ཨ་རིའི་གླང་རྒོད།    (Bison)

ཨ་རིའི་གླང་རྒོད་ནི་བྱང་ཨ་མེ་རི་ཀའི་གླིང་ཆེན་ཐོག་གི་སྲོག་ཆགས་ཆེ་ཤོས་ཤིག་རེད།  སྲོག་ཆགས་དེའི་མིང་ལ་ས་སྐྱེས་རྡོ་སྐྱེས་ཀྱི་ཨ་མེ་རི་ཀའི་གནའ་སྡོད་ཡུལ་མི་(Native American)ཚོས་ “ཏ་ཐཱན་ཁཱ་(ta-THAN-ka)”ཞེས་འབོད།  འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་ནང་དུ་སྲོག་ཆགས་དེ་ནི་ཨ་རིའི་གནའ་སྡོད་ཡུལ་མི་དེ་ཚོའི་ཉིན་རེའི་ཟས་གོས་དང་། གནས་སྡོད། ཆོས་དད་ཀྱི་བྱེད་སྒོ་ལ་སོགས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད།

སྤྱིར་འཛམ་གླིང་ནང་གི་གླང་རྒོད་ལ་ཨ་རིའི་གླང་རྒོད་(American Bison) ཀྱི་རིགས་དང་། ཡུ་རོབ་ཀྱི་གླང་རྒོད་(European Bison) ཀྱི་རིགས་བཅས་གཙོ་བོའི་རིགས་གཉིས་ཡོད་ཀྱང་། བྱང་ཨ་མེ་རི་ཀའི་གླིང་ཆེན་དེའི་སྟེང་དུ་འཚོ་བའི་ཨ་རིའི་གླང་རྒོད་ཀྱི་རིགས་ལ་ནང་གསེས་ཀྱི་བྱེ་བྲག་རིགས་མི་འདྲ་བ་གཉིས་ཏེ། ནགས་ཀྱི་གླང་རྒོད་(Wood Bison) དེའི་ཚན་རིག་གི་མིང་ལ་(Bison.bison.athabasacae) ཞེས་བྲིས་ཡོད་པ་དང་། རྩྭ་ཁའི་གླང་རྒོད་(Plains Bison)  དེའི་ཚན་རིག་གི་མིང་ལ་(Bison.bison.bison) ཞེས་བྲིས་ཡོད།  བྱེ་བྲག་གི་རིགས་གཉིས་པོའི་དབར་གྱི་ཁྱད་པར་གཙོ་བོ་དེ་ནི་ནགས་ཀྱི་གླང་རྒོད་རིགས་ཀྱི་གཟུགས་སྟོབས་དང་།  ལུས་པོའི་སྤུ་རྩིད་ཀྱི་མདོག་ཁ་དེ་དག་རྩྭ་ཁའི་གླང་རྒོད་ཀྱི་རིགས་ལས་ཆེ་བ་དང་། མདོག་ཁ་ནག་པ་ཞིག་ཡོད་པ་རེད།

ཨ་རིའི་གླང་རྒོད་ལ་སྐབས་རེ་དབྱིན་སྐད་ཀྱི་མིང་གཞན་ཞིག་ཏེ་ “Buffalo”ཞེས་འབོད་མཁན་ཡང་ཡོད། བོད་སྐད་དུ་ “མ་ཧེ་”ཞེས་སྒྱུར། དེ་ནི་མི་རྣམས་ནས་གོ་ནོར་ཤོར་བའི་མིང་ཞིག་ཡིན་པ་གསུངས།  གང་ལགས་ཤེ་ན། གླིང་ཆེན་དེའི་སྒང་ལ་ཡུ་རོབ་ནས་ཐོག་མར་གཞིས་ཆགས་སུ་ཡོང་མཁན་གྱི་མི་རིགས་དཀར་པོ་དེ་ཚོའི་ཁོངས་སུ་ཧྥ་རན་སིའི་མི་ཡང་ཡོད་པས།  ཡུ་རོབ་ཀྱི་ཕྱི་མི་གསར་དུ་འབྱོར་བ་དེ་ཚོས་ཨ་རིའི་གླང་རྒོད་དེ་མཐོང་མ་ཐག་ཁ་ནས་ “boeuf” སྟེ་ཧྥ་རན་སིའི་སྐད་ཀྱི་ནང་དུ་ “གླང་ཤ་”ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱས་པ་ཐོས་ནས།  མི་རིགས་དཀར་པོ་གཞན་དག་དེ་ཚོས་དབྱིན་སྐད་ “Buffalo”ཞེས་པ་དང་སྒྲ་ནོར་ཐེབས་ཏེ་ཨ་རིའི་གླང་རྒོད་ལ་མིང་དེ་བཏགས་ཡོད་ཚུལ་རྒྱུ་ཆ་ཁག་ཏུ་གསལ།  ཚང་མས་མཁྱེན་གསལ་ལྟར།  ཨ་རིའི་གླང་རྒོད་ནི་ཤིང་ནགས་དང་རྩྭ་ཐང་གི་ཁྲོད་དུ་གཙོ་བོ་འཚོ་གནས་བྱེད་ཀྱི་ཡོད་པ་ལས།  གླིང་ཆེན་ཨེ་ཤེ་ཡ་དང་། གླིང་ཆེན་ཨ་ཧྥེ་རི་ཀའི་ནང་གི་སྲོག་ཆགས་ “མ་ཧེ་”ལྟར་རྒྱུན་དུ་གཙང་ཆུའི་དཀྱིལ་ལ་འཚོ་གནས་བྱེད་ཀྱི་ཡོད་པ་མ་རེད།

