མདུན་ངོས། མྱོང་བྱང་། ལོ་རྒྱུས་ཐོག་...

ལོ་རྒྱུས་ཐོག་གི་ཀིརྟིའི་དབོན་པོ་མཐའ་མ་དབོན་ཆུང་འཇིགས་མེད་ཆོས་འཕེལ་སྐུ་གཤེགས་པར་མྱ་ངན་ཞུ།

༡༣༥༢༩༠༣

རེ་མདོ་སེངྒེ་།

༄༅།། ཁ་སང་སྟེ་ས་ག་ཟླ་བའི་ཚེས་བཅུ་བཞིའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དང་པོ་ཡས་མས་ལ་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་རྒྱ་གར་སྨན་ཁང་ཞིག་ཏུ་ཀིརྟིའི་དབོན་ཆུང་འཇིགས་མེད་ཆོས་འཕེལ་མཆོག་སྐུ་གཤེགས། ཁོང་ནི་དགུང་ལོ་ཧྲིལ་པོ་དགུ་བཅུ་ཟིན་པའི་བགྲེས་སོང་མི་ཚེ་བཟང་མཐའ་ལ་འཁྱོལ་བ་ཞིག་ཡིན་པས་སེམས་ངལ་བྱ་མ་དགོས་པ་ལྟ་བུ་ཞིག་འདུག་ཀྱང་། ཁོང་གི་གནས་སྟངས་མང་པོ་ཞིག་རང་བཞིན་གྱིས་དྲན་ལམ་དུ་འཆར་ཡོང་བས། དགེ་འདུན་ཆོས་འཕེལ་གྱིས། ཤི་རྗེས་འགྱོད་པ་བླུན་པོའི་ངང་ཚུལ། །ལུས་སེམས་རྒུད་པའི་རྒྱུ་ལས་མེད་ཀྱང་། །ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས། །གོམས་པའི་ཤུགས་འདི་ཟློག་ཐབས་མི་འདུག །ཅེས་གསུངས་པ་ལྟར་གྱུར་འདུག
ཀིརྟིའི་དབོན་ཆུང་འཇིགས་མེད་ཆོས་འཕེལ་ལགས་ནི། ༸སྐྱབས་མགོན་ཀིརྟི་སྐུ་གོང་མ་ངག་གི་དབང་པོ་ཚང་ལ་སྐུ་མཆེད་མང་པོ་ཡོད་པའི་ནང་གི་ཐ་ཆུང་གི་གྲས་ཤིག་ཡིན་ལ། སྐུ་གོང་མས་བརྩེ་གཟིགས་ཚད་མེད་གནང་གི་ཡོད་པར་མ་ཟད། གདན་ས་སྟག་ཚང་ལྷ་མོའི་ཚོགས་ལ་ཞུགས་དགོས་པའི་ལམ་སྟོན་ཕེབས་པ་ལྟར་དགུང་ལོ་བདུན་བརྒྱད་ཡས་མས་སུ་སྟག་ཚང་ལྷ་མོར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་དགོན་པར་རྒྱུན་བཞུགས་མཛད། ཁོང་སྐུ་ན་གཞོན་དུས་ནས་ཀིརྟིའི་དབོན་པོ་གནམ་གྱི་ཀ་ཤིང་ཞེས་སུ་གྲགས་པ་ཤིན་ཏུ་མཚན་སྙན་ཅན་གྱི་ཀིརྟིའི་དབོན་པོ་ཆོས་འཕེལ་ཚང་གི་སྐུ་སྐྱེར་ངོས་འཛིན་གནང་འདུག་ཅིང་། ཀིརྟིའི་དབོན་པོ་ཆོས་འཕེལ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྣམ་སྤྲུལ་ཡིན་པ་ཤིང་བཟའ་རྡོ་རྗེ་འཆང་གིས་༸སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་ལ་ཞུས་པའི་ངག་རྒྱུན་ལོ་རྒྱུས་ཡོད།


