མདུན་ངོས། གཏམ་བཤད། རིགས་སློབ་མ་ལ...

རིགས་སློབ་མ་ལག་གཉིས་དང་བཙན་བྱོལ་སྤྱི་ཚོགས།

༡༠༦༦༠༣
(གསལ་བཤད། གཤམ་དུ་བཀོད་པའི་གཏམ་བཤད་འདི་ནི། རིགས་སློབ་ཀྱི་དབུ་དགེ་དམ་པའི་རྗེས་དྲན་སྐབས་ཕྲན་གྱིས་ས་རཱ་མཐོ་སློབ་ཏུ་གང་དྲན་ལྷུག་བཤད་བྱས་པ་ཞིག་ཡིན་ཞིང་། གཏམ་བཤད་ཟིན་རྗེས་ས་རཱ་མཐོ་སློབ་ཀྱི་འབྲེལ་ཡོད་སློབ་ཕྲུག་ཚོས། གཏམ་བཤད་ཆ་ཚང་སྒྲ་ཐག་ནས་ཡིག་ཐོག་ཏུ་ཕབ་འདུག་པ་ལྟར། འདིར་བཀོད་པ་ཡིན།)

༅༅།། ངས་དེ་རིང་ཞུ་དགོས་པའི་བརྗོད་གཞི་དེ། རིགས་སློབ་མ་ལག་གཉིས་དང་བཙན་བྱོལ་སྤྱི་ཚོགས་ཟེར་བ་དེ་རེད། དེའི་སྐོར་ལ་བཤད་དགོས་པ་མང་པོ་རེད་དེ། གང་ནས་འགོ་བཙུགས་དགོས་མིན་ཤེས་ཀྱི་མི་འདུག དེའི་སྒང་ལ་ངས་བརྗོད་གཞི་འདིའི་ཐད་ལ་དམིགས་བཀར་གྱིས་ཉམས་ཞིབ་དང་གྲ་སྒྲིག་དེ་འདྲ་གང་ཡང་བྱེད་རྒྱུ་མ་བྱུང་། དེར་བརྟེན་གང་དྲན་དྲན་ཞིག་ཞུས་པ་འདི་ལ་ནོར་འཁྲུལ་ཡོང་སྲིད་པས་དང་པོ་ནས་དགོངས་སེལ་ཞུ་གི་ཡིན།

རིགས་སློབ་མ་ལག་གཉིས་ཕྱག་འདེབས་མཁན་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་མདོ་ཁམས་ཕྱོགས་སུ་འཁྲུངས། དེ་ནས་ཡར་ཕེབས་ཏེ་དབུས་གཙང་ནས་སློབ་གཉེར་གནང་། དེའི་རྗེས་བཙན་བྱོལ་དུ་ཕེབས་པ་རེད། བཙན་བྱོལ་ནང་དུ་དང་པོ་ཌལ་ཧོར་དང་། དེ་ནས་བོད་གཞུང་གིས་ཀང་རར་དགེ་རྒན་འོས་སྦྱོང་བཙུགས་གནང་བའི་ནང་སློབ་སྦྱོང་གནང་། དེའི་རྗེས་སུ་མ་སུ་རི་སློབ་གྲྭའི་ནང་དགེ་རྒན་དང་། ཁང་ཚན་གྱི་དགེ་རྒན་གནང་བ་སོགས་ལ་བརྟེན་ནས་བཙན་བྱོལ་གྱི་དཀའ་ངལ། བོད་ནང་གི་དཀའ་ངལ་ཕྱོགས་ཡོངས་ནས་མཁྱེན་གྱི་ཡོད་པ་རེད།

རྒན་དམ་པ་མཆོག་སྦྱོང་བརྡར་གནང་སའི་དགེ་རྒན་འོས་སྦྱོང་ཁང་ལྟ་བུ་ལ་མཚོན་ན། སྐབས་དེ་དང་དུས་དེ་ལ་དཔག་པའི་ཡག་པོ་རེད། རྒྱུ་མཚན་ནི། མཐུན་རྐྱེན་ཞེ་དྲག་མེད་ཀྱང་དེའི་ནང་མཁས་པ་འཛེ་སྨད་རིན་པོ་ཆེ་དང་། དེ་བཞིན་བོད་གཞུང་གི་གནད་ཡོད་མང་པོས་སློབ་ཁྲིད་གནང་གི་ཡོད་པ་རེད་ལ། མ་ཟད་༸གོང་ས་མཆོག་གི་ཡོངས་འཛིན་རྣམ་པ་ཚོས་ཀྱང་སློབ་ཁྲིད་གནང་གི་ཡོད་པ་རེད། བཀྲས་མཐོང་ཚེ་དབང་ཆོས་རྒྱལ་གྱི་ལྕམ་འཇུ་ཀྲིས་ལགས་ནས་དེང་དུས་ཀྱི་ཤེས་ཡོན་ཁྲིད་སྟངས་ཀྱི་སྐོར་ལ་སློབ་ཁྲིད་གནང་བཞིན་ཡོད་པ་རེད། སྐབས་དེར་རྒན་རྣམ་པས་བཏོན་པའི་ཟིན་བྲིས་དང་། དེབ་དེ་ཚོར་བལྟས་པ་ཡིན་ནའང་སྐབས་དེ་དུས་ཤེས་ཡོན་གྱི་གནས་ཚད་གཏིང་ཟབ་པོ་ཞིག་ཡོད་པ་དེ་གསལ་པོ་ཞེ་དྲག་རེད། དེ་ཡིན་དུས་རྒན་ལགས་ཀྱིས་བོད་ཁྱོན་ཡོངས་ཀྱི་གནས་སྟངས་མཁྱེན་གྱི་ཡོད་པ་དང་། དེ་བཞིན་ད་ལྟའི་དགོས་མཁོ་གང་ཡིན་མཁྱེན་གྱི་ཡོད་པ་མ་ཟད། རྒན་ལགས་ཀྱི་མཁྱེན་ཡོན་གྱི་ཆ་ནས་བལྟས་པ་ཡིན་ནའང་གཞུང་ཆེན་མོ་དང་། ཐ་སྙད་རིག་གནས་ཀུན་མཁྱེན་བཞིན་ཡོད། དེ་བཞིན་བོད་ཀྱི་སྲོལ་རྒྱུན་གྱི་དགོན་པས་སློབ་སྦྱོང་སྤྲོད་སྟངས་དང་། སློབ་གྲྭ་ཁག་ནང་དེང་དུས་ཀྱི་སློབ་སྦྱོང་སྤྲོད་སྟངས། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་དེ་དེང་དུས་ཀྱི་སློབ་གྲྭའི་ནང་འཁྱེར་དུས་དཀའ་ངལ་ག་རེ་འཕྲད་བཞིན་ཡོད་མེད། དེ་ཚོའི་རིགས་རྒན་གྱི་མི་ཐོག་གི་སྟེང་ལ་དཀའ་ངལ་འཕྲད་ས་གཙོ་བོ་རེད། དེ་ཡིན་དུས་དེ་ཚོ་ཚང་མ་མཁྱེན་རྟོགས་ཡོད་པ་རེད། གནད་དོན་དེ་ཚོ་མཁྱེན་རྟོགས་ཡོད་པའི་སྒང་ལ། རྒན་གྱི་གཤིས་ཀ་ཁ་རི་ཁ་ཐུག་དང་། དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་སྙིང་སྟོབས་ཆེན་པོ་ཞེ་དྲག་རེད།

དེ་འདྲའི་རྒྱབ་ལྗོངས་ཀྱི་གནས་ཚུལ་འོག ཕྱི་ལོ ༡༩༦༠ ནས་ ༡༩༧༠ ནང་བར་བཙན་བྱོལ་སློབ་གྲྭའི་ནང་རྒན་དམ་པ་མཆོག་གིས་ཕྱག་ལས་གནང་བའི་སྐབས་སུ་ག་རེ་གཟིགས་འདུག་ཅེ་ན། གྲྭ་བ་མང་པོ་ཞེ་དྲག་ཅིག་མ་སུ་རི་ལ་སོགས་པའི་སློབ་གྲྭ་དེ་འདྲའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། གྲྭ་བ་ལོ་གཞོན་མང་པོ་ཞིག་གིས་དེང་དུས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད་ལ། ཞོར་དུ་ཚོགས་ཚོགས་པ་སོགས་སློབ་གྲྭ་རང་ལ་བྱེད་ཀྱིན་ཡོད་པ་རེད། དེའི་རིགས་ལ་རྗེས་མར་འགྲོ་ས་ཞིག་འཚོལ་དགོས་པ་རེད། གྲྭ་བ་དེ་ཚོ་སློབ་གྲྭ་ཐོན་ཡོང་བའི་སྐབས་སུ་མི་སྐྱ་བྱིངས་བཞིན་འགྲོ་རྒྱུ་ཡིན་ནམ། ཡང་ན་གདན་ས་ཁག་ནང་གྲྭ་བ་ཚོས་སློབ་སྦྱོང་གནང་ནས་འགྲོ་བཞིན་ཡོད་པ་ལྟར་གཏང་གི་ཡིན། དེ་ལྟར་ཞིབ་ཚགས་གཟིགས་པའི་སྐབས་སུ་རྒན་གྱིས་དཀའ་ངལ་ཞིག་གཟིགས་ཀྱི་ཡོད་པ་རེད། མི་སྐྱ་ནང་བཞིན་བཏང་པ་ཡིན་ན་གྲྭ་བ་ཚོ་མུ་མཐུད་གྲྭ་པ་བྱས་ནས་བསྡད་ཐུབ་མིན་དང་། ཆོས་ཀྱི་སློབ་སྦྱོང་གི་མཇུག་བསྐྱངས་ཐུབ་མིན་གྱི་དཀའ་ངལ་ཞིག་ཡོད་པ་དང་། ཡང་གདན་ས་ཁག་ནང་གྲྭ་པ་བྱིངས་ཀྱིས་སློབ་སྦྱོང་བྱེད་ཀྱི་ཡོད་པ་ནང་བཞིན་བྱས་ན། སྐབས་དེར་སློབ་གྲྭའི་ནང་དུ་ཡོད་པའི་གྲྭ་པའི་འབོར་ཉུང་ཉུང་མ་རེད། གྲྭ་ས་ཁག་དུ་བཏང་བ་ཡིན་ན་ཁོང་ཚོ་སྒྲིག་འཛུགས་མ་འདྲ་བ་ཞིག་གི་ཁྲོད་འཚར་ལོངས་བྱུང་བ་དང་། དེ་བཞིན་དེང་དུས་ཀྱི་སློབ་སྦྱོང་བྱས་ཡོད་པས། དགོན་པའི་གྲྭ་པ་བྱིངས་དང་མ་མཚུངས་པ་ཞིག་ཡོང་གི་ཡོད་པ་རེད། དེ་གཟིགས་ནས་རྒན་ལ་དེ་ཚོར་སློབ་སྦྱོང་བྱེད་ས་གཞན་ཞིག་དགོས་ཀྱི་ཡོད་པའི་དགོངས་ཚུལ་ཤུགས་ཆེར་བྱུང་འདུག

དེའི་ཕྱིར་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་བཞི་རེ་ལྔ་དེ་འདྲ་ཞིག་གི་ནང་ལ་ཤེས་རིག་ཚོགས་ཆེན་དང་པོ་དེ་ཚོགས་པའི་སྐབས་སུ་རྒན་ཕེབས་འདུག སྐབས་