ཨ་རིའི་གླང་རྒོད་ཀྱི་ཁྱུ་ཚོགས་རྣམས་དེ་སྔ་རང་དབང་ངང་བདག་མེད་དུ་འཚོ་བའི་སྲོག་ཆགས་ཀྱི་རིགས་རྒྱུད་ཅིག་ཡིན་པས།  ཁོ་པ་ཚོའི་གཟུགས་སྟོབས་ཆེན་པོ་ཡོད།  རྒྱུན་ལྡན་ཨ་རིའི་གླང་རྒོད་ཕོ་དེ་ཚོའི་མགོ་ནས་མཇུག་མ་བར་དུ་རིང་ཚད་མི་ཌར་(meter) ༣ ལྷག་ཡོད་པ་དང་།  མཇིང་པའི་སྒང་གི་ཤ་ཙོག་ནས་སུག་མཐིལ་གྱི་བར་དུ་མཐོ་ཚད་མི་ཌར་(meter) ༢ ཙམ་ཞིག་ཡོད་ཅིང་།  ལུས་པོའི་ལྗིད་ཚད་དེ་ཀི་ལོ་(kilogram) ༩༠༧ ལྷག་ཙམ་ཟིན།  ཡིན་ན་ཡང་། གླང་རྒོད་མོ་རྣམས་ཀྱི་ལུས་པོའི་ཆེ་ཆུང་དང་ལྗིད་ཚད་དེ་དག་ཕོའི་རིགས་ལས་ཕྲན་བུའི་ཆུང་བ་དང་ཡང་བ་ཡོད།

ཕོ་མོ་གཉིས་པོའི་མགོ་ལ་རྭ་ཅོ་ལྡན་པས་རང་སྲུང་གི་མཚོན་ཆ་ཞིག་དང་མཚུངས།  གླང་རྒོད་ཀྱི་མགོའི་ཐོད་པ་དེ་དག་རུས་པ་མཐུག་པོ་རིམ་པ་གཉིས་བརྩེགས་ཅན་ཞིག་ཡིན་པས།  རྒྱུན་དུ་གླང་རྒོད་ཕན་ཚུན་དབར་དང་།ཕྱིའི་དགྲ་ཟླ་དེ་ཚོར་རྡུང་ག་རྒྱག་ཏེ་ཕར་རྒོལ་བྱེད་སྐབས། རང་ཉིད་ཀྱི་མགོའི་ཀླད་པར་རྨས་སྐྱོན་མི་འཕོག་པའི་ཁྱད་ཆོས་ལྡན།  གླང་རྒོད་ཀྱི་མིག་གཉིས་པོས་གཡས་གཡོན་གྱི་དངོས་པོ་རྣམས་གསལ་པོར་མཐོང་བའི་ནུས་པ་ཞན་པོ་ཡོད་ཀྱང་།  ཁོ་པའི་རྣ་ཅོག་གིས་ཐག་རིང་ནས་ཐོས་པའི་སྒྲ་དེ་འཛིན་ཐུབ་ཅིང་།  སྣ་ཁུག་གི་རྫི་རྣོ་པོ་ཞེ་དྲག་ཡོད་པས་མིའམ་སྲོག་ཆགས་གཞན་གྱི་གནོད་པ་ཁག་འགོག་ཐུབ་ཀྱི་ཡོད།  ཁའི་ཨོག་མའི་འོག་ཏུ་ཨོག་ཚོམ་ལྟ་བུའི་སྨ་ར་སྤུ་རིང་ཡོད།  གླང་རྒོད་ཀྱི་མཇིང་པའི་སྒང་ལ་ཤ་ཙོག་ལྟ་བུའི་ཤ་ཤེད་ཆེན་པོ་ཞིག་ཡོད།  ཁོ་པའི་མགོ་དང་།  སྐེ།  དེ་བཞིན་མཇིང་པའི་ཤ་ཙོག་བཅས་ལ་སྨུག་ནག་ཅན་གྱི་རྩིད་པ་རིང་པོ་དང་མཐུག་པོ་ཞིག་སྐྱེས་ཡོད་ཀྱང་།  ལུས་པོའི་རྒྱབ་དང་སྨད་ཕྱོགས་ཀྱི་སྤུ་རྩིད་དེ་ཚོ་ཐུང་ཐུང་དང་སྲབ་པོ་རེད།  གླང་རྒོད་ཀྱི་རྔ་མ་ནི་ཕྲ་ཞིང་རིང་བ་ཞིག་ཡོད་པ་རེད།

