ཆེད་དུ་བརྗོད་པའི་གཏམ།
༄༅།། ལྷག་བསམ་དང་རྣམ་དཔྱོད་ཀྱིས་ཕྱུག་པའི་འདི་ག་ཝཱ་ཎ་མཐོ་སློབ་ཀྱི་སློབ་ཟུར་ཡ་ལོ་ངག་དབང་ཆོས་འཕེལ་ལགས་ནས་རྩོལ་བ་ཆེན་པོས་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་ངོ་སྤྲོད་ཀྱི་ཕྱག་དེབ་དཔར་སྐྲུན་གནང་འཆར་གྱི་རགས་ཟིན་ལ་ཞིབ་ལྟ་བྱེད་སྐབས། གཙུག་ལག་སློབ་ཁང་གི་སྣོད་བཅུད་ཁོར་ཡུག་དང་བཅས་པ་ཞིབ་གསལ་བཀོད་འདུག་པས། རྒྱ་ཆེའི་ཕྱི་ནང་ཀློག་པ་པོ་རྣམས་ལ་གཙུག་ལག་སློབ་ཁང་གི་བྱུང་རབས་དང་འབྲེལ་བའི་གནས་ཚུལ་མང་པོ་ཤེས་རྟོགས་ཐུབ་རྒྱུར་ཐུགས་ཕན་སོས་ངེས་སུ་མཐོང་བས་ཡི་རང་ཞུ།
ཕྲན་ཡང་གཙུག་ལག་སློབ་ཁང་འདི་ལས་སློབ་སྦྱོང་བྱས་ཤིང་འདི་རང་དུ་ལས་ཁུར་ཞུ་མཁན་གྱི་གྲས་ཤིག་ཡིན་པས་སློབ་གྲྭ་འདིའི་ཐོག་མཐའ་བར་གསུམ་གྱི་གནས་བབ་ཆ་ཚང་ལ་རྒྱུས་མངའ་ཕྲན་བུ་ཡོད། དེ་ཡང་ཕྲན་རང་ཉིད་ཐོག་མར་ཕྱི་ལོ་ ༡༩༧༠ ལོར་སློབ་གྲྭ་འདིར་འཛུལ་ཞུགས་བྱེད་སྐབས་མཐོ་སློབ་གྱི་མིང་སྐམ་པོ་ཞིག་ལས་མཐོ་སློབ་འདི་རེད་བྱ་བའི་ས་ཁང་གནས་མལ་སོགས་མིག་འཛུགས་བྱ་ཡུལ་ས་རྡོག་རྡོག་དང་ཤིང་ཀེ་ཀེར་ཞིག་ཀྱང་མཐོང་རྒྱུ་མེད་པར་མགྲོན་པོ་མགྲོན་ཁང་དུ་གནས་གཡར་ཞུས་པ་ལྟར་གྱི་གནས་སྟངས་འབའ་ཞིག་མཆིས།
འོན་ཀྱང་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧརུ་རྣམ་གཉིས་ཀྱི་ཕུགས་རྒྱང་རིང་པོའི་དགོངས་བཞེད་ལྟར། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དང་། ལྕམ་ཀཔིལཝཏྶཡན། (Madam Dr. Kapila Vatsayan) མཆོག་གི་གཙོས་མཐོ་སློབ་ཁང་འདིའི་འཛུགས་སྐྲུན་གྱི་ཕྱག་རྗེས་བཟང་པོ་འཇོག་མཁན་རྣམས་དང་། དེ་དག་ལ་དངོས་དང་བརྒྱུད་པའི་མཐུན་འགྱུར་རོགས་འདེགས་ཞུ་མཁན་གྱི་རྒྱ་བོད་མི་སྣ་ཁག་དང་། ལྷག་པར་རྒྱ་གར་དབུས་གཞུང་བཅས་ཀྱིས་ལྷག་པའི་བསམ་པའི་ཀུན་ནས་བླངས་ཏེ་འབད་པ་རྒྱུན་མར་བྱས་པ་ལས་དེ་རིང་དེབ་ཆུང་དུ་འཁོད་པ་ལྟར་གྱི་འོད་ཟེར་སྟོང་ལྡན་གྱི་གཙུག་ལག་སློབ་ཁང་འདི་གྲུབ་པ་ཡིན།