དེར་ཤེས་རིག་ཚོགས་ཆེན་གྱི་ཟིན་བྲིས་ནང་རྒན་གྱིས་དེ་ཚོར་འགྲོ་སྟངས་ཤིག་ལོགས་སུ་བཟོ་དགོས་ཀྱི་ཡོད་ཅེས་པའི་དགོངས་ཚུལ་ཤུགས་ཆེར་བཏོན་འདུག་ལ། ཐ་མ་གྲོས་ཆོད་ཀྱི་ནང་དུའང་། སློབ་གྲྭ་ཁག་ནང་ཡོད་པའི་གྲྭ་རིགས་རྣམས་ད་མུས་བཞིན་གཞི་རིམ་སློབ་གྲྭ་བར་ཆོས་སྲིད་ཀྱི་སློབ་སྦྱོང་སེར་སྐྱ་སྤྱི་མཚུངས་ལྟར་བྱས་ཏེ་སློབ་གྲྭ་དེ་ནས་ཐོན་མཚམས་ནང་ཆོས་ཚད་མཐོའི་སློབ་སྦྱོང་བྱ་འདོད་ཡོད་པ་རྣམས་ལ་ནང་དོན་རིག་པའི་ཆེས་མཐོའི་སློབ་གྲྭ་ཁག་རིམ་པས་དུས་བསྟུན་སྒྲིག་བཀོད་ཚགས་ཚུད་ཡོང་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད།

དོན་དག་དེ་༸གོང་ས་མཆོག་གིས་གལ་ཆེན་དུ་གཟིགས་ནས་རིགས་ལམ་སློབ་གཉེར་ཁང་འཛུགས་རྒྱུ་དང་། དེའི་དབུ་འཛིན་དུ་རྒན་དམ་པ་ཕེབས་དགོས་པའི་བཀའ་ཕེབས་པ་རེད། རིགས་སློབ་མ་ལག་གཉིས་ཀྱི་ས་བོན་ལྟ་བུ་དེ་རེད། དེ་ཡང་ཕྱི་ལོ་ ༡༩༧༣ ལོར་མཚན་ཉིད་སློབ་གྲྭའམ་རིགས་ལམ་སློབ་གཉེར་ཁང་འདི་བཙུགས་པ་རེད། དེའི་གནས་ཚུལ་ཞིབ་ཚགས་ཤིག་ཤེས་ཀྱི་མེད་ཀྱང་རྒན་གྱིས་སློབ་གཉེར་ཁང་བཙུགས་མ་ཐག་ཏུ། སློབ་གཉེར་སོགས་ཀྱི་རྩ་བ་མ་ཚུགས་པར་ཞེ་དྲག་དཀའ་ལས་ཁག་པའི་ཚུལ་གསུངས་པ་གོ་མྱོང་། དེའི་རྗེས་༸སྐྱབས་མགོན་རིན་པོ་ཆེ་ཕེབས་ཏེ། བསླབ་བྱ་གནང་བ་དེ་འདྲ་བྱས་ནས་གཞི་ནས་ཡག་པོ་བྱུང་ཞེས་གསུང་གི་འདུག མཐུན་རྐྱེན་གྱི་ཆ་ནས་བཤད་ན་ལོ་རབས་དགུ་བཅུ་པའི་འགོ་ལའང་མཚན་ཉིད་གྲྭ་ཚང་ད་ལྟ་ནང་བཞིན་གྱི་མཐུན་རྐྱེན་ཡག་པོ་དེ་འདྲ་ཡོད་པ་མ་རེད། རྡ་སར་ཏོའུ་ཕུ་(སྲན་མཐུད་)འཚོང་རྒྱུ་ཡོད་པ་དེ་མཚན་ཉིད་གྲྭ་ཚང་ནས་སྔོན་མར་ཏོའུ་ཕུ་བཟོས་ནས་གྲྭ་བ་ཚོ་ཟ་ཁང་ནང་འཚོང་བར་འགྲོ་བཞིན་ཡོད་པ་ནས་དར་བ་ཞིག་རེད། རླངས་ཐབས་དེ་ཚོའང་སྒལ་བ་ཁུར་ནས་འོར་བཞིན་འདུག སྐབས་དེའི་གནས་སྟངས་དེ་འདྲ་ཞིག་རེད།

རྒན་གྱིས་དམིགས་ཡུལ་དེ་འདྲ་ཞིག་བཟུང་ནས་སློབ་གྲྭ་ཁག་ནང་ཡོད་པའི་གྲྭ་བ་དེ་ཚོར་འགྲོ་སྟངས་ཤིག་བཟོས་པ་དང་། དེ་བཞིན་སེར་མོ་བ་རང་གིས་ཆོས་ཀྱི་གོ་རྟོགས་ཡོད་པའི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་གནང་ཐུབ་པ་ཞིག་ཡོང་སླད་རིགས་ལམ་སློབ་གཉེར་ཁང་བཙུགས་པ་དེ་རེད། དེ་བཞིན་རིགས་ལམ་སློབ་གཉེར་ཁང་གི་སློབ་ཚན་འཇོག་སྟངས་སོགས་སྐབས་དེ་དང་དུས་དེ་ལ་གཞིགས་པའི་ཡར་ཐོན་ཆེན་པོ་རེད། སློབ་ཚན་གྱི་རྩ་བའི་སྒྲོམ་གཞི་དེ་ཆོས་ལུགས་རིས་མེད་རེད། རྒན་བློ་གསལ་གླིང་དུ་བཞུགས་ནས་དགེ་ལུགས་ཀྱི་ཕྱོགས་ལ་སློབ་གཉེར་གནང་བ་ཡིན་མོད། བཅར་འདྲི་ཞུས་པ་དེ་ཚོར་བལྟས་ཡོང་དུས་རིགས་ལམ་སློབ་གཉེར་ཁང་འདི་ཉིད་རྩ་བའི་འཛུགས་དོན་ཆོས་ལུགས་རིས་མེད་ཀྱི་ཆེད་རེད། འདིར་སློབ་གཉེར་བྱེད་པར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ནས་ཡོང་བཞིན་ཡོད་པ་རེད། ཁྱད་ཆོས་དེ་འདྲ་ཞིག་དེའི་གོང་ལ་བྱུང་མེད་པ་ཞིག་རེད། གཉིས་པ་ནི། འདིའི་ནང་ལ་སྐྱ་བོ་དང་སེར་མོ་བ་གཉིས་ཀ་འཛུལ་ཞུགས་བྱེད་བཞིན་ཡོད་པས་དེ་འདྲ་ཞིག་བཙན་བྱོལ་ཁྲོད་དུ་མཐོང་ཁག་པོ་རེད། རྒན་བོད་པ་ཡིན་ཡང་མི་རིགས་དབྱེ་འབྱེད་མེད་པར་དང་པོ་སློབ་གཉེར་ཁང་འགོ་འཛུགས་པའི་སྐབས་ཙམ་ནས་སློབ་ཕྲུག་ཁོངས་སུ་ཕྱི་རྒྱལ་བ་མང་པོ་བྱུང་བ་རེད། བོད་པའི་ནང་ནས་རྒན་གྱིས་དམིགས་བསལ་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་བོད་མི་སློབ་གཉེར་ཁང་འདིར་འཇུག་རྒྱུར་དམིགས་བསལ་གྱིས་དགོངས་བཞེས་གནང་གི་འདུག དེ་ཚོ་ཆོས་དང་རིག་གཞུང་། ཆབ་སྲིད་གང་ཐད་ནས་གནད་འགག་ཆེན་པོ་རེད། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་དེའི་ནང་སྲོལ་རྒྱུན་གཅིག་པོ་མ་ཡིན་པར་དེང་རབས་ཀྱི་སློབ་སྦྱོང་བྱེད་ས་ཡོད་པ་རེད། དེང་རབས་སློབ་སྦྱོང་དེ་ད་ལྟ་ཤུགས་ཆུང་དུ་སོང་མེད་དམ་སྙམ་གྱི་འདུག སྔོན་མ་ཡིན་ན་དམར་ཤོག་དང་མང་གཙོའི་འགྲོ་སྟངས་སོགས་ཆབ་སྲིད་ཀྱི་རིགས་དང་། ཚན་རིག་བཅས་ཞེ་དྲག་གཏིང་ཟབ་པོ་འགྲོ་བཞིན་འདུག རྣམ་པ་ཚོས་རིགས་སློབ་ནས་བཏོན་པའི་དུས་དེབ་ལྷག་བསམ་བརྩེགས་པར་གཟིགས་དང་། དེ་ནི་བཙན་བྱོལ་ནང་ནས་བཏོན་པའི་དེང་རབས་ཤེས་ཡོན་དང་ནང་ཆོས་ཟུང་འབྲེལ་གྱི་དུས་དེབ་རྙིང་ཤོས་རེད། བཙན་བྱོལ་ནང་དུས་དེབ་ལེགས་ཤོས་གཉིས་ཤིག་བགྲངས་ན་ལྷག་བསམ་བརྩེགས་པ་འདི་དང་བོན་སྒོ་གཉིས་འཇོག་ངེས། ལྷག་བསམ་བརྩེགས་པའི་ནང་སྐབས་དེའི་གནས་སྟངས་ལ་དཔག་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་རེད། འདི་འདྲའི་ཁྱད་ཆོས་ཡོད་པའི་རིགས་ལམ་སློབ་གཉེར་ཁང་འདི་བཙུགས་པ་རེད། ལོ་རྒྱུས་ཁྲོད་འདས་མ་ད་གསུམ་ནང་འདི་འདྲ་ཞིག་འཛུགས་ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད། ཞེ་དྲག་གི་གཟི་བརྗིད་ཆེན་པོ་རེད།