གླང་རྒོད་ཀྱིས་རྩྭ་དང་། རྩྭ་ཡན། ལོ་མའི་རིགས་དང་ཤིང་འབྲས་ཀྱི་རིགས་ལ་སོགས་ཟས་སུ་སྤྱོད།  རྒྱུན་དུ་ཁོ་པ་ཚོས་བཟའ་ཆས་འཚོལ་བར་འགྲོ་བའི་ལམ་བར་དུ་ས་རྡུལ་ཀྱི་ཁྲོད་དུ་ས་ལ་ཉལ་ནས་འགྲེ་སློག་བརྒྱབ་སྟེ་ལུས་པོའི་ཐོག་ཏུ་གཞན་རྟེན་གྱིས་འཚོ་བའི་འདྲེ་ཤིག་ལ་སོགས་པའི་འབུ་ཆུང་དེ་ཚོ་མེད་པ་བཟོ་བ་མ་ཟད།  ལུས་པོའི་སྤུ་རྩིད་ཕྱིང་པར་གྱུར་ཏེ་རྡོག་རྡོག་ཆགས་པ་རྣམས་ཀྱང་གཙང་སེལ་བཟོ་བའི་སྤྱོད་པ་ཞིག་མཐོང་།  ལོ་ལྟར་ཁྱུ་དང་ཁྱུ་བསྒྲིགས་ནས་རྩྭ་ཆུ་བཟང་བའི་ས་ཁུལ་ལ་གནས་སྤོ་བྱེད་སྲོལ་ཡོད།  གནས་སྤོ་ཞེས་པ་ནི་སྲོག་ཆགས་འགའ་ཞིག་གིས་ནམ་དུས་དང་བསྟུན་ཏེ་ཟས་རིགས་འཚོལ་བསྡུ་དང་། རིགས་རྒྱུད་སྐྱེ་འཕེལ་གྱི་ཆེད་དུ་ས་གནས་གཅིག་ནས་ས་གནས་གཞན་ཞིག་ཏུ་སྤོ་བའི་སྣང་ཚུལ་ལ་བརྗོད།