ད་ཆ་གཙུག་ལག་སློབ་གཉེར་ཁང་འདི་ནི་བོད་ཕྱི་ལོགས་ཀྱི་ནང་ཆོས་གཙོ་བོར་གྱུར་པའི་བོད་རིག་པའི་ཤེས་ཡོན་ལྟེ་གནས་ཁང་མཐུན་སྒོ་ཚང་ཤོས་དེ་ཡིན་པ་མ་ཟད། རྒྱ་གར་གཙོས་པའི་ཕྱི་རྒྱལ་རང་དབང་ཅན་གྱི་ལུང་པའི་སློབ་གཉེར་ཁང་ཁག་གིས་ཀྱང་མིག་དཔེ་བལྟ་ཡུལ་དོན་དང་ལྡན་པ་ཞིག་ཆགས་ཡོད། འདི་ནི་སྟེས་དབང་སྟབས་ལེགས་དང་རང་བཞིན་ལྷུན་གྲུབ་ཞིག་མ་ཡིན་པས། འདི་གའི་ན་གཞོན་སློབ་གཉེར་བ་རྣམས་དང་བོད་རིག་པར་ཞིབ་འཇུག་གནང་མཁན་གྱི་ཕྱི་ནང་མི་སྣ་ཁག་གིས་སློབ་ཁང་འདིའི་མཐུན་རྐྱེན་དང་གོ་སྐབས་ལོངས་སུ་ཚུལ་མཐུན་དོན་སྨིན་སྤྱོད་ཐུབ་ན། ད་གཟོད་སློབ་ཁང་འདིའི་རྟེན་དང་བརྟེན་པ་གསར་བཞེངས་རྒྱ་བསྐྱེད་མཐུན་ཚང་ཕུན་ཚོགས་སུ་བསྐྲུན་རྒྱུར་དཀའ་སྤྱད་འབད་བརྩོན་གནང་མཁན་གོང་གསལ་སྤྱི་སྒེར་ཚང་མའི་འབད་པ་དོན་མེད་དུ་མ་སོང་བར་དམིགས་འདུན་འགྲུབ་པའི་རྒྱུ་ཁོ་ན་ཡིན་སྙམ།
མཐའ་དོན་དཔྱོད་ལྡན་ཡ་ལོ་ངག་དབང་ཆོས་འཕེལ་ལགས་ནས་འདི་ལྟའི་བྷོཊའི་གཙུག་ལག་སློབ་ཁང་གི་བྱུང་རབས་དང་མཐུན་རྐྱེན་ཁྱད་ཆོས་སོགས་ཀྱི་ཕྱག་དེབ་དཔར་སྐྲུན་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་བཅས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གྱི་མིང་འཛིན་ཌོགཊར་བྱམས་པ་བསམ་གཏན་གྱིས་ཕྱི་ལོ་ ༢༠༡༣ ལོའི་ས་ག་ཟླ་བའི་དུས་བཟང་གི་དཀར་ཕྱོགས་དགའ་བ་དང་པོར་བྲིས་པ་དགེའོ། །
བརྗོད་འདོད་པའི་ཚིག་འགའ།
བོད་མི་རིགས་ལ་དུང་ཞིང་། མི་རིགས་འདིའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་སླད་དུ་ཚེ་སྲོག་ཕུལ་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། དེ་བཞིན་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་སླད་དཀའ་ཚེགས་དུ་མ་བསྟེན་པའི་ཤེས་ལྡན་པ་རྣམས་ལ་གུས་འདུད་དང་བཅས་ཏེ་ཡི་རང་ཞུ།