དེ་ནས་ཐོན་པའི་གནས་སྟངས་ལ་བལྟས་ཏེ་མདོར་བསྡུས་ཤིག་ཞུས་ན། ཕྱི་ལོ་ ༡༩༧༣ གྱི་འཛིན་གྲྭའི་ནང་སློབ་མ་ ༣༠ དང་། ༡༩༧༥ འཛིན་གྲྭའི་ནང་ལ་སློབ་མ་ ༡༣ ཡོད། ༡༩༧༦ འཛིན་གྲྭའི་ནང་ལ་སློབ་ ༡༨ འདུག ༡༩༧༧ འཛིན་གྲྭའི་ནང་ལ་སློབ་མ་ ༢༠། ༡༩༧༩ འཛིན་གྲྭའི་ནང་ལ་སློབ་མ་ ༢༠ བྱུང་འདུག འདས་པའི་ལོ་རིམ་སོང་ཡོངས་ཀྱི་གྲངས་ཐོ་ཞུས་ན་དུས་ཚོད་འཕྲོ་བརླག་རེད། གྲངས་ཐོ་ཞིབ་ཕྲ་འདིར་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་པ་སངས་ཚེ་རིང་ལགས་ཀྱི་ཕྱག་ལ་འདུག རིགས་སློབ་ཨ་མ་ནས་ད་ཕན་ཐོན་པ་ཆ་ཚང་བསྡོམས་ན། ༥༠༠ མ་ཟིན་ཙམ་ཞིག་ཡོད་པ་རེད། དེའི་ཁྲོད་དགེ་བཤེས་ལྷ་རམས་པ་ ༡༣ དང་། རིས་མེད་དགེ་བཤེས་ ༡༠ ཐོན་ཡོད། རིས་མེད་དགེ་བཤེས་ཞེས་པ་ནི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ལ་ཐོས་བསམ་སློབ་གཉེར་བྱས་ནས་ཐོན་པའི་དགེ་བཤེས་ཀྱི་མཚན་གནས་ཤིག་རེད། དེ་ནི་བཙན་བྱོལ་ཙམ་མ་ཟད་བོད་ཀྱི་ལོ་རྒྱུས་ཐོག་ཕལ་ཆེར་དང་པོ་རེད། དེ་འདྲ་བཅུ་ཐོན་ཡོད་པ་དང་དེའི་ཁྲོད་དགེ་བཤེས་མའི་ཆ་རྐྱེན་འཛོམས་པའི་བུད་མེད་གཅིག་བྱུང་བ་རེད། བུད་མེད་ལ་དགེ་བཤེས་ཀྱི་མཚན་གནས་ཐོབ་པ་དེ་ཡང་ཕལ་ཆེར་རང་རེའི་ལོ་རྒྱུས་ཁྲོད་དང་པོ་རེད། དེ་བཞིན་དགེ་བཤེས་ཚོགས་རམས་པ ༡༣ ཕར་ཕྱིན་རབ་འབྱམས་པ་ ༢༣༦ དང་། དབུ་མ་རབས་འབྱམས་པ ༡༢༨ སློབ་དཔོན་གྱི་གནས་ཚད་ཐོན་པ་ ༣༦ བཅས་ཕྱི་ལོ ༡༩༧༣ ནས་ད་བར་ཐོན་པ་འབོར་ཆེན་པོ་རེད་འདུག

ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ད་གིན་གོང་དུ་གསུངས་པ་ལྟར། རྒན་དམ་པའི་རྒྱུན་ལྡན་གྱི་བཀའ་མོལ་གཅིག་ནི། གསོ་དཀའ་བའི་མཁས་པ་ང་ལ་མི་དགོས་ཞེས་པ་དེ་རེད། རྒན་གྱིས་དོན་དག་ག་རེ་གསུང་གི་ཡོད་རེད་ཟེར་ན། ལས་ཀ་མ་བྱས་པར་མཁས་ཉམས་བསྟན་ནས་སྡོད་མཁན་གྱི་མཁས་དབང་གསོ་སྐྱོང་བྱེད་ཀྱི་མིན། དེ་འདྲའི་མཁས་དབང་གསོ་སྐྱོང་བྱེད་པ་ནི་སྤྱི་ཚོགས་ཀྱི་ཁུར་བོ་རེད། དེ་འདྲའི་མཁས་དབང་ལ་སྤྱི་ཚོགས་ཀྱི་མཐུན་རྐྱེན་མ་བསྐྲུན་པ་ཡིན་ན། ལས་ཀ་མི་བྱེད་པར་མཁས་ཉམས་སྟོན་ནས་འདུག་གི་རེད་ཅེས་དང་། རྒན་ལགས་ལ་དགོས་པ་ནི། སྤྱི་ཚོགས་ཁྲོད་མར་ཕྱིན་ནས་ཁ་ཡོད་ལག་ཡོད་ཀྱིས་ལས་ཀ་བྱེད་ཐུབ་མཁན་ཞིག་དགོས་པ་རེད། རྒན་གྱིས་དེ་ཡང་ཡང་གསུང་གི་རེད།

རྒན་གྱི་དམིགས་ཡུལ་དང་འཚམ་པར་རིགས་ལམ་སློབ་གཉེར་ཁང་ནས་ཐོན་ཏེ་སྤྱི་ཚོགས་ནང་ཕྱག་ལས་གནང་དང་གནང་བཞིན་པ་མང་པོ་བྱུང་བ་རེད། ངས་དེ་ཚོའི་སྐོར་མང་པོ་ཞུས་ན། རང་གིས་རང་བཀྱག་ཅེས་པ་ལྟར། རིགས་ལམ་སློབ་གཉེར་ཁང་གི་སློབ་ཟུར་གྱིས་རིགས་སློབ་བཀྱག་པ་འདྲ་བོ་ཆགས་ཀྱི་རེད། དཔེ་མཚོན་ཙམ་ཞུས་ན་དབུས་བོད་མིའི་སྒྲིག་འཛུགས་ནང་། ད་ལྟ་ཤེས་རིག་དྲུང་ཆེ་དང་བཀའ་དྲུང་ཡིག་ཚང་གི་དྲུང་ཡིག་ཆེན་མོ་གཅིག་ལྕོགས་གནང་མཁན་གཡུ་ཐོག་ཀརྨ་དགེ་ལེགས་ལགས། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ནོར་བུ་དོན་ལྡན་ལགས། དེ་བཞིན་མཚན་ཉིད་རྒན་དགེ་ལེགས་བཅས་ནས་གཞུང་ཞབས་རྒྱུན་རིང་པོ་གནང་པ་རེད། གལ་ཆེ་ཤོས་ཤིག་ལ་༸རྒྱལ་བ་རིན་པོ་ཆེའི་སྐུའི་གསུང་སྒྱུར་ལྟ་བུ་ལ་མཚོན་ན། དབྱིན་སྐད་གསུང་སྒྱུར་དང་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་གཅིག་ལྕོགས་དགེ་བཤེས་ལྷག་རྡོར་ལགས་དང་། དེ་བཞིན་དབྱིན་སྐད་གསུང་སྒྱུར་དང་ལྡི་ལི་བོད་ཁང་གི་དབུ་འཛིན་གཅིག་ལྕོགས་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས། དབྱིན་སྐད་གསུང་སྒྱུར་བསྟན་འཛིན་ཚེ་དཔག་ལགས། དེ་བཞིན་ད་ལྟའི་ཀོ་རི་ཡའི་གསུང་སྒྱུར་གནང་མཁན། ཝི་ཐི་ནམ་གྱི་གསུང་སྒྱུར་གནང་མཁན། རྒྱ་སྐད་གསུང་སྒྱུར་གནང་མཁན་བཅས་འདི་དག་ཚང་མ་མཚན་ཉིད་གྲྭ་ཚང་ནས་ཐོན་པ་རེད། དེ་འདྲ་ཡིན་དུས་དོན་དངོས་སྤྱི་ཚོགས་ཁྲོད་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པ་རེད། དགོན་པའི་མཁན་པོ་ལྟ་བུ་ལ་མཚོན་ན། སོག་པོའི་ནང་བོད་ཀྱི་དགོན་པ་ཆེ་ཤོས་དང་། ལོ་རྒྱུས་རིང་ཤོས་གྲས་ཡིན་པའི་དགའ་ལྡན་དགོན་པ་ཞེས་པའི་མཁན་པོ་དང་། དེ་བཞིན་སོག་ཡུལ་བཀྲ་ཤིས་ཆོས་གླིང་ཞེས་པའི་མཁན་པོ་འདི་དག་ཀྱང་མཚན་ཉིད་ནས་ཐོན་པ་རེད།

གཞན་ཞིག་ནི་ཨ་ནིའི་དགོན་པའི་བཙུན་མ་དག་གི་ཤེས་ཡོན་ཐོག་ལ་རྒན་གྱིས་ཐུགས་སྣང་གནང་འདུག རྡ་སའི་ཉེ་ཁོར་གྱི་བཙུན་དགོན་ཁག་མང་པོ་ཞིག་གི་སློབ་ཚན་ཞིབ་ཚགས་ཀྱིས་སྒྲིག་མཁན་རྒན་དམ་པ་རེད་ལ། བཙུན་དགོན་དེ་ཚོའི་ནང་ལ་སློབ་ཁྲིད་གནང་མཁན་མང་པོ་ཞིག་མཚན་ཉིད་གྲྭ་ཚང་ནས་བཏང་གནང་གི་ཡོད་པ་རེད། དེ་བཞིན་འདི་ནས་ཐོན་རྗེས་འབུམ་རམ་པའི་(Ph.d)ཕྱག་ཁྱེར་ཐོབ་པ་དང་། ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གཏན་འཇགས་སློབ་དཔོན་གྱི་འགན་བཞེས་མཁན་བཞི་ལྔ་ཞིག་འདུག དེ་མ་ཡིན་པའི་སློབ་ཁྲིད་གནང་མཁན་མང་པོ་ཡོད་པ་རེད། ཉེ་དུས་དགུན་ཁའི་གུང་སེང་ག་དུས་ཡིན་ནའང་མཚན་ཉིད་གྲྭ་ཚང་དུ་སློབ་ཕྲུག་ཚོ་འཛིན་གྲྭ་རེ་ཆ་བགོས་ཀྱིས་རིག་གནས་ཟུར་ཁྲིད་གནང་གི་ཡོད་པ་རེད། དེ་འདྲའི་སྤྱི་ཚོགས་ཞབས་ཞུ་ཤུགས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

མདོར་བསྡུས་ནས་ཞུས་ན། དང་པོའི་དམིགས་ཡུལ་བཞིན་མཚན་ཉིད་སློབ་གྲྭ་བཙུགས་ནས་སློབ་གྲྭ་ཁག་ནང་ཡོད་པའི་གྲྭ་བ་དེ་ཚོ་དང་། དེ་མིན་གྱི་དོན་གཉེར་ཅན་ཚོར་སྐྱ་སེར་དང་ཕོ་མོ། མི་རིགས་སོགས་ཀྱི་དབྱེ་བ་མེད་པར་མུ་མཐུད་རང་ཉིད་ཀྱི་རྨང་གཞི་གང་ཡོད་པའི་ཐོག་ཤེས་ཡོན་ཡར་རྒྱས་གཏང་རྒྱུའི་གོ་སྐབས་བསྐྲུན། གོ་སྐབས་དེ་ཡང་ཕྱོགས་རེ་བ་ཙམ་མ་ཡིན་པར། གནའ་དེང་དང་ཕྱི་ནང་གཉིས་ཀ གནའ་རབས་སྲོལ་རྒྱུན་གྱི་ཤེས་ཡོན་ནང་དུའང་ཕྱོགས་དང་རིས་སུ་མ་ལྷུང་པར་ས་དགེ་བཀའ་རྙིང་ཚང་མའི་གཞུང་ལ་བལྟ་ཐུབ་པ་བཟོས་པ་རེད། ཞིབ་ཚགས་པོ་བྱས་བལྟས་པ་ཡིན་ན། འདིས་བཙན་བྱོལ་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། འདི་ཡན་ཆད་ནི་རྒན་དམ་པ་དང་འབྲེལ་བའི་མཚན་ཉིད་གྲྭ་ཚང་གི་སྐོར་ཞུས་པའི་ཁུལ་ཡིན།