ལོ་རེའི་སྤྱི་ཟླ་བདུན་པ་དང་བརྒྱད་པའི་ནང་དུ་ཨ་རིའི་གླང་རྒོད་ཕོ་མོ་གཉིས་ཀྱིས་འཁྲིག་སྦྱོར་གྱི་ལས་སུ་ཞུགས་ཏེ། ཁོ་པ་ཚོའི་རིགས་རྒྱུད་འཕེལ་གྱི་ཡོད།  དེ་ཡང་གླང་རྒོད་ཕོ་རྣམས་ཀྱིས་ཕན་ཚུན་འགྲན་རྩོད་བྱས་ཏེ་རིགས་རྒྱུད་འཕེལ་བའི་དབང་ཚད་དེ་ཐོབ་ཐབས་བྱས།  གླང་རྒོད་མོ་རྣམས་ནས་བེའུ་ཕྲུག་དེ་མངལ་དུ་ཟླ་བ་དགུ་དང་ཕྱེད་ཀ་ཙམ་ཞིག་ཉར་རྗེས་གཞི་ནས་སྐྱེས།  སྐྱེས་མ་ཐག་པའི་བེའུ་ཕྲུག་གིས་ཐོག་མའི་ཉིན་མོ་གསུམ་དེ་ཨ་མ་དང་ཁྱོན་ནས་ཁ་མི་བྲལ་བར་མཉམ་དུ་བསྡད།  དེ་ནས་མུ་མཐུད་ཟླ་བ་བརྒྱད་ཙམ་རིང་གླང་རྒོད་ཨ་མའི་ལྟ་སྐྱོང་འོག་འཚོ།  བེའུ་ཕྲུག་དེ་འཚར་ལོངས་བྱུང་ནས་ལོ་གཅིག་འཁོར་བའི་མཚམས་དེར་རིམ་བཞིན་རང་རྐྱ་འཕེར་ཏེ་གླང་རྒོད་ཀྱི་ཁྱུ་ཚོགས་གཞན་དང་མཉམ་དུ་འགྲོགས། ཨ་རིའི་གླང་རྒོད་ལ་ཁྱུ་ཚོགས་མི་འདྲ་བ་གསུམ་ཙམ་ཞིག་མཐོང་རྒྱུ་ཡོད་པ་སྟེ།  གླང་རྒོད་མོ་དང་བེའུ་ཕྲུག་རྣམས་མཉམ་དུ་འདུས་པའི་ཁྱུ་ཚོགས་ཀྱི་རིགས་དང་།  གླང་རྒོད་ཕོའི་རིགས་མཉམ་དུ་འདུས་པའི་ཁྱུ་ཚོགས།  དེ་ནས་གླང་རྒོད་ཕོ་འགའ་ཤས་ཤིག་ཁེར་རྐྱང་དུ་འཚོ་བའི་རིགས་བཅས་ཡོད།  རྒྱུན་ལྡན་ཨ་རིའི་གླང་རྒོད་ཀྱི་ཚེ་ཚད་དེ་ལོ་ ༡༥ ནས་ ༢༠ ཙམ་ཞིག་ཡོད་ཀྱང་།  སྐབས་རེ་ལོ་ ༣༠ ལྷག་ཙམ་གསོན་པའང་མཐོང་རྒྱུ་ཡོད་པ་རེད།

ཉེན་ཚབས་ཀྱི་གནས་སྟངས།

ཞིབ་འཇུག་ཡིག་ཆའི་ནང་དུ་འཁོད་པར་གཞིགས་ན།  དུས་རབས་བཅུ་དགུ་པ་དེའི་ནང་དུ་བྱང་ཨ་མེ་རི་ཀའི་ས་སྟེང་ལ་འཚོ་གནས་བྱས་དང་བྱེད་བཞིན་ཡོད་པའི་ཨ་རིའི་གླང་རྒོད་དེ་རྣམས་ཀྱི་རིགས་རྒྱུད་རྩ་སྟོངས་སུ་འགྲོ་ལ་ཉེ་བའི་ཐབས་སྡུག་གི་གནས་སྟངས་ཤིག་འཕྲད་མྱོང་འདུག   ཡ་ང་བའི་ལོ་རྒྱུས་དེ་ལྟ་བུ་ཞིག་མ་འོངས་པར་སའི་གོ་ལ་དེའི་ཐོག་གི་སྲོག་ཆགས་ཀྱི་རིགས་ཆེ་ཆུང་གང་འདྲ་ཞིག་ལ་བསྐྱར་དུ་མི་འཕྲད་པ་དང་།  སྲོག་ཆགས་དེའི་བདེ་སྡུག་དང་འབྲེལ་བའི་ས་གནས་ཀྱི་ཁོར་ཡུག་དང་རིག་གཞུང་གི་གནས་བབ་ལའང་དོ་ཕོག་དང་ཤུགས་རྐྱེན་མི་ཡོང་བའི་འགན་འཁྲི་ཞིག་ང་ཚོ་ཚང་མར་ཡོད་སྙམ།

