱང་སེམས་དང་། སྤྱི་ཚོགས་དང་མི་གཞན་ལ་སེམས་ཁུར་བྱེད་པ་དེ་སོ་སོ་རང་ཉིད་ལ་སེམས་ཁུར་བྱེད་པ་ལས་ཀྱང་མང་བ་ཞིག་བྱུང་ན། དེ་དུས་ཁྱོད་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེས་གལ་འགངས་ཆེ་བའི་ནུས་ཤུགས་སུ་གྱུར་ཟིན་པ་རེད་ཅེས་ལབ་པ་ཡིན། །།

རྫོགས་སོ། །ཕྱི་ལོ་༢༠༢༡ ཟླ་ ༣ ཚེས་ ༤ ལ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཟིན་བྲིས་སུ་བཀོད་པའོ། །

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།