ས་རཱ་སློབ་གྲྭ་ལྟ་བུ་ལ་མཚོན་ན་མང་ཆེ་བས་ཤེས་ངེས་རེད། ས་རཱ་མ་བཙུགས་གོང་བཙན་བྱོལ་ནང་བོད་ཡིག་གི་གནས་སྟངས་ཏོག་ཙམ་སྐྱོ་བོ་རེད། ངས་ཕྱིས་སུ་བོད་ཡིག་གི་གནས་སྟངས་ཡར་རྒྱས་སོང་བ་དེ་ཡོངས་རྫོགས་ས་རཱའི་བྱས་རྗེས་རེད་ཟེར་གྱི་མེད། སྐབས་དེར་བོད་གཞུང་གི་ལས་བྱེད་བསྐོ་བཞག་བྱེད་པའི་ཡིག་ཆ་ཆུང་ཆུང་ཞིག་ཡིན་ནའང་། དབྱིན་ཡིག་ནང་བྲིས་ཡོད་པ་རེད། བོད་ཡིག་ནང་ཚགས་པར་དང་དུས་དེབ་ཀྱང་ཧ་ཅང་ཉུང་ཉུང་རེད། ༸གོང་ས་མཆོག་གིས་བཀའ་སློབ་ལན་མང་ཕེབས་པ་ལྟར། བོད་ཁྱིམ་ནང་འཛིན་རིམ་ལྔ་པ་མན་གྱི་ཚན་རིག་དང་སྤྱི་ཚོགས་རིག་གནས་སོགས་བོད་ཡིག་ནང་སློབ་འགོ་བཙུགས་ཟིན་པ་རེད། ཤེས་རིག་ཐད་འཛིན་སློབ་གྲྭ་དང་དབུས་བོད་སློབ་འཛིན་ཚོགས་ནང་དུའང་དེ་ཚོ་བོད་ཡིག་ནང་སློབ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། སྐབས་དེར་དེ་ཚོ་སློབ་མཁན་གྱི་དགེ་རྒན་མེད་པ་དེ་དཀའ་ངལ་ཆེ་ཤོས་ཤིག་རེད། སྐབས་དེ་དུས་ཨ་རི་ལ་བོད་མི་ཆིག་སྟོང་ཐམ་པ་བཏང་བའི་ཁོངས་སུ་སློབ་གྲྭའི་དགེ་རྒན་མང་པོ་ཞིག་ཕྱིན་སྟབས་བཙན་བྱོལ་གྱི་སློབ་གྲྭ་མང་པོ་ཞིག་ལ་དགེ་རྒན་མེད་པའི་དཀའ་ངལ་ཞིག་བྱུང་བ་རེད། དེ་ཚོ་སྐབས་དེའི་གནས་སྟངས་ཀྱི་ཕྱོགས་གཅིག་རེད།

ཕྱོགས་གཞན་པ་གཅིག་ལ། སྐབས་དེ་དུས་བོད་ནས་སླེབས་པའི་བོད་ཡིག་གི་རྨང་གཞི་གང་ལ་གང་འཚམ་ཡག་པོ་ཡོད་མཁན་དེ་ཚོ་ལ་བདག་པོ་རྒྱག་མཁན་ཡོད་མ་རེད། བདག་པོ་མ་བརྒྱབ་བ་དེ་ལག་ཁྱེར་མེད་པས་རེད། བོད་ཡིག་གི་གནས་ཚད་ཡག་པོ་ཡོད་ཀྱང་ལག་ཁྱེར་མེད་པས་འགྲོ་ས་སྡོད་ས་མེད་པའི་གནས་སྟངས་ཤིག་རེད། སྤྱི་ཚོགས་ནང་དཀའ་ངལ་དེ་འདྲ་ཞིག་ལྷག་བསྡད་པའི་སྐབས་ལ་རྒན་དམ་པས་ཤེས་རིག་ལས་ཁུངས་དང་བཀའ་མོལ་གནང་ནས་སློབ་གྲྭ་ཁག་ནས་ཐོན་པ་དེ་གཅིག་པུས་འགྲིག་གི་མི་འདུག རྒན་རང་གིས་ཡིག་ཚད་གཏོང་གི་ཡིན། ཡིག་ཚད་ལོན་མཁན་རྣམས་བདམས་ནས་དགེ་རྒན་འོས་སྦྱོང་ནང་བཅུག་གི་ཡིན་ཞེས་གསུངས་པ་རེད། ང་ཚོ་འདྲ་པོ་དེ་འདྲ་བྱས་ནས་ཚུད་པ་རེད། ཚུད་ནས་དང་པོ་དགེ་རྒན་འོས་སྦྱོང་དེ་མཚན་ཉིད་གྲྭ་ཚང་རང་གི་ནང་བཙུགས་པ་རེད། དེ་དུས་ས་རཱ་སློབ་གྲྭའི་འཛུགས་སྐྲུན་ཚར་ཡོད་མ་རེད། བཙུགས་པ་ཙམ་མ་ཟད་ང་ཚོའི་ལག་ཁྱེར་དེ་མཚན་ཉིད་གྲྭ་ཚང་དང་ཤེས་རིག་ལས་ཁུངས་གཉིས་ཀྱིས་སྤྲོད་ཀྱི་ཡོད་ཀྱང་རྒྱ་གར་གཞུང་གིས་ངོས་ལེན་མེད་སྟབས། རྒན་གྱིས་ཤེས་རིག་ལས་ཁུངས་ལ་ཞུས། ༸སྐྱབས་མགོན་རིན་པོ་ཆེ་ལ་ཞུས། ཟམ་གདོང་རིན་པོ་ཆེ་ལ་ཞུས། དེ་འདྲ་བྱས་ནས་ཚོགས་ཆུང་བཙུགས་ཏེ་ལག་ཁྱེར་དེ་ངོས་འཛིན་ཡོད་པ་ཞིག་བཟོས་གནང་པ་རེད། ལག་ཁྱེར་དེ་ལའང་རིམ་པ་ཁ་ཤས་ཡོད། དང་པོ་རིག་གནས་རབ་འབྱམས་པ་ཟེར་བའི་ལག་ཁྱེར་དེ་རེད། ལག་ཁྱེར་དེ་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་གྱི་ལག་ཁྱེར་འདྲ་བོ་རེད། དེའི་སྒང་ལ་གཞི་རིམ་དགེ་རྒན་འོས་སྦྱོང་གི་ལག་ཁྱེར་དེ་གནང་གི་རེད། དེ་ཆེད་ལས་ཀྱི་ལག་ཁྱེར་རེད། མཐོ་རིམ་རིག་གནས་རབ་འབྱམས་དང་མཐོ་རིམ་དགེ་རྒན་འོས་སྦྱོང་གི་ལག་ཁྱེར་དེ་ཚོ་རྗེས་སུ་བྱུང་བ་རེད། རྒན་ཞལ་བཞུགས་དུས་དེ་ཚོའི་ཐོག་ལ་ཕེབས་ཐུབ་མེད། གང་ལྟར་དེ་འདྲ་བྱས་ནས་འགྲོ་ལམ་བཟོས་པ་རེད། དགེ་རྒན་འོས་སྦྱོང་གི་ལས་གཞི་རྒྱ་ཆེན་པོ་ཡོང་སྟངས་དེ་འདྲ་ཞིག་རེད། དགེ་རྒན་འོས་སྦྱོང་དང་དེ་མིན་གྱི་སྦྱོང་བརྡར་གྱི་དགོས་མཁོ་ཆེ་རུ་འགྲོ་དུས། དེའི་ཆེད་དུ་ས་རཱ་མཐོ་སློབ་ཀྱི་ས་ཆ་འདི་ཚོ་ཉོས་ཏེ་གསར་དུ་བཙུགས་པ་རེད།

རྒན་དམ་པའི་དམིགས་ཡུལ་གཞིར་བཟུང་ལྟར་ས་རཱ་མཐོ་སློབ་ནས་སྤྱི་ཚོགས་ནང་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད། དཔེར་ན་ས་རཱ་མཐོ་སློབ་བཙུགས་ནས་རིག་གནས་རབ་འབྱམས་པ་ད་ལྟའི་བར་ཐོན་པ་ཉིས་བརྒྱ་སུམ་ཅུ་སོ་བདུན་བྱུང་བཞག མཐོ་རིམ་དགེ་རྒན་འོས་སྦྱོང་ཐོན་པ་བརྒྱ་དང་བཅུ་བདུན་བྱུང་བཞག གཞི་རིམ་དགེ་རྒན་འོས་སྦྱོང་ཐོན་པ་བདུན་ཅུ་དོན་བདུན་བྱུང་བཞག ཧི་མ་ལ་ཡའི་དགེ་རྒན་འོས་སྦྱོང་བདུན་ཅུ་དོན་བཞི་བྱུང་བཞག དེ་མ་ཡིན་པའི་གངས་སྐྱིད་གཞུང་ཞབས་ནང་ལོ་གཞོན་པ་སླེབས་བསྡད་པ་མང་ཆེ་བ་ཞིག་འདིར་རྒྱུན་ལྡན་གྱི་སློབ་ཕྲུག་བྱས་པ་དང་ཟུར་ཞུགས་བྱས་ནས་ཡོང་བ་ཞིག་མ་ཡིན་པ་ཧ་ལམ་མཐོང་རྒྱུ་མེད་པ་རེད། དེ་བཞིན་བཙན་བྱོལ་གྱི་གཞི་རིམ་འོག་མའི་སློབ་གྲྭ་ཁག་གི་དགེ་རྒན་མང་ཆེ་བ་ས་རཱ་མཐོ་སློབ་ནས་ཐོན་པ་ཤ་སྟག་ཆགས་བསྡད་ཡོད་རེད།

དེ་ནས་ལས་དོན་གཞན་པའི་ཐོག་ལ་ཆ་མཚོན་ན་བཙན་བྱོལ་ནང་རྩོམ་སྒྲིག་སྡེ་ཚན་གྱི་ཁོངས་སུ་དཔེར་ན་ནོར་བུ་གླིང་ཁའི་རྩོམ་སྒྲིག་སྡེ་ཚན་གྱི་རྡོ་རྗེ་དབང་ཕྱུག སྔོན་མ་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ལྷག་བསམ་རྩོམ་སྒྲིག་པ་མང་ཆེ་བ་ནི་ས་རཱ་མཐོ་སློབ་ནས་ཐོན་མ་མྱོང་བ་ཧ་ལམ་ཡོད་མ་རེད། དེ་ག་ནང་བཞིན་རྩོམ་པ་པོར་ཆ་མཚོན་ན་རྒན་ལྷ་མོ་སྐྱབས་དང་བུ་མོ་ཚེ་རིང་ལྷ་མོ་སོགས་མང་པོ་རེད། དེ་བཞིན་དུ་ཡིག་སྒྱུར་གྱི་ལས་ཀ་བྱེད་མཁན་ལ་ཆ་མཚོན་ན་དཔེ་མཛོད་ཁང་གི་བསྟན་འཛིན་རྒྱལ་མཚན་དང་ཚེ་རིང་ནོར་བུ། ཤེས་རིག་ལས་ཁུངས་ཀྱི་བསོད་ནམས་བཟང་པོ་ལ་སོགས་པ་མང་པོ་ཞིག་ས་རཱ་ནས་སློབ་སྦྱོང་བྱེད་མྱོང་བ་ཆགས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་པའི་ཉམས་ཞིབ་བྱེད་སྡོད་མཁན་དང་དགེ་རྒན་ལྟ་བུར་ཆ་མཚོན་ན་དེང་སང་འདང་ངེས་ཡོད་པ་ཞིག་གསོ་སྐྱོང་བྱེད་ཐུབ་ཡོད་རེད། དེ་འདྲའི་སྡེ་ཚན་དང་ས་ཁོངས་མང་པོ་ཞིག་ལ་ཞེ་དྲག་གིས་ཕན་ཐོགས་བྱུང་ཡོད་པ་རེད།

