རྫ་ཚེ་རིང་བཀྲ་ཤིས།
ངས་ཉེ་ཆར་རང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་སྐད་ཀྱི་མིང་མཛོད་རྩོམ་བསྒྲིགས་ཀྱི་ཕྱག་ལས་གནང་ནས་ལོ་ཧྲིལ་པོ་ཉི་ཤུ་ཕྱིན་པ་དང་། གནམ་ལོ་ཉེར་གཅིག་པའི་ལས་ཀའི་དབུ་འཛུགས་ཀྱི་ཚོགས་འདུའི་ཐོག་ཏུ་གསུངས་པའི་བཀའ་སློབ་ཅིག་ལ་མཉན།
སྤྱིར་བཀའ་སློབ་དེའི་ནང་དོན་ནི་མིང་མཛོད་རྩོམ་སྒྲིག་དང་འབྲེལ་བའི་ལས་དོན་སྙན་ཞུ་ལྟ་བུ་ཞིག་རེད། བཀའ་སློབ་དེ་ལྟ་ཉན་ཞུ་མཁན་དང་བརྒྱུད་འགོད་བྱེད་མཁན་ནི་དྲ་སྒང་ཧྲིལ་པོར་ཁྱབ་པ་ལྟར་བྱུང་། མང་པོ་ཞིག་གིས་སེམས་འགུལ་ཐེབས་པའི་ཚོར་བ་གྲོགས་ཚོམས་སུ་བྲིས་པ་དག་མཇལ། ང་ལ་ཡང་ཚོར་སྣང་ཤིན་ཏུ་ཆེན་པོ་བྱུང་། ཡིན་ན་ཡང་། ཚོར་བ་དེ་ནི་དགའ་སྐྱོ་འདྲེས་མ་དང་། སྔངས་སྐྲག་དང་སེམས་ཁྲལ་གྱི་ཚོར་བ་འཇིགས་ཡེ་རེ་བ་ཞིག་ལས་རེ་བས་ཁེངས་པའི་ཚོར་བ་སྤྲོ་ལྷང་ངེ་བ་ཞིག་མ་རེད།
ཁོང་རྣམ་པའི་ཕྱག་ལས་དེ་ནི་ཧ་ཅང་རླབས་ཆེན་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་ཧ་ཅང་ཉོབ་ཏོ་དང་ཁེར་རྐྱང་། ཚར་རྒྱུ་དང་རྫོགས་རྒྱུ་མེད་པ་ཞིག་དང་། ངང་རྒྱུད་རིང་པོས་ཕྱག་ལས་གནང་ཐུབ་པའི་སྙིང་སྟོབས་ཤིན་ཏུ་བརྟན་པོ་ཕ་བོང་ལྟ་བུ་ཞིག་མེད་ན་འཁྱོངས་དཀའ་བ་ཞིག་རེད། ད་དུང་དྲིན་ལན་ལོག་འཇལ་དང་བཀའ་དྲིན་ལ་བསམ་ཤེས་མེད་པའི་སྨྲ་བ་ཁྲི་སྟོང་གི་ཁྲོད་ནས་མཚམས་མཚམས་བློ་ཕམ་དང་ཡི་ཆད་ཀྱི་ཚོར་བའང་སྐྱེ་སྲིད་མོད། ཁོང་རྣམ་པས་དེ་ལས་ལྡོག་སྟེ། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་པའི་བསམ་སྤྱོད་དང་དུ་བླངས་ཏེ་མི་ལོ་ཉི་ཤུའི་དུས་ཀྱི་རབ་ཁ་འཕྲེད་དུ་བཅད་པ་ནི་ཅི་འདྲའི་ངོ་མཚར་ཅན་ཞིག་རེད་ཨང་།
ཤེས་རབ་དང་སྤོབས་པས་དཔལ་དུ་འབར་ཞིང་། ལྷག་བསམ་དང་སྙིང་སྟོབས་ཀྱིས་གཞན་དབང་དུ་གྱུར་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་ཁོང་གི་དཔུང་སྡེ་དེས། འདས་པའི་མི་ལོ་ཉི་ཤུའི་རྩ་ཆེ་བའི་མི་ཚེའི་དུས་ཚོད་དེ་འདི་ལྟར་བསྐྱལ་བ་ནི། ཁ་བའི་ལོ་རྒྱུས་ཀྱི་ཁྲོད་ནུབ་པ་མེད་པའི་གསེར་གྱི་རྡོ་རིང་ལྟ་བུའི་ལོ་རྒྱུས་ཤིག་ཏུ་གནས་ངེས་ཡིན་པ་དེར་ངེས་ཤེས་ཆེ་རུ་ཕྱིན།