ཕྱི་ལོ་ ༡༩༤༥ ༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དགུང་ལོ་བཞིའི་ཐོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྲུབ་རྗེས་དབོན་ཆུང་འཇིགས་མེད་ཆོས་འཕེལ་གཟའ་རུའི་སྟག་མོ་སྒང་གི་སྒར་ཐོག་ཏུ་ལྷན་བཅར་ཞུས་པ་ནས་བཟུང་དགུང་ལོ་དགུ་བཅུ་ཟིན་པའི་བར་ཏེ། མི་ཚེ་ཧྲིལ་པོར་དད་པ་དང་དམ་ཚིག་གཡོ་བ་མེད་པར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཞབས་རྗེས་སུ་འབྲངས་ཏེ་བཀའ་གསུང་ཅི་སྒྲུབ་ཞུས་པའི་ལོ་རྒྱུས་གཙང་སང་ངེ་བ་འདི་ནི། ཁོང་གི་མི་ཚེའི་རིན་ཐང་དང་འབྲེལ་ཡོད་གཞིས་བྱེས་ཀུན་གྱིས་ཁོང་ལ་གཞན་དང་མ་འདྲ་བའི་བརྩི་འཇོག་ཆེ་མཐོང་ཞུ་བའི་གཞི་རྟེན་གཙོ་བོར་གྱུར་ཡོད།

༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གདན་ས་སྟག་ཚང་ལྷ་མོར་ཁྲི་འདོན་མཛད་པའི་རྗེས་དབོན་ཆུང་འཇིགས་མེད་ཆོས་འཕེལ་ཡང་ཁོང་རིན་པོ་ཆེ་དང་ལྷན་རྒྱས་སུ་ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་གི་སྐུ་མདུན་ནས་འཆད་ཉན་སློབ་གཉེར་གནང་ཡོད་པར་མ་ཟད། ཐུན་མོང་བའི་རིག་གནས་དང་ཡིག་གཟུགས་བཅས་ལ་ཡང་ལོ་མང་རིང་སྦྱངས་པ་མཛད་པའི་སྐལ་བཟང་ཐོབ་ཡོད་པར་བརྟེན། དེ་སྔའི་དབོན་པོ་རིམ་བྱོན་གྱི་ནང་ནས་དབོན་ཆུང་འཇིགས་མེད་ཆོས་འཕེལ་ནི་ཤེས་ཡོན་གནས་ཚད་ལེགས་ཤོས་ཀྱི་གྲས་སུ་གྱུར་ཡོད།
ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་གིས་ཟིན་བྲིས་མཛད་པའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་གསན་ཡིག་དང་། ཡོངས་འཛིན་ཚང་གི་གསུང་རྩོམ་དང་ཆབ་ཤོག་གསུང་འཕྲིན་གལ་ཆེའི་རིགས་མང་པོ་ཞིག་གི་ཟིན་བྲིས་དབོན་ཆུང་འཇིགས་མེད་ཆོས་འཕེལ་ལ་གཙང་བཤུས་ཞུ་འཇུག་གི་ཡོད་སྟབས། དབོན་ཆུང་འཇིགས་མེད་ཆོས་འཕེལ་གྱི་ཡིག་གཟུགས་མཛེས་པ་ཙམ་དུ་མ་ཟད་ཤིན་ཏུ་བྱང་ཆ་ལྡན་པ་ཞིག་ཏུ་གྱུར་ཡོད་འདུག

ཁོང་གི་རང་བཞིན་གནས་བབ་ཀྱི་ཆ་ནས་ཀིརྟི་ཚང་གི་ཆོས་སྲིད་དབང་ལུང་གི་ལྟེ་གནས་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་གྱི་ཆབ་སྲིད་དབང་འཛིན་པའི་དབོན་པོར་ཆགས་ཡོད་ཀྱང་། ཁོང་གི་སྐུ་མཆེད་རྒན་པ་ཀིརྟིའི་དབོན་པོ་འཇམ་དབྱངས་བསོད་ནམས་དང་། ཀིརྟིའི་དབོན་པོ་དགེ་ལེགས་རྒྱ་མཚོ་རྣམ་གཉིས་ནས་༸སྐྱབས་མགོན་ཀིརྟི་རིན་པོ་ཆའི་ཞབས་འོག་ཏུ་ཆབ་སྲིད་ཀྱི་ཐུགས་འགན་གཙོ་བོ་བཞེས་ཀྱི་ཡོད་པར་བརྟེན། ཁོང་གིས་དུས་ཚོད་མང་ཆེ་བ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་དྲུང་དུ་ལྷན་བཅར་ཞུས་ཏེ་སྐབས་བསྟུན་གྱི་ཞབས་ཕྱི་གང་དགོས་ཞུ་ཡི་ཡོད་པར་མ་ཟད། ༸རྗེ་འཇིགས་མེད་རྡོ་རྗེ་ཡབ་སྲས་དང་། ཡོངས་འཛིན་སྐུ་བགྲེས་པ་མགོན་པོ་ཀླུ་སྒྲུབ་ཐར་འདོད་འགྱུར་མེད་རྒྱ་མཚོ་བཅས་ཀྱི་སྐུ་དྲུང་ནས་བཀའ་ཆོས་དབང་ལུང་ཤིན་ཏུ་མང་པོ་གསན་བཞེས་མཛད་ཐུབ་པ་བྱུང་ཡོད།