ད་དུང་དེ་ལས་རླབས་ཆེ་བའི་ལས་གཞི་ཞིག་ཡོད་པ་ནི་ཤེས་བྱའི་ཆུ་གཏེར་ཞེས་པའི་ཚན་རིག་གི་གློག་བརྙན་བཅོ་ལྔ་ཉི་ཤུ་ཙམ་ཞིག་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ནས་རིན་མེད་ཐོག་བཀྲམ་གྱི་ཡོད་པ་རེད། དེ་ནི་གཞན་གྱིས་ལག་པ་འཆང་མྱོང་མེད་པའི་ལས་གཞི་རླབས་ཆེན་ཞིག་རེད། དེ་བཞིན་བཙན་བྱོལ་ནང་དུ་ཡིག་འགྲུལ་གྱི་ལམ་ནས་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་སྦྱོང་བྱེད་རྒྱུ་ཡོད་པའི་ལས་གཞི་དེ་ཡང་ས་རཱ་ནས་འགོ་བཙུགས་པ་རེད། དེ་བཞིན་ས་རཱའི་ནང་མཐོ་རིམ་རིག་གནས་རབ་འབྱམས་པ་(BA)བཙུགས་ཟིན་པ་དང་རིམ་པས་ཆེས་མཐོའི་རིག་གནས་རབ་འབྱམས་པ་(MA)འཛུགས་འཆར་ཡོད་པ་འདྲ། དེ་ཡིན་དུས་ངས་བསྡོམས་ཤིག་བརྒྱབ་ནས་ཞུས་ན་རྒན་དམ་པས་རིག་སློབ་མ་ལག་གཉིས་དང་པོ་བཙུགས་དགོས་པའི་དམིགས་ཡུལ་དེ་དཀའ་ངལ་ཞིག་གི་འོག་ནས་བཙུགས་པ་གཞིར་བཟུང་གིས་དཀའ་ངལ་རྣམས་རིམ་པས་སེལ་ཐུབ་པ་བྱུང་ཡོད་པ་རེད། དེ་ཡན་ཆད་ས་རཱ་མཐོ་སློབ་ཀྱི་སྐོར་ཞུས་པའི་ཁུལ་ཡིན།

དེ་ནས་རྒན་དམ་པའི་དགོངས་པ་བཞེས་ཕྱོགས་ཐོག་ལ་དྲན་གསོ་ཞིག་བྱས་ན་ང་དང་པོ་རྒྱ་གར་དུ་སླེབས་དུས། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཟུར་མཇལ་ཞིག་ཐོབ་པའི་སྐབས་ལ་༸སྐྱབས་མགོན་རིན་པོ་ཆེས་ང་ལ་ག་པར་འགྲོ་འདོད་ཡོད་ཅེས་གསུངས་བྱུང། ངས་གཞུང་ཆེན་པོ་དང་དེང་དུས་ཀྱི་ཤེས་ཡོན་གཉིས་མཉམ་དུ་སྦྱང་ས་ཡོད་པ་ཞིག་བྱུང་ན་དྲན་གྱི་འདུག་ཅེས་ཞུས་སྐབས་མཚན་ཉིད་གྲྭ་ཚང་ཡག་པོ་མི་འདུག་གམ་ཞེས་གསུངས་ཐོག སྐུ་ངོ་བྱམས་བཙུན་ལ་ཞལ་ཕྱོགས་ནས་ངོ་སྤྲོད་ཅིག་བྱས་ན་ཞེས་བཀའ་གནང་སོང་། དེ་ནས་སྐུ་ངོ་བྱམས་བཙུན་ལགས་ཀྱིས་ང་ལ་སྐུ་སྒེར་ཡིག་ཚང་ནས་ཡི་གེ་ཞིག་གནང་སོང་། དེ་ནས་ངས་མཇལ་དར་གཅིག་དང་ཡི་གེ་དེ་འཁྱེར་ནས་རྒན་དམ་པ་མཇལ་ཁར་ཕྱིན་པ་ཡིན། རྒན་དམ་པས་ག་རེ་ཡིན་པ་ཞེས་གསུངས་དུས་ངས་ཡི་གེ་དེ་ཡར་ཕུལ་པ་ཡིན། རྒན་གྱིས་ལྗགས་ཀློག་ཅིག་གནང་ནས་དེ་ཡོད་མ་རེད། སློབ་མ་བསྡུས་ཚར་པ་རེད་ཅེས་བཀའ་ཕེབས་སོང་། དེ་ནས་ནང་དུ་ཚུད་མ་ཐུབ་ཀྱང་མཚན་ཉིད་གྲྭ་ཚང་གི་ཉེ་འགྲམ་ན་ཁང་པ་གླས་ནས་ཟླ་བ་ཁ་ཤས་རིང་བསྡད་པ་ཡིན། དེའི་ཐོག་ནས་ག་རེ་ཤེས་ཐུབ་ཀྱི་འདུག་ཅེ་ན་རྒྱབ་གཉེར་ཡག་ཉེས་གང་ཡོད་ཀྱང་རྒན་དམ་པས་ལས་སླ་པོར་ངོས་ལེན་གནང་གི་མི་འདུག

དེ་ནས་རྗེས་སུ་ང་རང་ཡིག་ཚད་བཏང་ནས་མཚན་ཉིད་གྲྭ་ཚང་ནང་དགེ་རྒན་འོས་སྦྱོང་ཁོངས་སུ་ཚུད་པ་རེད། མཚན་ཉིད་གྲྭ་ཚང་དུ་བཅར་ནས་ཉིན་གྲངས་ཁ་ཤས་ནང་། ངའི་གྲོགས་པོ་ཞིག་ནད་མནར་གྱིས་ཅན་རྡི་སྒར་དུ་སྨན་ཁང་ནང་ལུས་ཡོད། དེ་ལ་ནད་བསྐོར་ཆེད་རྒན་དམ་པ་ལ་དགོངས་པ་ཞུ་རུ་བཅར་དུས། ཁྱོད་ག་རེ་ཟེར་གྱི་ཡོད། འཛུལ་ཚར་ལོང་མེད་པར་དགོངས་པ་ཞུས། དགོངས་པ་ཡོད་མ་རེད་ཅེས་གཤེ་གཤེ་མང་པོ་ཕེབས་སོང་། ད་དགོངས་པ་རག་ས་མ་རེད་དྲན་བྱུང་། དེ་ནས་སང་ཉིན་དེར་རྒན་གྱིས། ཝ་ཡེ་ཁྱོད་འདིར་ཤོག་དང་། ཞེས་བཀའ་གནང་ནས་ཁྱེད་ཁ་སང་འགྲོ་དགོས་ཡོད་ལབ་ས་དེར་སོང་ཞེས་གསུངས་གནང་སོང་། རྒན་གྱིས་དང་པོར་གཤེ་གཤེ་བཏང་། དེ་ནས་དགོངས་པ་མང་པོ་བཞེས་ནས་བཀའ་འཁྲོལ་གནང་གི་རེད།

དེ་ནས་ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོ་དགེ་རྒན་འོས་སྦྱོང་གི་སློབ་ཚན་ནང་རྒན་དམ་པས་ཆེད་མངགས་བརྩམས་གནང་བའི་སྐལ་བཟང་སྒོ་བརྒྱར་འབྱེད་པའི་ལྡེ་མིག་ཅེས་པ་ཞིག་ཡོད་རེད། ངས་མིང་ཏག་ཏག་དྲན་གྱི་མི་འདུག དེའི་ནང་། བོད་ཀྱི་སྲོལ་རྒྱུན་གྱི་གཞུང་ནས་བཤད་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དམ་ཁྱད་ཆོས་དེ་ཚོ་ཞིབ་ཕྲ་ཡོད་རེད། དེ་རྒན་གྱིས་ཁྲིད་གནང་གི་རེད། ནག་པང་སྟེང་དུ་འབྲི་བའི་སྲོལ་ཧ་ལམ་ཡོད་མ་རེད། ཡིན་ནའང་། རྒན་དམ་པ་མ་སུ་རི་སློབ་གྲྭ་སོགས་ལ་ཕྱག་ལས་གནང་དུས་ཀྱི་ཉམས་མྱོང་མང་པོ་དང་སྦྱར་ཏེ་འཁྲིད་གནང་གི་རེད། སྒྲུང་འདྲ་བོ་མང་པོ་གསུངས་གནང་གི་ཡོད་ལ། དེ་ཚོ་སེམས་ལ་འཇུག་པོ་ཞེ་དྲག་ཡོད།

ཡང་ཉིན་མ་གཅིག་རྒན་ཕྱི་རྒྱལ་ཕེབས་ནས་ཕྱིར་ལོག་ཕེབས་རྗེས། ང་ཚོ་ལ་རྡ་སྟེང་བོད་ཁྱིམ་ནས་རི་མོའི་དགེ་རྒན་ཞིག་ཁྲིད་གནང་བཞག ཁྱེད་རང་ཚོ་རི་མོ་སྦྱང་དགོས། ང་ནི་ཕར་ཕྱོགས་དཀའ་ངལ་ཞེ་དྲག་འཕྲད་སོང་ཞེས་གསུངས་སོང་། དཀའ་ངལ་གང་འདྲ་སེ་འཕྲད་སོང་ཞུ་དུས། ང་ཕྱི་རྒྱལ་ལ་འགྲོ་དུས་འཛིན་གྲྭ་ཞིག་གི་ནང་སློབ་ཕྲུག་ཅིག་གིས་བོད་པའི་ཁང་པ་ག་འདྲ་ཡོད་རེད་ཅེས་དྲིས་སོང་། ཁ་ནས་འགྲེལ་བཤད་བྱེད་ཁག་པོ་ཡོད་སྟབས་ནག་པང་སྟེང་བྲིས་ཁུལ་བྱས་ཀྱང་མདོག་ངན་ཞེ་དྲག་ཆགས་སོང་ཞེས་གསུངས་སོང་། (ཚོགས་ཁང་དུ་དགོད་སྒྲས་ཁེངས།) ཕྲུ་གུ་ཆུང་ཆུང་ལ་སློབ་དུས་རི་མོ་མ་ཤེས་ན་ཚར་འདུག རི་མོ་སྦྱང་དགོས་ཞེས་ང་ཚོར་རི་མོ་ཁྲིད་གནང་པ་རེད། རྒན་གྱིས་ཉམས་མྱོང་བྱུང་བ་གཞི་བཟུང་ལམ་སང་ལམ་སང་ཐག་གཅོད་དང་ལེགས་བཅོས་གནང་གི་རེད།