ད་དུང་མིང་མཛོད་དང་འབྲེལ་བའི་ལས་དོན་དེ་ནི་རང་གར་གྱིས་མིས་འགྲུབ་པ་ཞིག་མིན་པས། གྲངས་དང་གྲབ། ཕེབས་ཁུངས་ཐོབ་ཐང་སོགས་གང་གི་ངོས་ནས་བསམ་ན་ཡང་། གནད་ཆེ་བའི་དུས་ཚོད་དང་། རྒྱུན་རིང་བའི་ཕྱག་ལས་ཀྱི་ཆ་ཤས་རེ་རེ་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རིན་ཐང་ཆེན་པོ་ལྡན་པ་དེ་ལྷག་ཏུ་རྟོགས་མགོ་འཚུགས། དེ་དང་མཉམ་དུ་བག་ལ་ཉལ་བའི་སྐྱོ་བའི་སྣང་ཤེས་དེའང་མངོན་གསལ་ཆེ་རུ་ཕྱིན།
དེ་ཡང་ལོ་འདི་ཀའི་རང་མཁས་ཆེན་རྒན་པ་ནོར་བྲང་ཨོ་རྒྱན་དང་། རྡོ་དགོན་གསང་བདག་རྡོ་རྗེ་ལྟ་བུ་སྔ་གཞུག་ཏུ་འདས་གྲོངས་སུ་ཕྱིན། ད་ལྟ་བཞུགས་བཞིན་པ་དག་ཀྱང་། གཞོན་པ་ནས་དར་མ་དང་དར་མ་ནས་རྒས་པའི་གོ་རིམ་དུ་རིམ་གྱིས་འཕོ་བཞིན་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་དུ་སྣང་ལ། མིང་མཛོད་རྩོམ་སྒྲིག་འདུ་འཛོམས་ཀྱི་སྐུ་པར་ལ་རྒྱང་མཇལ་ཞུ་སྐབས་སུའང་། མཁས་པའི་གྲལ་ར་གཉན་པོ་དེ་ལོ་རེ་བཞིན་མངོན་གསལ་དོད་པོས་ཉུང་དུ་འགྲོ་བཞིན་པ་མཐོང་དུ་ཡོད་པས། ཁོང་རྣམ་པའི་ཚོགས་འདུའི་སྐུ་པར་མཇལ་རྒྱུར་དགའ་བའི་གུས་པར་མཚོན་ན། འགྱུར་བའི་ཆོས་ཉིད་འདི་དག་གིས་སེམས་ལ་ཕངས་སེམས་དང་བློས་མི་ཐོངས་པའི་སྐྱོ་གདུང་གི་ཚོར་བ་ནར་མར་སྦྱིན་གྱི་ཡོད། ཡིན་ན་ཡང་། འཇིག་རྟེན་གྱི་ཆོས་ཉིད་འདི་ལ་སུས་ཀྱང་བཅོས་སུ་མེད།
ཉེ་ཆར་མཁན་ཆེན་མཆོག་གིས་འབྱུང་འགྱུར་རྩོམ་སྒྲིག་གི་ཚོགས་མིའི་སྤུས་ཚད་དེ་འདས་པའི་ལོ་ཉི་ཤུ་ནང་བཞིན་ཡོང་རྒྱུར་ཁག་པོ་ཡིན་ཚུལ་གསུངས་པའི་སྐབས་སུ་རང་ངོས་ནས་ཁོང་རྣམ་པའི་ཤེས་ཡོན་གྱི་རྒྱབ་ལྗོངས་སྤྱི་དང་བྱེ་བྲག་ལ་བསྐྱར་དུ་བསམ་བློ་བཏང་བ་ཡིན།