དེ་ཡང་འདས་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན།  ཨ་རིའི་གླང་རྒོད་ཀྱི་ཕ་མེས་ཚོས་ལོ་ངོ་གསུམ་ཁྲི་ལྔ་སྟོང་གི་སྔོན་དུ་གླིང་ཆེན་ཨེ་ཤེ་ཡ་ནས་བྱང་ཨ་མེ་རི་ཀའི་གླིང་ཆེན་གྱི་ཐོག་ཏུ་གནས་སྤོ་བྱས་ཡོད། སྐབས་དེར་སའི་གོ་ལའི་གནམ་གཤིས་ཆེས་གྲང་ངར་ཆེ་བས་ཨཱ་ལ་སེ་ཁཱ་(Alaska)ཞེས་དེང་སང་ཨ་རིའི་མངའ་ཁོངས་སུ་ཡོད་པའི་ས་ཆ་དེའི་གཡས་གཡོན་གྱི་རྒྱ་མཚོ་ལ་གངས་འཁྱགས་མཐུག་པོ་ཆགས་པའི་རྐྱེན་གྱིས་གླིང་ཆེན་དེ་གཉིས་ཕན་ཚུན་མཐུད་ནས་སྦྲེལ།  ཨ་རིའི་གླང་རྒོད་ནི་ས་ཁུལ་དེ་དག་བརྒྱུད་ནས་བྱང་ཨ་མེ་རི་ཀའི་གླིང་ཆེན་གྱི་སྒང་ལ་ཡོང་མཁན་གྱི་ཐོག་མའི་སྲོག་ཆགས་ཀྱི་གྲས་ཤིག་ཆགས།  མི་རྣམས་ནི་དེའི་རྗེས་ཀྱི་བསྐལ་པ་མང་པོ་ཞིག་ཕྱིན་པའི་རྗེས་ལ་གཞི་ནས་བྱང་ཨ་མེ་རི་ཀའི་གླིང་ཆེན་དེའི་སྟེང་དུ་འབྱོར་ཡོད་པ་རེད།

དེང་སྐབས་ཀྱི་ཨ་མེ་རི་ཀའི་གནའ་སྡོད་ཡུལ་མི་(Native American) ཚོའི་མེས་པོས་ཀྱང་འགྲོ་ལམ་དེ་བརྒྱུད་ནས་ཨ་རིའི་ས་ཆ་དེའི་སྒང་ལ་ཡོང་བ་ཞིག་ཡིན་པའི་ཤོད་སྲོལ་འདུག  ཁོང་ཚོ་དང་ཐོག་གླིང་ཆེན་གང་ཞིག་ནས་ཡོང་བ་ཡིན་མིན་ལ་མ་བལྟོས་པར། མི་རིགས་དེ་དག་ནི་བྱང་ཨ་མེ་རི་ཀའི་གླིང་ཆེན་དེའི་སྟེང་ལ་འཚོ་གནས་བྱས་ནས་ལོ་ངོ་སྟོང་ཕྲག་འགའ་ཞིག་ཕྱིན་ཟིན་པ་གསལ་པོ་རེད།  ཁོང་ཚོས་དུས་ཡུན་དེའི་རིང་དུ་ཨ་རིའི་གླང་རྒོད་དང་ཕན་ཚུན་མཉམ་འཚོ་མཉམ་གནས་བྱས་ཏེ་རང་ཉིད་ཀྱི་སྤྱི་ཚོགས་རིག་གཞུང་ཞིག་དང་།  ཡུལ་གོམས་གཤིས་ལུགས་ཤིག་དར་སྤེལ་བྱས་ཡོད།  ཨ་མེ་རི་ཀའི་གནའ་སྡོད་ཡུལ་མི་དེ་རྣམས་ཀྱང་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་བོད་པ་ཚོ་ལྟར།  ཡངས་ཤིང་རྒྱ་ཆེ་བའི་ཡུལ་གྲུ་དེའི་ནང་གི་ཡུལ་ལུང་སོ་སོའི་རང་བྱུང་ཁོར་ཡུག་གི་གནས་བབ་དེ་དང་འཚམས་པའི་འཚོ་བ་ཞིག་སྐྱེལ་བ་སྟེ། འགའ་ཞིག་གིས་འབྲོག་པའི་འཚོ་བ་སྐྱེལ་བ་དང་།  འགའ་ཞིག་གིས་ཞིང་པའི་འཚོ་བ་སྐྱེལ། འགའ་ཞིག་གིས་ས་མ་འབྲོག་གི་འཚོ་བ་སྐྱེལ། དེ་ནས་འགའ་ཞིག་གིས་ཉ་པའི་འཚོ་བ་སྐྱེལ་མཁན་ལ་སོགས་ཡུལ་མིའི་སྡེ་ཁག་འདྲ་མིན་ཞིག་མཐོང་རྒྱུ་ཡོད།