རྒན་ཕྱི་རྒྱལ་ལ་ག་དུས་ཕེབས་ཀྱང་རྔན་པ་བསྣམས་ཕེབས་ཀྱི་རེད། དགེ་རྒན་དང་སློབ་མ་ཚང་མ་ནང་མི་གཅིག་ལྟར་གནང་གི་རེད། རིགས་སློབ་ཀྱི་ནང་དུ་སུ་ཇཱ་དང་གསོག་སྒར་སློབ་གྲྭ་ལྟ་བུའི་སྒྲིག་འཛུགས་དམ་པོ་དེ་འདྲ་ཡང་ཡོད་མ་རེད། རང་བཞིན་གྱིས་སྒྲིག་རང་ཁུར་བྱེད་ཐུབ་ཐབས་ཤིག་གནང་གི་རེད་ལ། དོན་དུའང་རིགས་སློབ་ནང་ཁོར་ཡུག་དེ་འདྲ་ཞིག་བཟོ་ཐུབ་ཡོད་རེད། དཔེར་ན། རིགས་སློབ་ཀྱི་སློབ་མ་དགོང་མོ་འཁྱམས་འགྲོ་མཁན་ཧ་ལམ་ཡོད་མ་རེད། རིགས་སློབ་ཀྱི་ཅ་དངོས་འཕྱགས་མ་ཞིག་ཕྱི་ལ་ལུས་ཡོད་ན། སློབ་མ་གཅིག་ཡོང་ནས་དེ་ནང་ལ་ཡར་བསྡུ་གི་རེད། དེ་ནི་རྒན་གྱིས་ནང་མི་གཅིག་ནང་བཞིན་གནང་བའི་དབང་གིས་ཚང་མས་ཁུར་ལེན་སྟངས་ཤིག་རེད།

དེ་ནས་ང་ཚོ་དགེ་རྒན་འོས་སྦྱོང་ཐོན་ནས་༸རྒྱལ་བ་རིན་པོ་ཆེའི་མཇལ་ཁར་བཅར་དུས་༸སྐྱབས་མགོན་རིན་པོ་ཆེས་ང་ཚོ་ལ་བཀའ་སློབ་དུས་ཡུན་རིང་པོ་ཞིག་གནང་སོང་། དེ་དུས་རྒན་ལྷ་མོ་སྐྱབས་ལགས་དང་ངེད་ཚོས་རྩམ་པ་ཞེས་པའི་དུས་དེབ་ཅིག་འདོན་སྤེལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད། དེ་དུས་ང་ཚོར་སྒྲ་འཇུག་བྱེད་ཆས་མེད་པས་༸སྐྱབས་མགོན་རིན་པོ་ཆེས་གང་གསུངས་པ་རྣམས་ང་ཚོས་སྒྲ་འཇུག་བྱེད་ཐུབ་མེད་ཀྱང་མར་གྲོལ་དུས་རྒན་གྱིས་གོང་དུ་༸སྐྱབས་མགོན་རིན་པོ་ཆེས་གསུངས་པ་རྣམས་ཚང་མ་ཟིན་བྲིས་བཏབས་གནང་བཞག དེ་འདྲའི་དྲན་པ་ཡག་པོ་འདུག དེ་ཡིན་དུས་རྩམ་པ་དུས་དེབ་དང་པོའི་སྟེང་ང་ཚོ་ལ་གནང་པའི་བཀའ་སློབ་དེ་བཀོད་བཞག་ཡོད་རེད། ཟིན་བྲིས་སྐྱོན་མཁན་དེ་རྒན་དམ་པ་རེད། དེ་ནི་རྒན་དམ་པས་ཐུགས་སྣང་གནང་སྟངས་གཅིག་རེད།

རྒན་ལྷ་མོ་སྐྱབས་ངེད་ཚོས་རྩམ་པ་དུས་དེབ་འདོན་སྤེལ་བྱེད་ཆོག་པའི་སྙན་གསེང་ཞུས་ནས་རྒན་དམ་པའི་ལོ་རྒྱུས་ཤིག་འགོད་རྒྱུ་བྱས་པ་རེད། རྒན་ལ་བཅར་འདྲི་ཞུས་དུས་རྒན་གྱིས་ཁེངས་སྐྱུངས་གནང་ནས་ཞེ་དྲག་རྒྱས་པོ་གསུང་གནང་མ་སོང་། བཅར་འདྲི་དེ་ཕལ་ཆེར་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ཞུས་པ་རེད། དུས་དེབ་ནང་འགོད་དུས། རྒན་གྱི་ངོ་སྤྲོད་དེའི་ཁ་བྱང་ལ། ཤེས་འཇོན་ལྷག་བསམ་གསུམ་ལྡན་གྱི་དགེ་བཤེས་བློ་བཟང་རྒྱ་མཚོ་ཞེས་བྲིས་ཡོད་ས་ཡོད། ལེ་ཚན་དེ་ཕུལ་བྱུང་མི་སྣའི་ངོ་སྤྲོད་ཀྱི་ཁོངས་བཞག་པ་ཡིན་ས་ཡོད། དེ་རྗེས་སུ་རྒན་དམ་པས་གཟིགས་རྗེས། ང་ཕུལ་དུ་བྱུང་བ་དེ་འདྲ་མིན། ཤེས་འཇོན་ལྷག་བསམ་ལྡན་པ་དེ་འདྲ་ཡང་མིན་ཞེས་བཀའ་བཀྱོན་འདྲ་བོ་ཞིག་ཀྱང་གནང་བ་རེད།

མཐའ་མ་དེར་ང་ཚོར་རྩམ་པ་དུས་དེབ་བཏོན་པའི་སྤོབས་པ་འདྲ་བོ་ཞིག་སླེབས་ཡོད་ཀྱང་རྒན་གྱིས་ང་ཚོར་གསུང་བཤད་ཅིག་གནང་དུས། དེབ་བཏོན་ན་རྩམ་པའི་དུས་དེབ་འདྲ་བོ་བཏོན་ན་ཆོ་ཡོད་མ་རེད་ཅེས་བཀའ་གནང་སོང་། (ཚོགས་ཁང་དུ་དགོད་སྒྲས་ཁེངས།) ག་རེ་རེད་ཟེར་ན་ཐེངས་གཅིག་བཀླགས་ནས་གཡུག་རྒྱུ་རེད་ཅེས་གསུངས་གནང་སོང་། འོ་དེ་འདྲ་གསུངས་པ་རེད། དགོངས་དག ད་དུས་ཚོད་ཟིན་ཡོད་པ་འདྲ། ཏོག་ཙམ་ཟང་ངི་ཟིང་ངི་འདྲ་ཞིག་ཆགས་སོང་། ད་དེ་འདྲ་ཞིག་ཡིན། ཐུགས་རྗེ་ཆེ། །

རིགས་སློབ་མ་ལག་གཉིས་དང་བཙན་བྱོལ་སྤྱི་ཚོགས་ཞེས་པའི་ཐོག་དྲི་བ་དྲིས་ལན།
དྲི་བ། ངའི་དྲི་བ་དེའི་སྔོན་དུ་རྒན་སྐལ་བཟང་དགྲ་འདུལ་ལགས་ཀྱིས་གསུངས་སོང་། ས་རཱའི་མིང་འདི་ཡར་འདེགས་མཁན་དེ་སྔོན་མའི་སློབ་ཕྲུག་ཚོ་རེད་ཅེས་དང་བར་སྐབས་ཤིག་ནས་མར་ཉམས་རྒུད་འགྲོ་གི་ཡོད་པའི་སྐོར་ཞིག་གསུངས་སོང་། ངས་བསམས་ནའང་ཉམས་རྒུད་བརྟན་བརྟན་ཕྱིན་ཡོད་རེད་དྲན་གྱིན་འདུག དེ་འདྲ་སོང་ཙང་ཉམས་རྒུད་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་དེ་གང་ལ་ཐུག་ཡོད་དམ་ཞེས་ཞུ་རྒྱུ་ཡིན།

ལན། ཉམས་རྒུད་ཉམས་རྒུད་ཟེར་བ་དེ་ཏོག་ཙམ་བཤད་ཁག་པོ་འདུག ཕྱོགས་གཅིག་ནས་ཉམས་རྒུད་ཟེར་བ་དེ་ངས་བསམས་ན་མིའི་བཤད་སྟངས་འདྲ་བོ་ཞིག་མིན་འགྲོ། ག་རེ་རེད་ཅེས་ཟེར་ན་ང་ཚོའི་གོང་གི་མི་རབས་དེ་ཚོས་ང་ཚོའི་སྐབས་ལ་དཀའ་ལས་བརྒྱབས་ཡོད་རེད། ཁྱེད་ཚོའི་སྐབས་ལ་མི་འདུག་ཅེས་ལབ་ཀྱི་ཡོད་རེད། ཡང་ང་ཚོས་ང་ཚོའི་སྐབས་ལ་མཐུན་རྐྱེན་སྐྱོ་པོའི་སྟེང་ལ་དཀའ་ལས་ཞེ་དྲག་བརྒྱབས་ཡོད་རེད། དེ་དུས་ཡག་པོ་ཡོད། ཁྱེད་རང་ཚོའི་སྐབས་ལ་དེ་འདྲ་མི་འདུག་ཅེས་ལབ་ཀྱི་ཡོད་རེད། ཡང་རྗེས་མར་ཁྱེད་ཚོས་དེ་འདྲ་བཤད་ཀྱི་རེད། དེ་སོང་ཙང་འདི་ཆེད་མངགས་བཟོས་བཞག་པ་མིན་པར་མི་སོ་སོའི་མཐོང་སྣང་དང་སྤྱི་ཡོངས་ཀྱི་མཐོང་སྣང་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད། གང་ཡིན་ཟེར་ན་མིའི་དྲན་པའི་ནང་ལ་སྔོན་མའི་ཡག་པའི་ཕྱོགས་དེ་མང་པོ་ཞིག་དྲན་ནས་སྡུག་པའི་ཕྱོགས་དེ་བརྗེད་འགྲོ་གི་ཡོད་པའི་གོམས་གཤིས་དེ་འདྲ་ཞིག་འདུག དེ་ཡིན་དུས་སྐད་ཆ་འདི་བཤད་མཁན་མང་པོ་ཞིག་གིས་སྔོན་མ་ཡག་པོ་ཡོད་ཅེས་སྔོན་མའི་ཡག་པའི་ཕྱོགས་དེ་དྲན་པའི་ནང་ཡོད་པ་དང་སྡུག་པའི་ཕྱོགས་དེ་བརྗེད་བཅུག་པ་འདྲ་བོ་ཞིག་རེད། ཕྱོགས་གཅིག་དེ་འདྲ་རེད། ཡང་ཕྱོགས་གཞན་པ་ཞིག་ནས་བོད་པ་གཅིག་པུ་མ་རེད། འཛམ་བུ་གླིང་ཚང་མ་ལ་ལས་ཀ་ག་རེ་ཡིན་ཡང་དང་པོ་འགོ་བཙུགས་པའི་སྐབས་ལ་ཡག་པོ་ཞེ་དྲག་ཡོང་གི་ཡོད་རེད། དེ་ག་པར་ཡིན་ཡང་དེ་འདྲ་རེད། དཔེར་ན་གོ་པལ་པུར་སློབ་གྲྭ་བཙུགས་པ་ནས་ལོ་དུ་མ་ཞིག་ལ་ཨང་ཀི་དང་པོ་རྐྱང་རྐྱང་ལེན་བསྡད་པ་རེད། དེ་ནས་ཡང་མར་ཉམས་ནས་བསྐྱར་གསོ་བྱེད་ཁག་པོ་འདྲ་བོ་ཆགས་ཀྱི་རེད། དེ་ག་རེ་རེད་ཅེས་ཟེར་ན་ལས་ཀ་དང་པོ་དེ་བྱེད་དུས་དཔེར་ན་དཔེ་སྟོན་སློབ་གྲྭ་དང་པོ་དེ་འཛུགས་པའི་སྐབས་ལ་ཚང་མས་དོ་སྣང་བྱེད་ཀྱི་ཡོད་རེད། ཞབས་འདྲེན་ཞུ་ན་འགྲིག་གི་མ་རེད་བསམས་ནས་གདེང་ཚོད་ཞེ་དྲག་བླངས་ནས་ལས་ཀ་བྱེད་ཀྱི་ཡོད་རེད། ལས་བྱེད་ཚོས་ཀྱང་བྱེད་ཀྱི་ཡོད་པ་རེད། གོང་ནས་ཀྱང་དོ་སྣང་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ས་རཱ་ཡིན་ན་རེད། མཚན་ཉིད་སློབ་གྲྭ་ཡིན་ན་རེད། དང་པོ་འཛུགས་པའི་སྐབས་ལ་མཐུན་རྐྱེན་ལ་དཔགས་པའི་ཧུར་བརྩོན་བྱེད་ཀྱི་ཡོད་རེད། སྤྱིར་བཏང་ང་རང་ཚོ་ཉིན་རེ་ཉིན་རེར་ལས་ཀ་བྱེད་པའི་སྐབས་ལ་ལས་ཀ་གསར་པ་བྱེད་པའི་སྐབས་ལ་དང་པོ་དེ་ལ་ཞེ་དྲག་གིས་དོ་སྣང་བྱེད་ཀྱི་ཡོད་རེད། དོ་སྣང་བྱས་ནས་ཚགས་ཚུད་པོ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད་རེད། དེ་ནས་ཡུན་ཙམ་ཕྱིན་ནས་རྒྱུན་འདྲ་བོ་ཞིག་ཆགས་ཚར་བའི་རྗེས་ལ་འཆར་ཅན་འདྲ་བྱེད་ཀྱི་ཡོད་རེད། དེ་ནས་ཕར་གཡོལ་ནའང་གཡོལ་ས་ཡོད་པ་ཤེས་འགྲོ་གི་ཡོད་རེད། དེ་ཡིན་དུས་སྤྱི་ཡོངས་ཀྱི་ཉམས་རྒུད་ཟེར་བ་དེ་ལ་ངས་མཐོང་སྣང་དེ་འདྲ་ཞིག་ཡོང་གི་ཡོད།

