རྫ་ཚེ་རིང་བཀྲ་ཤིས།
ང་ཉེ་ཆར་རྒྱ་བལ་ནས་རོང་ཟོམ་བརྙན་ལམ་གསན་གཟིགས་གནང་མཁན་མང་པོར་ལམ་ཁ་སོགས་ནས་མཇལ། ཚང་མས་བསྔགས་པ་ཡང་མང་པོ་ཐོབ། བསྐུལ་མ་ཡང་ཆེན་པོ་བྱུང་སྟེ། དེའི་ནང་ནས་དམིགས་བསལ་ཞིག་ནི་སྙེ་ཤང་བླ་མ་ཤེས་རབ་རྒྱལ་མཚན་དང་མཇལ་བ་དེ་ཡིན།
ཁོང་ལ་མ་ཎི་བ་ཞེས་ཀྱང་འབོད། ཁོང་ནི་བྱང་ཆུབ་སེམས་ཀྱིས་ཕྱུག་པ་དང་། བྱིན་རླབས་ཅན་གྱི་བླ་མ་ཞིག་ཡིན་པའི་ངེས་ཤེས་ཡོད། ཁོང་ནི་རྒྱལ་དབང་རིག་པའི་རྡོ་རྗེ་སོགས་ཀྱི་སློབ་མའང་ཡིན། ཁོང་དང་འཕགས་པ་ཤིང་ཀུན་གྱི་སྐོར་ལམ་ནས་མཇལ་སྐབས། ཁོང་གིས་ང་ངོ་མཁྱེན་པར་མ་ཟད། ངས་རྟག་པར་ངོ་དེབ་དང་ཡུའུ་ཁྲུབ་ནས་ཁྱེད་ཀྱི་བཅར་འདྲི་ཁག་མཇལ་བཞིན་ཡོད། ཕན་ཐོགས་ཆེན་པོ་འདུག །དེ་རིང་ཁྱེད་རིན་པོ་ཆེ་སྐུ་དངོས་སུ་མཇལ་བྱུང་། ཞེས་གསུངས།
ཁོང་གིས་ང་ལྟ་བུ་ཞིག་ལ་རིན་པོ་ཆེ་འབོད་གནང་བ་དེས་ཚ་གེ་ཚིག་གེ་འདྲ་ཞིག་ཀྱང་བྱུང་། ལར་ང་ནི་ཧམ་པ་ཅན་ཞིག་ཡིན་པས་གཞན་གྱིས་ངོ་རིག་ས་ནས་རིན་པོ་ཆེ་ཞེས་ལབ་ཀྱང་ཡིད་ཆེས་དང་ཚོར་བ་དེ་ཙམ་ཡོད་མེད་ཅི་རིགས་ཡིན་ན་ཡང་། ཁོང་ལ་རང་ངོས་ནས་གུས་ཞབས་ཆེན་པོ་ཡོད་སྟབས་ཁོང་གི་གུས་པར་གུས་ཞབས་གནང་སྟངས་དེས་ང་ལ་མ་བདེ་བ་ཞིག་བྱུང་། དེ་དང་མཉམ་དུ་དེང་སང་མང་པོ་ཞིག་རྟག་པར་དྲ་ལམ་སོགས་ན་ཡོད་ཀྱང་མེད་མདོག་ལ་ཐུགས་མཉེས་པའི་བཅོས་མ་ཅན་གྱི་མཚམས་པ་དང་ཆོས་པའང་མང་པོ་ཡོད་པའི་དུས་འདིར། ཁོང་ལྟ་བུའི་རྒན་པ་ཞིག་གིས། ཐད་ཀར་ངོ་དེབ་ནས་ཁྱོད་ཀྱི་སྐོར་ལ་རྟག་པར་ལྟ་གིན་ཡོད་གསུངས་དུས་ཤིན་ཏུ་མ་བཅོས་པའི་རྣམ་པ་ཞིག་ཀྱང་མཇལ་བྱུང་། དེའང་ངའི་དད་གུས་ཀྱི་ཚོར་བ་དེའི་སྣོན་མ་ལྟ་བུར་གྱུར། དེ་ནས་ངས་རྒྱ་སྐད་ཀྱིས་ང་དང་མཉམ་དུ་ཡོད་པའི་སློབ་མ་ཚོར་ཁོང་བླ་མ་བཟང་པོ་ཞིག་རེད། ཁོང་གི་ས་ནས་བྱིན་རླབས་ཤིག་ཞུས་ཞེས་ལབ་པ་ཡིན། ཁོང་གིས་ཀྱང་མགུར་སྲུང་ཕུད་ནས་རེ་རེ་བཞིན་སྒྲོལ་མ་སྐྱབས་བདུན་མ་གསུང་ཞོར་བྱིན་རླབས་གནང་བྱུང་།
དེ་ནས་ངས་ཁོང་ལ། གུས་པས་ཁྱེད་མཇལ་བ་ཐེངས་དང་པོ་མིན། ལོ་མང་སྔོན་(མཁན་ཆེན་རྣམ་གྲོལ་གྱི་སྒྲུབ་སྡེར་ཡིན་ནམ་གསལ་པོ་མི་དྲན་)ཡང་ལེ་ཤོད་དུ་མ་ཎི་འཚོགས་ས་ཞིག་ལ་བཅར་ནས་ཆོས་འབྲེལ་ཞུ་མྱོང་ཞེས་ཞུས། དེ་ནས་ངས་ཀྱང་ང་ལ་ཕྱག་དབང་བྱིན་རླབས་ཤིག་གནང་རོགས་ཞུས་ནས་ཁོང་གི་གམ་དུ་གུས་པས་ཐལ་མོ་སྦྱར་བ་ཡིན། ཁོང་གིས་ཕྱག་གུས་པའི་མགོ་ཐོག་ཏུ་བཞག་ནས་བྱིན་རླབས་གནང་བྱུང་བས་ཤིན་ཏུ་དགའ་སྤྲོ་ཆེན་པོ་སྐྱེས། ལར་ང་ལ་སངས་རྒྱས་དངོས་ལྟ་བུའི་བླ་མ་མང་པོ་ཡོད་ན་ཡང་། དེ་དག་གིས་ཡིད་མ་ཚིམ་པར་བླ་མ་འཚོལ་བ་དེ་འདྲའང་མིན་ན་ཡང་། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་དང་ཆོས་པ་རྣམ་དག་ལ་དགའ་གུས་བཅོས་མིན་གྱི་གུས་འདུད་ཞུ་ཐུབ་པ་ཞིག་ཡོང་བ་འདིའི་ཐད་ཆོས་གྲོགས་གཞན་མང་པོ་ཞིག་ལས་ཀྱང་ང་ཉིད་བསོད་ནམས་ཆེ་བར་སྙམ་པའི་ང་རྒྱལ་བག་རེ་ཡང་སྐྱེས། དེ་ནས་མ་ཎི་བ་ཁོང་དང་ཞལ་གྱེས་ཞུས།