ཁོང་ཉིད་སྐུ་ན་གཞོན་དུས་ནས་ཆེ་ཉམས་དང་དཔོན་ཚུགས་འཛིན་མཁན་ཞིག་མ་ཡིན་པར། ཆེ་ཆུང་མཐོ་དམའ་ཀུན་ལ་ཤིན་ཏུ་འདྲིས་བདེ་ཞིང་། གཞན་པའི་བདེ་སྡུག་ལ་ལྟ་རྟོག་དང་སེམས་ཁུར་ཚད་མེད་གནང་མཁན་ཞིག་དང་། ལྷག་བསམ་ཟོལ་མེད་ཀྱིས་ཕ་རོལ་པོའི་སྡུག་བསྔལ་སེལ་ཐབས་གནང་མཁན་ཞིག་ཡིན། ཐ་ན་ཁྱི་དང་ཞི་མི་བདག་མེད་ཉམ་ཐག་ཏུ་གྱུར་པ་མང་པོ་ཞིག་ཀྱང་ཁོང་གིས་ཉར་ཚགས་གསོ་སྐྱོང་གནང་གི་ཡོད་འདུག དཔེར་ན། ཟླ་བ་སྔ་མའི་ཟླ་མཇུག་ཏུ་ཁོ་བོ་ལས་དོན་གྱི་ཞོར་དུ་དབོན་ཆུང་འཇིགས་མེད་ཆོས་འཕེལ་གྱི་ནང་དུ་ཉིན་ཤས་སྡོད་པའི་སྐབས། ཁོང་གིས་ཁྱི་དང་ཞི་མི་འགའ་ཤས་གསོ་སྐྱོང་གནང་འདུག་ལ། ཁྱི་མོ་ཞིག་འདུག་པ་བར་ལམ་བོར་བརླག་ཤོར་ཏེ་རྩད་མ་ཆོད་པའི་ཉིན་ཤས་རིང་ཁོང་གིས་ཉིན་མཚན་མེད་པར་ཐུགས་ཁྲལ་ཆེན་པོ་གནང་སོང་ཞེས་ནང་མི་དང་འབྲེལ་ཡོད་ཚོས་བཤད།

ཕྱི་ལོ་ ༡༩༥༧ ལོར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་མདོ་སྨད་སྟག་ཚང་ལྷ་མོ་ནས་ཡུལ་དབུས་ལྷ་སར་ཕེབས་པའི་སྐབས་དང་། ཕྱི་ལོ་ ༡༩༥༩ ལོར་ལྷ་ས་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་སྐབས་བཅས་ལ་དབོན་ཆུང་འཇིགས་མེད་ཆོས་འཕེལ་སྐུ་རྗེས་སུ་ལྷན་བཅར་ཞུས་ཡོད་པར་མ་ཟད། ཐོག་མར་ལྷ་ས་ནས་སྐུ་འཁོར་དང་བཅས་བྲོས་བྱོལ་དུ་ཕེབས་རྒྱུའི་ཐག་གཅོད་གནང་བའི་སྐབས་དང་། ཕེབས་ལམ་དུ་གནས་ཚུལ་ཆེ་ཆུང་བཟང་ངན་ཅི་ཞིག་བྱུང་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཁོང་རིན་པོ་ཆེའི་དགོངས་པ་དང་མཐུན་པའི་ཕྱོགས་སུ་ཐག་གཅོད་ཡོང་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་མཁན་ཡོངས་གྲགས་ཅན་ཞིག་ཡིན།