ཁྱད་པར་དུ་སྤྱི་ཚོགས་རྙིང་པའི་དུས་རབས་ནས་སྲོལ་རྒྱུན་ཤེས་ཡོན་གྱི་དབུ་ཚུགས་ཤིང་། ལོ་རབས་ལྔ་བཅུ་དང་དྲུག་བཅུའི་ནང་དུ་བློ་ལས་འདས་པའི་མི་ཚེའི་ཉམས་སད་བརྒྱུད་མཐར། ལོ་རབས་བདུན་ཅུ་བརྒྱད་ཅུ་ནས་མི་རིགས་གཅིག་གི་རིག་གཞུང་དང་རྩོམ་རིག་གི་བསྐྱར་དར་ལ་སྣེ་ཁྲིད་པའི་མཁས་པ་དག་འདི་ལྟར། གཞོན་པས་སྣེ་ཁྲིད། རྒན་པས་གཏིང་མནན་ནས་མཉམ་དུ་ཕྱག་ལས་གནང་བ་དང་། དེ་ཡང་སྐྱ་སེར་གཉིས་ཀ །མདོ་དབུས་ཁམས་གསུམ་སོགས་ཁྱོན་ཡོངས་ཀྱི་གྲུབ་ཆ་ཚང་བའི་དཔུང་སྡེ་ཞིག་གྲུབ་པ་ནི་ཅི་འདྲའི་ཡ་མཚན་དངོས་བྱུང་ལྟ་བུ་ཞིག་ཡིན་པ་དེར་དཀའ་བ་དང་དཀོན་པའི་འདུས་ཤེས་སྐྱེས། སྙིང་ཁོང་རུས་པའི་གཏིང་ནས་རྩ་ཆེན་དུ་ཚོར།
མདོར་ན། མིང་མཛོད་རིན་པོ་ཆེ་འདི་ནི་བློ་གྲོས་མཆོག་ཏུ་ལྡན་ཞིང་། རིག་པ་མང་དུ་ཐོས་པ། ལྷག་བསམ་དང་བརྩོན་པས་ཕྱུག་པའི་མཁས་པ་ཁོང་དག་གིས་རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས་ཤེས་རབ་དང་ཐོས་པའི་ཀློང་ནས་གཏེར་དུ་བླངས་པའི་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་མཐར་ཐུག་པ་ཞིག་ཏུ་གྲུབ་ཡོད།
དེ་ལྟ་བུའི་དཔུང་སྡེ་ཞིག་ལ། རྒྱུ་དང་དཔལ་འབྱོར་གྱི་རྒྱབ་བསྟེན། ཤུགས་དང་ནུས་པའི་སྣེ་ཁྲིད་བཅས་གནང་མཁན་མཁན་ཆེན་མཆོག་གི་གཟིགས་རྒྱང་དང་བློས་བཏོང་དེ་དག་ཀྱང་ཡིད་ལ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་ཚུལ་དུ་འཁོར།
ད་དུང་སྤྱིར་འཛམ་གླིང་དུ་ནི། གསར་འགྱུར་དང་ཚགས་པར་ཚང་མ་མ་རྩ་རང་ལུགས་ཀྱི་བྲན་གཡོག་ཏུ་གྱུར་ནས་ཕྱུག་པོ་དང་རྒྱུ་ཆེན་དག་གི་བསམ་ཚུལ་དང་དགོས་འདུན་འགོད་ཡུལ་ཞིག་ཏུ་གྱུར། སྒོས་ས་ཆ་དེར་ནི་ཚིག་མཛོད་དང་རྩོམ་རིག་ཡོངས་སུ་རྫོགས་པ་ཚོགས་སྡེ་དང་མི་སྣ་བྱེ་བྲག་པའི་ལྟ་བ་དང་ལངས་ཕྱོགས་ལ་བསྟོད་གླུ་ལེན་འབུལ་མཁན་འབའ་ཞིག་ཏུ་གྱུར་ཡོད་པའི་དུས་འདིར། མི་མང་གི་ཁྲོད་རང་ནས་ཡར་བཞེངས་ཏེ། མི་རིགས་ཤིག་གི་རིན་ཐང་གི་ལྟ་བ། སྐད་ཡིག་གི་ཆོས་ཉིད། དུས་ཀྱི་དགོས་མཁོ་བཅས་ཟུང་དུ་འབྲེལ་བའི་སྒོ་ནས་རང་དོན་རང་གཅེས་ཀྱིས་སྒེར་སེམས་མེད་པའི་ཕྱག་ལས་གནང་བའི་ཁོང་རྣམ་པའི་མཁྱེན་བརྩེ་ནུས་པ་དང་ཐབས་མཁས་བཅས་ལ་སེམས་གཏིང་ནས་དགའ་དད་སྐྱེས།