མདུན་ངོས། དཔེ་དེབ་ངོ་སྤྲོད། དེབ་གསར་《འཁྲུ...

དེབ་གསར་《འཁྲུལ་སེལ་པཎ་ཆེན་དགོངས་བརྒྱན་》བཀླགས་ཚོར།

༧༣༣

 རྫ་ཚེ་རིང་བཀྲ་ཤིས།

ཉེ་ཆར་ངས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ལྟ་གྲུབ་དང་འབྲེལ་བའི་བརྒལ་ལན་གྱི་རྩོམ་དེབ་ཅིག་མཇལ། རྩོམ་པ་པོའི་མཚན་ལ་ཟི་ལུང་པ་བསྟན་པ་བཟང་པོ་ཞེས་བྲིས་འདུག །ངས་དངོས་སུ་མཇལ་མྱོང་ཡོད་མེད་གསལ་པོ་ཞིག་མི་དྲན་ཡང་ཁོང་ནི་ད་ལྟ་དཔལ་རྫོང་སར་བཤད་གྲྭར་སློབ་གཉེར་གནང་བཞིན་པའི་གྲྭ་པ་ཞིག་རེད་འདུག །དེ་ཡང་རྫོང་སར་བཤད་གྲྭའི་ཕྱིས་ཀྱི་སློབ་གཉེར་པ་གསར་པའི་ཁྲོད་དུ་འདི་འདྲའི་དཔྱད་བརྗོད་སྤུས་དག་འབྲི་མཁན་ཕེབས་བཞིན་པ་དེར་དགའ་སྤོབས་ཀྱི་ཚོར་སྣང་བཅོས་མིན་བྱུང་།

སྤྱིར་བཤད་གྲྭ་དང་སློབ་གླིང་དེ་ཚོར་འཆར་ཅན་གྱི་སློབ་སྦྱོང་གི་བརྒྱུད་རིམ་དང་སློབ་ཐོན་གྱི་གྲངས་འབོར་དགོས་པ་ལས། འདི་ལྟ་བུའི་དམིགས་བསལ་གྱི་རྣམ་དཔྱོད་སྤྱད་ནས་རྩོམ་ཡིག་ཚད་ལྡན་འབྲི་མཁན་དང་། དེ་བས་ཀྱང་གཞོན་སྐྱེས་ཀྱི་རྣམ་རིགས་དང་སེམས་ཤུགས་སྤྱད་ནས་དགག་སྒྲུབ་ཐུབ་མཁན་ངེས་པར་དུ་དགོས། ཁྱད་པར་ཧི་མ་ལ་ཡའི་ལྗོངས་ཀྱི་སློབ་གཉེར་བ་དག་གི་ཁྲོད་དུ་འདི་ལྟ་བུའི་སློབ་གཉེར་བ་ཐོན་དང་ཐོན་བཞིན་པ་དེར་ངའི་ངོས་ནས་དམིགས་བསལ་གྱི་དོན་སྙིང་ཡོད་པ་ཞིག་གི་མཐོང་ཚུལ་ཡོད།

འདིར་ཁོང་ལོ་རིམ་བཅུ་པ་ཙམ་ཡིན་པས་སྤྱིའི་ཆས་ནས་སྔགས་ཀྱི་སློབ་ཚན་དངོས་སུ་ཕྱིན་ཚར་མེད་པ་འདྲ་ཡང་། སྔགས་ཕྱོགས་ཀྱི་གོ་བའང་སྨིན་པོ་ཡོད་པ་དང་། ཁྱད་པར་དུ་དགག་སྒྲུབ་རྩོམ་རིགས་ལ་ཤིན་ཏུ་དགོས་པའི་ཆ་རྐྱེན་གཉིས་ནི་སྒྲ་ཚད་གཉིས་ཡིན་ལ། སྒྲ་ནི་ཚིག་གི་སྦྱོར་བ་དང་རྩོམ་རྩལ་གྱི་ནུས་པ་ཡིན་ཞིང་། ཚད་མ་ནི་རིགས་པའི་ལམ་གྱི་འགྲོས་དང་གནད་དོན་དངོས་ཀྱི་ཐོག་ལ་དགག་སྒྲུབ་ཀྱི་རྣོ་ཐོན་པ་དེ་ཡིན་པས། དེ་གཉིས་ཆར་གྱི་ཐད་ནས་ཧ་ཅང་ཡག་པོ་འདུག་སྙམ།

དེ་ལྟར་ཡང་འདིར་བཤད་པའི་དགག་སྒྲུབ་ཀྱི་རིགས་པ་འདི་དག་མཐའ་གཅིག་ཏུ་ཚང་མས་དང་ལེན་ཐུབ་པ་ཞིག་དང་བདེན་དོན་ཉག་གཅིག་ཡིན་མིན་གྱི་ཕྱོགས་ལ་ནི་བསམ་བློ་བཏང་མེད་དེ། དེ་ལྟ་བུའི་ཆ་རྐྱེན་ནི་མཁས་པ་རྒན་པ་ཚོའི་བརྩམས་ཆོས་ལའང་འདོན་དཀའ་ན་སློབ་གཉེར་གནང་བཞིན་པའི་གཞོན་སྐྱེས་ཤིག་གི་རྩོམ་ཡིག་ལ་དེ་བས་ཀྱང་སྨོས་མ་དགོས་པ་ཞིག་རེད། མ་ཟད་སྒེར་ངོས་ནས་ནི་དགག་སྒྲུབ་ཞུ་ཡུལ་དང་ཁོང་གཉིས་ཀྱི་སུ་ཞིག་བདེན་དང་མི་བདེན་གྱི་ཕྱོགས་ལ་སྒེར་གྱི་ལངས་ཕྱོགས་ཀྱང་མེད་མོད། སྤྱིར་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་ཁོང་གི་གཞུང་ལུགས་ནི་དཔལ་ལྡན་ས་སྐྱ་པའི་སྔོན་བྱོན་དམ་པ་གོང་མའི་ཤེས་རབ་ནོར་བུའི་ཕུང་པོའི་དབུས་ཀྱི་ཧ་ཅང་གལ་ཆེ་བའི་ཆ་ཤས་ཤིག་ཡིན་པས་དམིགས་ཀྱིས་ཁོང་གི་གཞུང་ལུགས་ཀྱི་གནད་ལ་བསམ་བློ་གཏོང་མཁན་དགོས་པ་འདི་ཧ་ཅང་གལ་ཆེ།

ལར་ནས་ངའི་བསམ་པར་གོ་ཤཱཀ་སྟག་གསུམ་གྱི་གང་རུང་ཞིག་མཐའ་གཅིག་ཏུ་ཡག་ཤོས་ཡིན་པ་དང་། ཡང་ན་གསུམ་ཀ་དགོངས་པ་འགལ་མེད་དུ་སྒྲུབ་རྒྱུ་གཉིས་ཆར་གལ་ཆེ་ཤོས་མ་ཡིན་པར། གོ་ཤཱཀ་སྟག་གསུམ་རང་རང་གི་ཐུན་མོང་མིན་པའི་རྣམ་དཔྱོད་དང་དགོངས་པ། གསུང་གི་ཁྱད་ཆོས་བཅས་རང་ས་རང་ས་ནས་རྩལ་འདོན་དང་ཁ་གསལ་གནང་ཐུབ་པ་ཞིག་བྱུང་ན་དེ་དགེ་མཚན་ཆེ་བར་སྙམ།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་ཡེ་ཤེས་འཁོར་ལོའི་རང་གནས་སུ་འཕྲལ་བྲིས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།