དེ་ནས་སྔོན་མ་ཡག་པོ་བྱུང་ཡོད། ད་ལྟ་མི་འདུག་ཟེར་བ་དེར་དཔྱད་དགོས་པ་རེད། སྔོན་མ་ཐོན་པའི་མི་དེ་ཚོ། དང་པོ་ས་རཱའི་ནང་ལ་མ་ཡོང་གོང་ནས་ཤེས་ཚད་ཡག་པོ་འདུག་མི་འདུག དེ་བལྟ་དགོས་རེད། དཔེར་ཆ་བཞག་ན་ང་རང་། ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་ལྔ་ལོར་མཚན་ཉིད་སློབ་གྲྭ་ཐོན་ནས་ལོ་བཅུ་དྲུག་བཅུ་བདུན་འགྲོ་གི་ཡོད་རེེད། ལོ་བཅུ་དྲུག་བཅུ་བདུན་དེའི་རིང་ལ་སློབ་གྲྭའི་ནང་དུ་སྦྱངས་པ་ལས་ལྷག་པ་ལས་ཀའི་ནང་ནས་ཤེས་བསྡད་ཡོད་རེད། དེ་ནང་བཞིན་སློབ་ཟུར་དེ་ཚོ་དེ་འདྲ་རེད། དེ་ཡིན་དུས་ལས་ཀའི་ནང་ནས་ཤེས་བསྡད་པ་དེ་ཚོ་སྣོན་པ་བརྒྱབས་ཡོང་དུས་སློབ་གྲྭ་ཐོན་པའི་སྐབས་ནས་དེ་འདྲ་ཡོད་རེད་ཅེས་ང་ཚོ་བོད་པས་དེ་འདྲ་ལབ་ཀྱི་ཡོད་རེད། དཔེར་ན་དྲུག་ཅུ་བདུན་ཅུ་ནང་གི་དྲུང་ཆེ་དེ་ཚོ་ཡག་པོ་ག་འདྲ་འདུག དེང་སང་པུ་གུ་ཚོས་གཏོང་ཡིག་བྲིས་ཐུབ་ཀྱི་མི་འདུག་ཅེས་ལབ་ཀྱི་ཡོད་པ་རེད། དྲུང་ཆེ་དེ་ཚོ་དང་པོ་ཐོན་ཡོང་དུས་འདྲ་པོ་འདྲ་པོ་ཡོད་རེད། ལོ་ཉི་ཤུ་སུམ་ཅུ་ལས་ཁུངས་ནང་བསྡད་ནས་ཉམས་མྱོང་བསགས་ཡོང་དུས་དེ་འདྲ་ཤེས་ཀྱི་རེད། བྱས་ཙང་དེ་འདྲའི་གནས་ཚུལ་དེ་ཚོ་ཤེས་པར་བྱེད་རྒྱུ་དེ་གལ་ཆེན་པོ་རེད།

དེ་ནས་ས་རཱ་ཉམས་རྒུད་འགྲོ་གི་ཡོད་པ་ངས་མཐོང་གི་མེད། ང་འདིའི་ནང་ལ་ཉེ་དུས་ཉིན་མ་གཅིག་ཙམ་ཡང་བསྡད་མྱོང་ཡོད་མ་རེད། ཁྱེད་རང་ཚོ་ཉམས་རྒུད་འགྲོ་གི་ཡོད་རེད་ཅེས་ངས་ཚིག་ཐག་བཅད་ནས་ཞུ་ཐུབ་ཀྱི་མི་འདུག རྒྱུ་རྐྱེན་དེ་རེད་ཅེས་ཞུ་ཐུབ་ཀྱི་མ་རེད། ཡིན་ནས་ངས་ད་ལྟ་ཐད་ཀར་བལྟས་ཡོང་པའི་སྐབས་ལ་ང་ཚོ་དང་མ་འདྲ་བ་ག་རེ་འདུག་ཅེས་ཟེར་ན་གྱོན་གོས་དང་སྐྲ་བཟོ་སྟངས། ཁ་པར་འཁྱེར་སྟངས་དེ་ཚོ་ཁྱེད་རང་ཚོ་ཞེ་དྲག་གིས་རྫིག་ཏུ་ཕྱིན་བཞག ང་ཚོའི་སྐབས་ལ་མཚན་ཉིད་གྲྭ་ཚང་གི་འགྲམ་ན་ཟ་ཁང་ཞིག་གི་ནང་ལ་སྒོར་མོ་ལྔ་དགོས་པའི་ཨ་ལོ་ཏར་ཁ་(ཞོག་ཁོག་བརྔོས་མ)ཞིག་ཡོད་རེད། དེ་ཟ་རྒྱུ་བྱུང་ན་ལྷ་རབ་རེད། དེ་མ་གཏོགས་གང་ཡོད་མ་རེེད། ཐ་མག་ལ་མཚོན་སྦིར་ཟེར་བ་དེ་འཐེན་གྱི་ཡོད་འགྲོ། དེ་འདྲ་རེད། དེ་ཡིན་དུས་ཁྱེད་རང་ཚོར་མཐུན་རྐྱེན་དངོས་གནས་ཡག་ཏུ་ཕྱིན་ཡོད་རེད། མཐུན་རྐྱེན་ཞེས་པ་དེ་འགལ་རྐྱེན་ཡིན་ནམ་མཐུན་རྐྱེན་ཡིན་ཧ་གོ་གི་མ་རེད། དཔེར་ན་སོ་སོའི་ཅ་ལག་ཅིག་ཡོད་ན་བེད་སྤྱོད་ཡག་པོ་ཞིག་གཏང་ན་མཐུན་རྐྱེན་ཆགས་ཀྱི་རེད། བེད་སྤྱོད་གཏོང་མ་ཤེས་ན་དེ་འགལ་རྐྱེན་ཆགས་ཀྱི་རེད། དེ་ཡིན་དུས་དམིགས་བསལ་གྱི་ཁྱེད་རང་ཚོའི་ལོ་ཚད་དེ་ང་ཚོས་བརྒྱུད་ནས་ཡོང་བ་རེད། མི་སུ་ཡིན་ཡང་མིའི་མདུན་ལ་གཙང་མ་དང་རྫིག་པོ། སྙིང་རྗེ་པོ་ཡོང་བའི་ཐབས་ཤེས་བྱེད་ཀྱི་རེད། ཡིན་ནའང་དེ་ལ་དོ་སྣང་ཆེ་དྲགས་ན་སོ་སོའི་སློབ་སྦྱོང་དང་མི་ཚེའི་མདུན་ལམ་དང་འབྲེལ་བ་ཡོད་པ་དེ་ཚོ་འཐུས་ཤོར་འགྲོ་བའི་ཉེན་ཁ་ཡོད་རེེད། ངའི་བསམ་པར་གལ་ཏེ་འཐུས་ཤོར་འགྲོ་གི་ཡོད་ན་ཁྱེད་ཚོས་དེ་འདྲའི་སྒང་ལ་མགོ་གཡེང་དྲགས་ནས་བྱུང་ཡོད་ཀྱི་རེད་བསམ་གྱི་འདུག གཞན་ངས་ད་ལྟ་གང་ཞུ་ཤེས་མ་སོང་།

དྲི་བ། རྒན་དམ་པས་དགོངས་པ་གནང་དུས། སྔོན་ལ་གཤེ་གཤེ་བཏང་། རྗེས་སུ་དགོངས་འཁྲོལ་གནང་བ་དེ་འདྲ་དེང་སྐབས་ཀྱི་སྤྱི་ཚོགས་ནང་ལག་ལེན་ཡོང་གི་རེད་དམ།