སྐབས་བབ་གླེང་བཞིན་ཡོད་པའི་ཨ་རིའི་གླང་རྒོད་དེ་དང་ཨ་རིའི་གནའ་སྡོད་ཡུལ་མིའི་ཁྲོད་ཀྱི་འབྲོག་པའི་དབར་འབྲེལ་བ་དམ་ཟབ་ལྡན་ཡོད།  དེ་ཡང་ “རྩྭ་ཁ་ཆེན་པོ་(Great Plains)”ཞེས་འབོད་པའི་གླིང་ཆེན་ཨ་མེ་རི་ཀའི་དབུས་ཀྱི་ལྷོ་ནས་བྱང་གི་བར་དུ་ཨ་རིའི་གླང་རྒོད་དང་འབྲོག་པ་རྣམས་འཚོ་གནས་བྱེད་ཡུལ་ཞིག་རེད། བོད་དང་ཨ་རིའི་འབྲོག་པ་ཚོའི་དབར་མཐུན་པའི་ཆ་དང་མི་མཐུན་པའི་ཆ་མཐོང་རྒྱུ་ཡོད་པ་སྟེ།  ཁོང་ཚོ་གཉིས་ཀས་ས་གནས་གཅིག་ལ་གཏན་འཇགས་བྱས་ཏེ་མི་བསྡད་པར་ཡང་ནས་ཡང་དུ་གནས་སྤོ་བྱེད་སྲོལ་ཡོད་པ་དེ་མཐུན་པའི་ཆ་ཡིན་པ་དང་།  མི་མཐུན་པའི་ཆ་དེ་ནི་བོད་པའི་འབྲོག་པ་ཚོས་རྒྱུན་དུ་གཡག་དང་ར་ལུག་རྣམས་རང་ཉིད་ཀྱི་སྒོ་ཕྱུགས་སུ་ཉར་ཏེ་སྟངས་འཛིན་དང་དོ་དམ་བྱས་ནས་གནས་སྤོ་བྱེད།  ཡིན་ན་ཡང་། ཨ་རིའི་གླང་རྒོད་དེ་ཚོ་འབྲོག་པའི་སྒོ་ཕྱུགས་ཤིག་ཏུ་མི་འགྱུར་བར་བདག་མེད་རང་དབང་ངང་འཚོ་བཞིན་ཡོད་པས། ཨ་རིའི་འབྲོག་པ་རྣམས་ཀྱིས་གླང་རྒོད་ཀྱི་ཁྱུ་ཚོགས་དེ་ཚོའི་འགུལ་སྐྱོད་ལ་རྗེས་འབྲངས་ཏེ་གནས་སྤོ་བྱེད་སྲོལ་ཡོད་པ་རེད།