རྒྱ་གར་དུ་འབྱོར་བའི་རྗེས་སུ་ཡང་ཐོག་མཐའ་བར་གསུམ་དུ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་གི་གཞུང་ཕྱོགས་ལ་ལངས་ཕྱོགས་བརྟན་པོ་མཛད་དེ། རྡོ་རྗེ་གླིང་གི་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་མིའི་འགན་ཁུར་ལོ་མང་བཞེས་པས་མཚོན་རང་ནུས་ཅི་ལྕོགས་ཀྱིས་གཞུང་གི་ལས་དོན་ལྷག་བསམ་རྣམ་དག་གིས་ཕྱ་གྲུ་མཉམ་འདེགས་ཞུས་ཡོད། ཕྱི་ལོ་ ༢༠༠༢ ལོར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་སྔ་མོའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་པ་དེ། དེང་རབས་མང་གཙོའི་རང་བཞིན་ལྡན་པའི་ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོར་བཅོས་བསྒྱུར་མཛད་རྒྱུའི་གྲ་སྒྲིག་གནང་བའི་སྐབས་སུ་ཡང་། ཀིརྟིའི་དབོན་རབས་ཐ་མར་གྱུར་པའི་དབོན་ཆུང་འཇིགས་མེད་ཆོས་འཕེལ་གྱིས་ཁོང་རིན་པོ་ཆེའི་དགོངས་བཞེད་ལམ་ལྷོང་ཡོང་བར་མཐུན་འགྱུར་དང་རྒྱབ་སྐྱོར་གང་དགོས་ལྷག་བསམ་ཟོལ་མེད་ཀྱིས་ཞུས་ཡོད།

ཁོང་གིས་ནམ་ཡིན་ཡང་གླེང་མོལ་གྱི་ཞོར་འཕྲོས་སུ། “༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་རྒྱ་གར་ལ་བྲོས་ཐར་པ་རེད། གལ་སྲིད་ང་ཚོ་དེ་དུས་རྒྱ་གར་དུ་བྲོས་ཐར་མེད་ན། གནས་ཚུལ་ག་རེ་འབྱུང་རྒྱུ་ཡིན་མིན་ལ་བསམ་བློ་བཏང་ན་རང་བཞིན་གྱིས་དངངས་སྐྲག་སྐྱེ་ཡོང་བ་ཞིག་འདུག ང་ཚོ་ཐོག་མར་རྒྱ་གར་དུ་འབྱོར་བའི་སྐབས་དཔལ་འབྱོར་དང་ཆ་རྐྱེན་གང་ཅིའི་ཐད་ནས་དཀའ་ངལ་ཆེན་པོ་བྱུང་ཡང་། ངའི་མི་ཚེ་མཐའ་མ་ལ་ཡིད་བློ་ཚིམ་པའི་བདེ་སྐྱིད་ཅིག་བྱུང་བ་འདི་༸སྐྱབས་མགོན་རྡོ་རྗེ་འཆང་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ཡིན། ལས་རྒྱུ་འབྲས་བརྩི་སྲུང་བྱས། དད་པ་དམ་ཚིག་ལྷད་མེད་པ་ཞིག་ཡིན་ན། དེ་ལ་མཐའ་དཀར་བའི་འབྲས་བུ་བཟང་པོ་ཞིག་ཏན་ཏན་ཡོང་གི་འདུག” ཅེས་རྒྱུན་དུ་གསུང་གི་ཡོད་པ་ནི། རང་ཉིད་ཀྱིས་དངོས་སུ་མྱོང་བའི་དྲང་གཏམ་ཞལ་ཆེམས་ཀྱི་ཚུལ་དུ་བཞག་པ་ཡིན་ངེས་པ་ལགས་ན། རྒན་རབས་ཁོང་གི་མི་ཚེའི་བརྒྱུད་རིམ་ནས་ང་ཚོར་བསླབ་བྱ་ལེན་རྒྱུ་ཤིན་ཏུ་མང་པོ་ཡོད་ངེས།

ང་རང་གི་ལས་ཀའི་ངོ་བོའི་ཐོག་ནས་ཁོང་ལ་ངག་རྒྱུན་ལོ་རྒྱུས་མང་པོ་བཀའ་འདྲི་ཞུས་མྱོང་། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་རྣམ་ཐར་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གི་ཐོག་ཁོང་ལ་གཞན་དང་མ་འདྲ་བའི་མཐོང་ཚུལ་དམིགས་བསལ་བ་ཡོད་པས། དབོན་ཆུང་འཇིགས་མེད་ཆོས་འཕེལ་གྱིས་མཁོ་སྤྲོད་གནང་བའི་ངག་རྒྱུན་གྱི་རྣམ་ཐར་མང་པོ་ཞིག་ཁོ་བོས་རྩོམ་སྒྲིག་ཞུས་པའི་རྣམ་ཐར་གསེར་ཕྲེང་དེབ་ཕྲེང་བཅུ་གཅིག་པའི་ནང་དུ་བཀོད་ཡོད། ཁོང་གི་མཐོང་ཚུལ་མང་ཆེ་བ་དད་པ་གཏིང་ཟབ་ཀྱི་གཞི་རྩ་ལ་བརྟེན་པ་ཤ་སྟག་ཡིན་པས། ཁོང་ནི་དད་པ་དང་ཡིད་ཆེས་ཀྱིས་ཁེངས་པའི་སྐྱེས་བུ་གཞན་དང་མ་འདྲ་བ་ཞིག་ཡིན་པ་ཁོང་གི་ཚིག་འགྲོས་རེ་རེ་ནས་གསལ་པོར་རྟོགས་ཐུབ།


