ཨ་འདུས་སྐལ་བཟང་གིས།
ཀ་ཅོག་ཞང་གསུམ་ཀརྨ་རིམ་བྱོན་དང་། །
ཁའུ་པ་དང་ཁ་རག་སྒོམ་ཆེན་ལྟར། །
གོ་ཤག་སྟག་གསུམ་གླིང་ཐང་གསེར་གླིང་པ། །
ངོར་ཆེན་རྔོག་ལོ་ལྟ་བུའི་མཁས་རྣམ་བསྟོད། །
ཅོག་རོ་ཀླུ་རྒྱལ་ལྕེ་བཙུན་ལྕང་སྐྱ་དང་། །
ཆོས་ཀྱི་གྲགས་པ་ཆོས་རྒྱལ་འཕགས་པ་སོགས། །
འཇམ་དབྱངས་དངོས་བྱོན་ལྟ་བུའི་མཁས་གྲུབ་ནི། །
ཉང་རལ་ཉ་དབོན་གཉགས་སྟོན་ཙམ་ལས་མེད། །
ཏ་ར་ན་ཐ་ཏ་ལའི་བླ་མ་སོགས། །
ཐོགས་མེད་སྐུ་མཆེད་ཇི་བཞིན་དྲིན་ཆེ་ཞིང་། །
དྭགས་པོ་ལྷ་རྗེ་དོལ་བུ་པ་ལ་སོགས། །
ན་རོས་ཏེ་ལོ་བསྟེན་བཞིན་གུས་པས་བཀུར། །
པོ་ཏོ་བ་དང་པ་ཚབ་བུ་བཞི་དང་། །
ཕྱོགས་གླིང་ཡབ་སྲས་ཕྱ་གཙང་བདེན་གསུམ་སོགས། །
བ་རི་བོ་དོང་བུ་སྟོན་བོད་མཁས་པས། །
སྨྲི་ཏི་རྨ་ལོ་ལྟ་བུའི་འགྲོ་དོན་མཛད། །
ཙནྡྲ་གོ་མི་ཙོང་ཁ་པ་ལ་སོགས། །
ཚར་ཆེན་བླ་མ་ཚ་ཁོ་ངག་དབང་གྲགས། །
ཛ་ཡ་ཨ་ནན་རྫོགས་ཆེན་རྫོང་པ་སོགས། །
ཝ་ཏི་འཕགས་པར་འགྲན་པའི་དམ་པ་མང་། །
ཞ་ལུ་ལོ་ཆེན་ཤོང་དཔང་ཡབ་སྲས་སོགས། །
ཟངས་མདོག་དཔལ་རིར་བྱོན་པའི་གཏམ་མེད་ཀྱང་། །
འུ་ཡུག་པ་སོགས་འོ་ཅག་མེས་པོ་ཀུན། །
གཡག་ཕྲུག་པ་བཞིན་མཛད་རྗེས་གཞན་ལས་ཆེ། །
རྭ་ལོ་ཆག་ལོ་སྐྱོགས་ལོ་ནག་འཚོ་སོགས། །
ལོ་ཆེན་བེ་རོ་ལྟ་བུ་མང་བྱོན་པས། །
ཤངས་པའི་གཞུང་ཚོགས་ལྟ་བུའི་གདམས་ཟབ་ནོར། །
ས་པཎ་ཡབ་སྲས་ཇི་བཞིན་མ་བསྐྲུན་ནམ། །
ཧ་ཤང་ཕམ་མཛད་ཀ་མ་ཤི་ལ་དང་། །
ཨ་ནུའི་མཚན་ཅན་ཨ་མེས་ཞབས་ལ་སོགས། །
གངས་རིར་འོད་སྣང་བཀྱེ་བའི་བཤེས་གཉེན་ཚོགས། །
ནམ་ཡང་མ་བརྗེད་སྙིང་གི་དཀྱིལ་དུ་ཟུངས། །