དུས་རབས་བཅོ་བརྒྱད་པའམ་སྤྱི་ལོ་༡༧༠༠ ལོའི་སྐབས་སུ།  བྱང་ཨ་མེ་རི་ཀའི་གླིང་ཆེན་དེའི་སྟེང་དུ་ཨ་རིའི་གླང་རྒོད་ཁྱོན་གྲངས་ས་ཡ་ ༦༠ ལྷག་ཙམ་ཞིག་འཚོ་གནས་བྱེད་མྱོང་ཡོད་པ་རྒྱུ་ཆ་ཁག་ཏུ་གསལ།  ཨ་རིའི་གནའ་སྡོད་ཡུལ་མི་ཚོས་རང་ཉིད་ཀྱི་དགོས་མཁོ་ལ་དམིགས་ཏེ་གླང་རྒོད་བསད་པ་མ་གཏོགས། གང་བྱུང་གིས་རི་དྭགས་རྒྱག་སྲོལ་མེད་ལ། རི་དྭགས་མ་རྒྱག་པའི་སྔོན་དུ་ས་ཆ་དེའི་ཡུལ་ལྷ་གཞི་བདག་རྣམས་ལ་བཀའ་ཁྲོལ་ཞུ་བའི་ཆོ་ག་བྱེད། དེ་ནས་ཁོང་ཚོས་བསད་པའི་གླང་རྒོད་དེའི་བཀའ་དྲིན་དྲན་པའི་ཐོག་ཏུ་གླང་རྒོད་ཀྱི་ལུས་པོའི་ཤ་རུས་དང་ནང་ཁྲོལ། སྤུ་རྩིད་པགས་པ་རྣམས་བེད་སྤྱོད་ལེགས་པར་བཏང་སྟེ་འཕྲོ་བརླག་མི་འགྲོ་བ་བྱེད་པའི་སྲོལ་ཞིག་ཀྱང་ཡོད། འོན་ཀྱང་། ཡུ་རོབ་ཀྱི་མི་རིགས་དཀར་པོ་གཙོ་བོར་གྱུར་བའི་ཕྱི་མི་གཞིས་ཆགས་པ་རྣམས་རིམ་བཞིན་བྱང་ཨ་མེ་རི་ཀའི་གླིང་ཆེན་གྱི་སྒང་ལ་གསར་དུ་འབྱོར་བ་ནས་བཟུང་།  ས་ཁུལ་དེར་གནའ་བོའི་དུས་ནས་འཚོ་བ་བསྐྱལ་དང་སྐྱེལ་བཞིན་ཡོད་པའི་ཨ་རིའི་གནའ་སྡོད་ཡུལ་མི་ཚོ་དང་།  ཨ་རིའི་གླང་རྒོད་རིགས་ཀྱི་འཚོ་བའི་ཁོར་ཡུག་དང་། རིགས་རྒྱུད་འཕེལ་རྒྱས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད།  ཕྱི་མི་གཞིས་ཆགས་པ་དེ་ཚོ་ཐོག་མར་ཨ་རིའི་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་འབྱོར།  དེ་ནས་བསྐྱར་དུ་ཨ་རིའི་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་ལ་སྤོས་ཏེ་རྒྱ་བསྐྱེད་བྱས།  གསར་དུ་འབྱོར་བའི་གཞིས་ཆགས་པ་དེ་ཚོས་དེང་རབས་ཅན་གྱི་གོ་མཚོན་དང་།  འཕྲུལ་ཆས་ལ་སོགས་པར་བརྟེན་ནས་ས་ཁུལ་དེའི་ནང་དུ་འཕྲོག་བཅོམ་རང་བཞིན་གྱི་བྱ་སྤྱོད་སྤེལ་ཡོད།  དཔེར་ན།  གཞིས་ཆགས་པ་གསར་པ་དེ་ཚོས་ཐོག་མར་གླང་རྒོད་རྣམས་ཉིན་རེའི་བཟའ་ཆས་ཀྱི་ཆེད་དུ་བསད་པའམ།  རང་ཉིད་ཀྱིས་བཙན་བཟུང་བྱས་པའི་ས་ཆ་དེའི་ནང་དུ་གླང་རྒོད་ཀྱི་ཁྱུ་ཚོགས་རྣམས་མི་ཡོང་བའི་ཆེད་དུ་རི་དྭགས་བརྒྱབ། དེ་ནས་ས་ཁུལ་དེར་རི་ལིའི་ལྕགས་ལམ་བཟོས་རྗེས་འགྲིམ་འགྲུལ་ཐད་ལ་སྟབས་བདེ་སྐྲུན་ཡོད་ཙང་།  གླང་རྒོད་རྣམས་ལ་རི་དྭགས་རྒྱག་རྒྱུ་དེ་སྤྲོ་སྣང་ཅན་གྱི་རྒྱན་རྩེད་ཀྱི་རྣམ་པ་ཞིག་ཆགས།  མི་དེ་ཚོས་རི་ལིའི་སྒེའུ་ཁུང་གི་ནང་ནས་ལྕགས་ལམ་གྱི་གཡས་གཡོན་དུ་ཁྱུ་ཚོགས་བསྒྲིགས་ཏེ་འགྲོ་བའི་གླང་རྒོད་རྣམས་ལ་གང་བྱུང་གིས་མེ་མདའ་བརྒྱབ་སྟེ་ཚད་མེད་བསད་པ་མ་ཟད།  གླང་རྒོད་ཀྱི་ཤ་ལྤགས་ལ་སོགས་ཨ་རིའི་གྲོང་ཁྱེར་ཆེ་ཁག་དང་།  ཡུ་རོབ་ཀྱི་ཡུལ་གྲུ་རྣམས་ལ་ཕྱིར་ཚོང་འཕོན་ཆེ་བྱས་པར་བརྟེན།  གླང་རྒོད་ཀྱི་རུས་པ་དཀར་པོ་དེ་ཚོ་རི་བོ་ལྟར་ཕུང་གསོག་བྱས་པའི་དཔར་རིས་དེང་སང་མཐོང་རྒྱུ་ཡོད་པ་རེད།