ཁོང་གིས་དྲིས་ལན་གང་ཞིག་གནང་ཡང་གནད་དོན་གསལ་ཐག་ཆོད་པ་ཞིག་ཡོང་ཐབས་གནང་གི་ཡོད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་ཁོ་བོ་རྡོ་རྗེ་གླིང་དུ་ཡོང་བའི་སྐབས་ཤིག་ལ་སྔ་མོ་ཚ་ཁོའི་ཀིརྟིའི་མ་དགོན་དུ་ཡོད་པའི་ཀིརྟིའི་བླ་བྲང་གི་ཁང་བཀོད་དང་། དེའི་བྱུང་རིམ་གྱི་ལོ་རྒྱུས་སྐོར་ཁོང་ལ་སྐད་ཆ་དྲིས་པ་ཡིན། ངེད་གཉིས་ཀྱིས་སྐད་ཆ་མང་པོ་བཤད་བཞིན་པའི་མཚམས་ཤིག་ལ་ཁོ་རང་གློ་བུར་དུ་ཡར་བཞེངས་ཏེ། རྐང་པ་གཡས་པས་ས་ལ་རི་མོ་འཐེན་པའི་ཚུལ་གྱིས་བླ་བྲང་དེའི་ཁང་བཀོད་དང་རྒྱ་ཁྱོན་བཅས་ངོ་སྤྲོད་གནང་བ་ད་དུང་ཡང་གསལ་པོ་དྲན་གསོས་ཀྱི་འདུག
ཟླ་བ་སྔོན་མའི་ནང་ཁོང་དང་མཇལ་བའི་ཞོར་དུ་ངག་རྒྱུན་ལོ་རྒྱུས་མང་པོ་ཞིག་བཀའ་འདྲི་ཞུ་རྒྱུའི་འཆར་གཞི་ཡོད་ཀྱང་། ཁོང་གིས་ཕྲན་ལ་ཐོག་མ་ནས་གསལ་འདེབས་ཀྱི་ཚུལ་དུ། “དེང་སང་སྔར་དང་མི་འདྲ་བར་དྲན་པ་གསལ་པོ་མི་འདུག་ལ། རྣ་བས་ཀྱང་གསལ་པོ་གོ་ཡི་མི་འདུག སྐད་ཆ་བཤད་པ་མང་ཆེ་བ་སྔ་ཕྱི་མགོ་མཇུག་མི་མཚུངས་པར་ཆགས་འགྲོ་ཡི་འདུག” ཅེས་དྲིས་ལན་ཕན་ཐོགས་ཅན་ཞིག་ཡོང་ཐུབ་ཀྱི་མེད་པའི་བརྡ་གནང་གི་འདུག་པར་བརྟེན་ངག་རྒྱུན་ལོ་རྒྱུས་གལ་གནད་ཅན་འགའ་ཤས་ལས་འདྲི་མ་ཐུབ།
མཐའ་དོན། ཁྱེད་ཉིད་ཀྱི་སྨོན་པའི་རེ་བ་ལྟར་སླར་ཡང་བོད་ཆོས་ལྡན་གྱི་ཞིང་དུ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཀྱི་རྟེན་བཟང་ཐོབ་དང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཞལ་སློབ་ཏུ་གྱུར་ཏེ་ཆོས་དང་ཟང་ཟིང་ལ་མཉམ་སྤྱོད་ཡོང་སྨོན་འདུན་སེམས་གཏིང་ནས་ཞུ། ཞེས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༥ ཚེས་ ༢༥ ཕྱི་དྲོ་ཤར་མར་བྲིས།

རྩོམ་སྔ་མ།སྟོན་པའི་འཁྲུངས་ལོ་དང་གཤེགས་ལོ།
རྩོམ་རྗེས་མ།རྒྱུན་མཐོང་གི་སྤོབས་པ། པོ་ཏ་ལ།
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།