ལན། ངས་ང་ལ་བྱུང་བའི་དཔེ་མཚོན་དེ། རྒན་དམ་པའི་དགོངས་པ་བཞེས་སྟངས་ཤིག་མཚོན་པའི་ཆེད་དུ་ཞུས་པ་ཡིན། ངའི་སྤུན་གྲོགས་ཞིག་ན་ཡོད་པ་རེད། ང་མཚན་ཉིད་གྲྭ་ཚང་དུ་སླེབས་ནས་བདུན་ཕྲག་གཅིག་ཙམ་མ་གཏོགས་སོང་ཡོད་པ་མ་རེད། དེའི་ཆ་ནས་རྒན་ལགས་ནས་གཤེ་གཤེ་ཞིག་བཏང་བ་རེད། རྒན་གྱི་དགོངས་པའི་ནང་ལ་དེ་འདྲ་ཞིག་ཡོད་ས་རེད། ཕྱིས་སུ་རྒན་ལགས་ཀྱིས་སློབ་ཁྲིད་གནང་པའི་སྐབས་སུ་སློབ་ཕྲུག་ཀྱིས་དགོངས་པ་ཞུ་དུས། དཀའ་ལས་ཁག་སེ་བྱས་ནས་སྤྲོད་དགོས་པ་རེད་ཅེས་ཡང་ཡང་གསུང་གི་འདུག གལ་ཏེ་དགོངས་པ་སྤྲད་པ་ཡིན་ན་ལས་སླ་བོའི་ངང་སྤྲད་རྒྱུ་ཡོད་པ་མ་རེད། དཀའ་ལས་ཁག་པོ་ཞིག་བཟོས་ནས་སྤྲད་པ་ཡིན་ན། ད་གཞི་ནས་རག་སོང་སྙམ་ནས་སྐྱིད་པོ་ཞེ་དྲག་ཡོང་གི་རེད་ལ་བེད་སྤྱོད་ཡག་པོ་གཏོང་གི་རེད། རྗེས་སུ་དོན་དག་མེད་པར་དགོངས་པ་ཞུ་བར་ཡོང་གི་མ་རེད་ཅེས་གསུངས་བྱུང་། དེ་བཞིན་ལས་བྱེད་ཚོ་གུང་སེང་ལ་བཏང་ནས་ཚུར་འབྱོར་བའི་སྐབས་སུ་ཁྱེད་སླེེབས་པ་ཡག་པོ་ཞེ་དྲག་བྱུང་། ང་ཚོར་འདིར་ལས་ཀས་ཁེངས་ནས་ཡོད། ཅེས་ལབ་དགོས་པ་རེད། དེ་ལབ་ན་ཁོ་རང་ལ་རང་གིས་མཐོང་འདྲ་སྤྲད་ནས་འགན་ཁུར་གྱི་རེད་ཅེས་རྒན་རང་ཉིད་ཀྱིས་རང་གི་ཉམས་མྱོང་གི་ཐོག་ནས་གསུངས་གནང་གི་རེད། དེང་སྐབས་ང་ལ་གཤེ་གཤེ་བཏང་བ་ནང་བཞིན་དེ་འདྲ་གང་ཤེས། འོན་ཀྱང་དགོངས་པ་ཞུས་ན་གནང་ཆོག་ཆོག་ཅིག་དང་། ལས་བྱེད་ཚུར་འབྱོར་ནས་ཡ་མེད་ཀྱི་བཟོ་འདྲ་མིན་པར་ལས་ཀ་ལྷག་བསྡད་པ་དེ་འདྲ་སྤྲད་བཞག་པ་ཡིན་ན། དངོས་གནས་བསམ་བློ་གཏོང་རྒྱུ་ཡོད་པ་འདྲ།

དྲི་བ། ངའི་དྲི་བ་ནི་རྒན་ལགས་རྒན་དམ་པ་དང་མཉམ་དུ་ལོ་འགའ་ཤས་གཤིབ་གནང་འདུག རྒན་དམ་པའི་དགོངས་པ་བཞེས་སྟངས་ཐུན་མོང་མ་ཡིན་པ་ཞིག་གང་གི་སྟེང་ན་གཟིགས་བྱུང་ཞུ་རྒྱུ་ཡིན།

ལན། ང་རྒན་དམ་པ་དང་མཉམ་དུ་གཤིབ་ཅེ་ན་ཧམ་པ་ཆེ་དྲག་པ་རེད། ཡིན་ནའང་ལོ་གཉིས་རིང་ང་མཚན་ཉིད་གྲྭ་ཚང་དུ་བསྡད་པ་རེད། རྒན་དམ་པ་མཆོག་བདུན་ཕྲག་གཅིག་ལ་སློབ་ཁྲིད་གནང་བར་ཚོགས་ཐེངས་གཉིས་གསུམ་ཞིག་ལ་ཕེབས་ཀྱིན་ཡོད་པ་རེད། དེ་འདྲ་ཞིག་ཡིན་པ་ལས་རྒན་རང་ལ་བསྟེན་པ་དེ་འདྲ་མ་རེད། རྒན་དམ་པའི་དགོངས་པ་བཞེས་སྟངས་ཐུན་མོང་མ་ཡིན་པ་ཞིག་ནི། བོད་གཞུང་ལ་བཅངས་པའི་གཞུང་སེམས་ཧ་ཅང་གིས་ཆེན་པོ་འདུག དཔེར་མཚོན་གཅིག་ཞུས་ན། ང་ཚོའི་ཐོན་རྒྱུགས་ཀྱི་ཡིག་ཚད་གཏོང་བའི་ཉིན་རྒན་གཟིགས་པར་ཕེབས་བྱུང་། སྐབས་དེར་ང་ཚོ་མི་གསུམ་ལ་ཡིག་ཚད་ཚར་རྗེས་ཡིག་ཚང་དུ་ཤོག་ཅེས་གསུངས་བྱུང་། ཡིག་ཚང་ལ་བཅར་བའི་སྐབས་སུ་གནས་བབས་ཀྱི་བབ་དེ་ལ་ས་ཡོད་པ་རེད་དམ་མ་རེད་ཅེས་དྲིས་བྱུང་། ང་ཚོ་ཁ་ཤས་ཀྱིས་ས་ཡོད་རེད་དང་ཁ་ཤས་ཀྱིས་ཡོད་མ་རེད་ཞུས་པ་རེད། རྒན་གྱིས་གང་ཡང་མ་གསུངས་པར་ཡི་གེ་དེ་བྲིས་ཏེ་ང་ཚོར་གནང་ནས། ཤེས་རིག་ལས་ཁུངས་སུ་སོང་ཞེས་བཀའ་ཕེབས་བྱུང་། ང་ཚོ་ཤེས་རིག་ལས་ཁུངས་སུ་ཕྱིན་པ་ཡིན། ང་ཚོ་གང་གི་ཆེད་དུ་འགྲོ་བཞིན་པ་མ་ཤེས་ནའང་ཤེས་རིག་གི་བུ་མོ་ཞིག་གིས་ཡར་ཕེབས་ཞེས་རྐུབ་བཀྱགས་གསུམ་གྱི་སྟེང་བསྡད་བཅུག་སོང་། སྐབས་དེར་ཡིག་ཚད་རེད་འདུག ཡིག་ཚད་གང་གི་དོན་དུ་གཏོང་བཞིན་པ་ཁྱོན་ནས་ཤེས་ཀྱི་མེད། དགེ་རྒན་འོས་སྦྱོང་ཡག་པོ་ཡོད་མེད་ཤེས་རིག་གིས་གཟིགས་ཀྱི་ཡོད་ས་རེད། ཡག་པ་མ་བྲིས་ན་ཞབས་འདྲེན་ཞུས་ཡོང་སྙམ་ནས་གཟབ་གཟབ་ཞེ་དྲག་བྱས་པ་ཡིན། རྗེས་སུ་ཤེས་རིག་གི་བོད་དྲུང་ཞིག་དགོངས་པ་ཞུས་ནས་དེའི་ཚབ་ཅིག་དགོས་པ་དེའི་དོན་རེད་འདུག དེའི་རྗེས་ང་ཚུད་པའི་བརྡ་འབྱོར་སོང་། ལས་ཀར་ག་དུས་བཅར་དགོས་མིན་ཤེས་རིག་གིས་ཁྱེད་རང་ལ་ལན་བསྐྱལ་ཡོང་ཞེས་གསུངས་བྱུང་། དེ་ནས་ཉིན་ཤས་རྡ་སར་འཁྱམས་བསྡད་པའི་སྐབས་ཤིག་ལ་རྒན་དང་མཇལ་བྱུང་། རྒན་གྱིས་ཁྱེད་རང་གིས་ག་རེ་བྱེད་བཞིན་ཡོད་ཅེས་གསུངས་བྱུང་། ངས་ལས་བཅར་གྱི་ལན་དེ་མར་གནང་རྒྱུ་སྒུག་བསྡད་ཡོད་ཅེས་ཞུས་པ་ཡིན། རྒན་དམ་པས་དེ་གསན་རྗེས། ང་ལ། དཔེ་སྲིད་ཀྱི་མ་རེད། ལས་ཀ་ཁྱེད་ལ་དགོས་ཀྱི་ཡོད་རེད། ཁྱོད་རང་ཡར་བཅར་དགོས་རེད། ཁྱོད་འདྲ་བོ་ཞིག་ལ་གཞུང་གིས་མར་བཅར་ནས་བརྡ་སྤྲོད་དགོས་རེད་དམ། ཉིན་མ་གཅིག་ལ་ཐེངས་ཁ་ཤས་བཅར་དགོས་ཀྱང་བཅར་དགོས་པ་རེད། ཁྱེད་རང་ཤེས་རིག་ལས་ཁུངས་ལ་བཅར་དགོས་པ་ལས་བོད་གཞུང་གིས་ཁྱེད་བཙལ་ནས་ལན་བསྐྱལ་རྒྱུ་ཞེས་ཞེ་དྲག་གཤེ་གཤེ་བཏང་སོང་། འདིས་རྒན་ལགས་ཀྱིས་བོད་གཞུང་ལ་བརྩི་སྟངས་དེ་བསྟན་གྱི་ཡོད་པ་རེད། གཉིས་པ་ནི། རྒན་ལགས་ལ་བརྩོན་འགྲུས་ཧང་སངས་དགོས་པ་ཞིག་ཡོད་རེད། རྒན་གྱིས་ཡིག་ཚང་ནང་ཕྱག་ལས་གནང་ཞོར་བརྗོད་གཞི་གཅིག་གི་སྒང་ལ་རྩོམ་ཞིག་འབྲི་བཞིན་པ་རེད། དེ་བཞིན་གཟིམ་ཤག་ནང་བརྗོད་གཞི་གཞན་དག་ཅིག་གི་སྒང་ལ་རྩོམ་ཞིག་འབྲི་བཞིན་པ་རེད། རྩོམ་འབྲི་སའི་ཤོག་བུ་དེ་ཡང་ཤོག་བུ་ཡག་པོ་དེ་འདྲ་མ་རེད། ལས་ཁུངས་སུ་འབྱོར་བའི་ཡིག་སྐོགས་ནང་ངོས་སུ་ཞ་སྨྱུག་གིས་བྲིས། དེ་སློབ་མ་ཡིག་གཟུགས་དང་དག་ཆ་ཡག་པོ་དེ་ཚོར་བཤུ་འཇུག་གི་རེད། ཡིག་ཚང་ལ་ཕྱག་ལས་གནང་གི་རེད་ལ། རྩོམ་བྲིས་གནང་གི་རེད། དཔེ་ཁྲིད་གནང་གི་རེད། དེ་དང་མཉམ་དུ་སྐབས་དེར་ས་རཱ་འཛུགས་སྐྲུན་བྱེད་བཞིན་པ་རེད། ས་རཱ་ལའང་བདུན་ཕྲག་གཅིག་ལ་ཐེངས་གཉིས་གསུམ་ཉུང་མཐར་ཕེབས་ཀྱི་རེད། མཚན་ཉིད་གྲྭ་ཚང་གི་འགྲམ་གྱི་འགྲེམས་སྟོན་ཁང་ཡོད་སའི་གཤམ་དེར་ཁང་པ་ཞིག་ཡོད་པ་དེའང་རྒྱག་བཞིན་པ་རེད། རྒན་དེ་ལའང་ཞོགས་པ་དང་དགོང་དྲོ་བྱས་ནས་ཐེངས་གཉིས་ལ་ཕེབས་བཞིན་འདུག རྒྱ་གར་དེ་ཚོར་རྒན་རང་ཉིད་ཀྱིས་ས་བག་ཡར་བཀྱགས་པ་དེ་འདྲའི་རོགས་གནང་གི་འདུག དེ་འདྲ་ཡིན་དུས་བརྩོན་འགྲུས་ཞེ་དྲག་ཅིག་འདུག ངས་ཁྱད་ཆོས་དེ་འདྲ་ཞིག་མཇལ་བྱུང་།། །།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།