མདུན་ངོས། དཔེ་དེབ་ངོ་སྤྲོད། བྱང་ཆུབ་མཆོད་...

བྱང་ཆུབ་མཆོད་པའི་མེ་ཏོག

༡༥༤༩༧༠

དཔེ་སྐྲུན་གསལ་བཤད།

མི་ལོ་ ༢༣ ཙམ་གྱི་གོང་སྟེ། ཕྱི་ལོ ༢༠༠༠ ལོར། སྙིགས་དུས་འགྲོ་བའི་མགོན་པོ་༸རྗེ་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ན། བོད་ཕྱི་ནང་གི་དད་ལྡན་སློབ་འབངས་མང་པོའི་སེམས་ལ་མྱ་ངན་དྲག་པོས་ནོན། དེ་ཡང་མུན་ནག་གི་ལོ་ཟླ་བརྗེད་དུ་མེད་པ་ཞིག་ཡིན། སྐབས་དེར་བོད་ཕྱི་ནང་གཉིས་ཀ་ནས་འབྲེལ་ཡོད་མི་སྣ་མང་པོས་རེ་སྐུལ་ཡང་ཡང་གནང་བ་དང་། ལྷག་པར་དུ་འབྲས་སྤུངས་སྒོ་མང་ཕྱག་མཛོད་ཁང་ནས་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས། ཁྲི་ཀ་དགེ་བཤེས་འཇམ་དཔལ་རྒྱ་མཚོ་དང་། སྤྱི་ཟུར་རྨོག་རུ་བསྟན་པ། གུས་པ་རྔ་བ་ཤེས་རབ་བཅས་ཀྱིས་མགོན་པོ་གང་གི་སྐུ་ཚེའི་མཛད་པ་ལ་རྗེས་དྲན་ཞུ་བའི་རྩོམ་དེབ་ <བྱང་ཆུབ་མཆོད་པའི་མེ་ཏོག་> ཅེས་པ་ཞིག་རྩོམ་སྒྲིག་བྱ་རྒྱུར་འབད་བརྩོན་ཞུས་པ་རེད། ང་ཚོས་སློབ་གཉེར་གྱི་ཞོར་དུ་བོད་གཞིས་བྱེས་གཉིས་ཀ་ལ་རྩོམ་སྐུལ་ཞུས་སྟེ་བླ་སྤྲུལ་སྐྱེས་ཆེན་དམ་པ་མང་པོ་དང་། མཁྱེན་ཡངས་རྩོམ་པ་པོ་མང་པོས་རང་རང་གི་སེམས་ལ་སྦས་པའི་གདུང་བ་དང་། སྨོན་ལམ། གསོལ་འདེབས་སོགས་རྩོམ་ཡིག་སྣ་མང་སྣ་ཚོགས་ཤིག་འབྱོར་བ་རེད།