མི་རྣམས་ནས་ཨ་རིའི་གླང་རྒོད་ཀྱི་ཐོག་ཏུ་ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་དེ་འདྲ་ཞིག་སྤེལ་བའི་དབང་གིས་སྤྱི་ལོ་ ༡༨༣༢  ལོའི་མཚམས་དེར། ཨ་རིའི་ས་ཆ་དེ་ཤར་ནུབ་ཕྱོགས་གཉིས་སུ་དབྱེ་མཚམས་ཕྱེ་ནས་རྒྱུག་འགྲོ་བའི་གཙང་པོ་ “མི་སི་སི་ཕི། Mississippi” ཞེས་འབོད་བཞིན་ཡོད་པ་དེའི་ཤར་ངོས་ཀྱི་མངའ་ཁོངས་དེ་ཚོའི་ནང་དུ་གླང་རྒོད་གྲངས་གཅིག་རྐྱང་མཐོང་རྒྱུ་མེད་པར་གྱུར་ཟིན་ཡོད་པ་མ་ཟད།  སྤྱི་ལོ་ ༡༩༠༠ ལོའི་བར་བྱང་ཨ་མེ་རི་ཀ་ཁྱོན་ཡོངས་ལ་བདག་མེད་དུ་འཚོ་བའི་ཨ་རིའི་གླང་རྒོད་ཁྱོན་གྲངས་ ༢༥༠ ཙམ་མ་གཏོགས་ལྷག་མེད་པས། སྲོག་ཆགས་དེའི་རིགས་རྒྱུད་རྩ་སྟོངས་སུ་འགྲོ་ཉེའི་གནས་སུ་གྱར།

སྟབས་ལེགས་པ་ཞིག་ལ།  དུས་རབས་ཉི་ཤུ་པའི་མགོ་སྟོད་ལ་ཨ་རིའི་སྲོག་ཆགས་རིག་པ་བ་སྐུ་ཞབས་ “ཝའེ་ལིམ་་ཁྲེམ་ཕེལ་་ཧོར་ནཱ་ཌི། William Temple Hornaday” ཟེར་བ་དེས་བདག་མེད་བྱེས་འཚོ་ལ་གནས་པའི་ཨ་རིའི་གླང་རྒོད་ཁ་ཤས་ཤིག་གསོན་པོར་བཟུང་ནས་ཨ་མེ་རི་ཀའི་སྤྱན་གཟིགས་ཁང་ཁག་ཅིག་གི་ནང་དུ་གསོ་ཉར་བྱེད་འགོ་ཚུགས།  སྤྱི་ལོ་ ༡༩༠༧ ལོར་ཨ་རིའི་སྲིད་འཛིན་ ༢༦ པ་ “རའོ་སེ་ཝེལ་ཌི་ Theodore Roosevelt” མཆོག་གི་རྒྱབ་སྐྱོར་གནང་བར་བརྟེན།  སྐུ་ཞབས་ཝའེ་ལིམ་་ཁྲེམ་ཕེལ་་ཧོར་ནཱ་ཌི་དང་ཕྱག་རོགས་མི་སྣ་འགའ་ཞིག་གིས་ “ཨ་རིའི་གླང་རྒོད་མཐུན་ཚོགས། The American Bison Society” ཞེས་པའི་སྲུང་སྐྱོབ་ཚོགས་པ་དེ་གསར་བཙུགས་བྱས་ཡོད།  དུས་དེ་ནས་བཟུང་ཨ་རིའི་གླང་རྒོད་རྣམས་མི་སྒེར་གྱིས་གཉེར་བའི་འབྲོག་རྭ་དང་།ཞིང་རྭ།  དེ་བཞིན་ཨ་མེ་རི་ཀའི་གཞུང་གི་དོ་དམ་བྱེད་བཞིན་པའི་རྒྱལ་ཁབ་རིམ་པའི་གླིང་ག་འགའ་ཞིག་གི་ནང་དུ་སྲུང་སྐྱོབ་ཀྱིས་གསོ་ཉར་བྱས་དང་བྱེད་བཞིན་ཡོད།  ད་ལྟའི་ཆར་བྱང་ཨ་མེ་རི་ཀའི་གླིང་ཆེན་ནང་གི་ཡུལ་གྲུ་ཨ་རི་དང་ཁེ་ཎ་ཌ་གཉིས་ཀྱི་ས་ཁོངས་སུ་ཨ་རིའི་གླང་རྒོད་ཁྱོན་གྲངས་ཁྲི་ ༡༠ ཙམ་ཞིག་འཚོ་གནས་བྱེད་བཞིན་ཡོད་པ་རེད།

ལོ་ཆུང་བྱིས་པ་ཚོར་གོང་གི་སྲོག་ཆགས་དེའི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་འདོད་ཡོད་ཚེ།  ཁྲ་ལི་བོད་ཀྱི་སྒྱུ་རྩལ་དང་རྩོམ་རིག་གོང་འཕེལ་ཚོགས་པའི་དྲ་ཚིགས་འདིའི་ཐོག་ཏུ་གཟིགས་རོགས་གནང་།

https://tinyurl.com/etryz2wk 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།