སྐབས་དེར་དགེ་བཤེས་འཇམ་དཔལ་རྒྱ་མཚོས་རྩོམ་སྒྲིག་འགན་འཛིན་གནང་ཞིང་། སྤྱི་ཟུར་རྨོག་རུ་བསྟན་པ་དང་གུས་པ་རྔ་བ་ཤེས་རབ་གཉིས་ཀྱིས་ལག་བསྟར་རྩོམ་སྒྲིག་པའི་འགན་ཁུར་ཏེ་ <བྱང་ཆུབ་མཆོད་པའི་མེ་ཏོག་> པར་སྐྲུན་ཞུས་ཏེ་འགྲེམས་སྤེལ་བྱས་ཡོད། དེ་ལྟར་ནའང་། ལོ་ངོ་མང་པོ་སོང་བའི་དེ་རིང་། <བྱང་ཆུབ་མཆོད་པའི་མེ་ཏོག་> གི་སྐོར་ལ་བོད་ཕྱི་ནང་གཉིས་ཀར་བསྐྱར་པར་བྱ་རྒྱུར་རེ་འདུན་འདོན་མཁན་མང་པོ་བྱུང་དང་འབྱུང་བཞིན་པར་བརྟེན། བཀུར་འོས་ཤེས་འཇོན་གཉིས་ལྡན་གྱི་དགེ་བཤེས་འཇམ་དཔལ་རྒྱ་མཚོ་མཆོག་གིས་ཐུགས་སྣང་ཆེན་པོས་རྩོམ་ཡིག་གི་པར་རྩ་འཚོལ་དུས། ཐོག་མའི་པར་རྩ་བརླགས་ཚར་ནས་མེད་ལ། རྩོམ་དེབ་ཀྱང་ཤིན་ཏུ་དཀོན་པོར་གྱུར་པ་ཤེས་རྟོགས་བྱུང་། དེར་བརྟེན། ཁོང་གིས་ཧིན་སྒོར་ཁྲི་བཞི་ཙམ་གྱི་འགྲོ་གྲོན་བཏང་སྟེ། རྗེས་དྲན་<བྱང་ཆུབ་མཆོད་པའི་མེ་ཏོག>གི་རྩོམ་ཡིག་ཡོངས་རྫོགས་སླར་ཡང་གློག་ཀླད་དུ་བཅུག་ཅིང་ཞུ་དག་བཏང་། འཕྲུལ་དེབ་བཟོས་ཏེ་དྲྭ་ལམ་གང་སར་འགྲེམས་ཆོག་པ་དང་བོད་ཕྱི་ནང་གཉིས་ཀ་ནས་དད་ལྡན་སྐྱེ་བོ་ཚང་མས་ལྟ་ཀློག་བྱེད་ཐུབ་པ་ཞིག་བསྐྲུན་ཡོད།

གུས་པས་སློབ་འབངས་ཡོངས་ཀྱི་ཚབ་ཞུས་ཏེ་དགེ་བཤེས་འཇམ་དཔལ་རྒྱ་མཚོ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྩོམ་དེབ་འདིའི་ཐོག་ནས་ང་ཚོས་མགོན་པོ་གང་གི་སྐུ་ཚེ་ཧྲིལ་པོའི་བླ་ན་མེད་པའི་སྙིང་སྟོབས་དང་། སྐུ་ངལ། གཟི་བརྗིད། ཆོད་སེམས། བློས་གཏོང་། ལྷག་བསམ་བཅས་མཐོང་ཐུབ་ཀྱི་ཡོད། འདི་ནི་མི་རབས་ཕྱི་མར་བརྒྱུད་སྤྲོད་བྱ་རྒྱུའི་རིན་ཐང་ཆེ་བའི་ནོར་བུ་ཞིག་ཡིན་པ་སྨྲོས་ཅི་དགོས། མཇུག་མཐར། ད་ལྟ་བོད་དུ་སླར་ཡང་བསྟན་འགྲོའི་མགོན་དུ་བཞུགས་བཞིན་པའི་ཡང་སྤྲུལ་རིན་པོ་ཆེ་རྗེ་གུང་ཐང་༸སྐུ་ཕྲེང་བདུན་པ་བློ་བཟང་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་སྐུ་གོང་མའི་མཛད་རྗེས་མུ་མཐུད་དུ་མཇུག་སྐྱོང་གནང་ཐུབ་པ་དང་། བོད་ཁམས་སྤྱི་ལ་ཕན་པའི་མཛད་པ་རླབས་ཆེན་སྐྱོང་ཐུབ་པའི་སྨོན་ལམ་དང་གསོལ་བ་རྩེ་གཅིག་འདེབས་པ་བཅས། ཕྱི་ལོ ༢༠༢༣ ཟླ ༣ ཚེས ༢༦ ཀུན་མཁྱེན་དུས་བཟང་གི་ཉིན་མོར་རྔ་བ་ཤེས་རབ་ཀྱིས་བྲིས།

བྱང་ཆུབ་མཆོད་པའི་མེ་ཏོག་ཅེས་པའི་གློག་རྡུལ་དཔེ་དེབ་གཤམ་གསལ་དྲ་ཐག་བརྒྱུད་ཕབ་ལེན་གནང་།

བྱང་ཆུབ་མཆོད་པའི་མེ་ཏོག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།