རང་ཉིད་ནི་ལོ་རྒྱུས་ལ་མཁས་པའི་མི་ཞིག་ཀྱང་མིན་ལ། འབྲི་རྩལ་ལྡན་པའི་རྩོམ་པ་པོ་ཞིག་ཀྱང་དེ་བས་མིན། འོན་ཀྱང་། མི་རིགས་ཤིག་འཆི་གསོན་གྱི་བར་མཚམས་འདིར། མེས་པོ་གོང་མའི་རང་ཉིད་ལ་བཅོལ་བའི་འོས་འགན་དང་། རྒྱང་རིང་དུ་གནས་པའི་ཕ་མས་རང་ཉིད་ལ་བཅོལ་བའི་འོས་འགན། དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ཡིད་ལ་བཅང་སྟེ་དབུས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས་འདི་ཉིད་བྲིས་པ་ཡིན།
དེ་ཡང་བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་མི་ཚེ་བསྐྱལ་ཟིན་པ་དང་སྐྱེལ་བཞིན་པའི་ལོ་རྒྱུས་ནི་མི་ཐོག་འདི་ཙམ་མ་ཡིན་པར་ཡིག་ཐོག་ཏུ་འགོད་དེ་ཕྱི་རབས་པར་འཇོག་རྒྱུ་ནི་གལ་ཆེར་མངོན། བོད་མིའི་རིགས་ལ་གོམས་གཤིས་ཤིག་ཡོད་པ་ནི། ལོ་རྒྱུས་ཆུང་ཚེག་ལ་གལ་ཆེར་མི་འཛིན་ཅིང་། དེ་ལས་ཀྱང་ལོ་ཚིགས་ལ་གལ་ཆེ་མི་འཛིན། དེའི་རྐྱེན་པས་འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་དང་ལོ་ཚིགས་ལ་གཟིགས་དང་། ལོ་ཚིགས་མི་མཐུན་པ་ཇི་སྙེད་ཅིག་དང་། བཤད་སྲོལ་འདྲ་མིན་རིགས་བྱུང་དང་འབྱུང་བཞིན་པ་དེས་འཚམས་རེ་ཕན་པ་ལས་གནོད་ཆེ་བར་འགྱུར་མི་སྲིད་པ་མིན་སྙམ། དབུས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་འཛུགས་སྐྲུན་གནང་ནས་མི་ལོ་ལྔ་བཅུ་འགྲོ་ལ་ཉེ་བ་དང་། བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་དུ་གཟི་བརྗིད་ལྡན་པའི་གཙུག་ལག་སློབ་གཉེར་ཁང་ཐོག་མ་དེ་ཡིན་ཡང་། ལེགས་ཉེས་ལ་མ་ལྟོས་པའི་དེབ་གཟུགས་སུ་བཀོད་པའི་ལོ་རྒྱུས་ཆ་ཚང་ཞིག་རྙེད་རྒྱུ་མེད་པར་བརྟེན། རང་ཉིད་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ལོ་ཤས་རིང་བསླབ་པ་སློབ་གཉེར་བྱས་དུས་ནས་ལོ་རྒྱུས་ཀྱི་བར་སྟོང་འདི་ཁ་སྐོང་ཐུབ་ན་སྙམ་པའི་རེ་བ་བཅང་གི་ཡོད། སྤྱིར་ལོ་རྒྱུས་འབྲི་བ་ལ་རྒྱུ་རྐྱེན་དུ་མ་ཞིག་འཛོམས་དགོས་ཀྱི་ཡོད་པ་དང་ལྷག་པར་ཨོ་སི་ཀྲི་ལི་ཡའི་གླིང་ཕྲན་དུ་གནས་པའི་གང་ཟག་ཅིག་གིས་འདི་ལྟ་བུ་མཚན་སྙན་ཕྱོགས་མཐར་ཁྱབ་པའི་འཕགས་བོད་མ་ཡ་ཟུང་གི་མཐོ་སློབ་ཆེན་པོ་ཞིག་གི་ལོ་རྒྱུས་འབྲི་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དཔེར་ན་དཔྱད་གཞི་རྒྱུ་ཆ་ཡིག་རིགས་སྣ་མང་འཛོམས་དགོས་པ་མ་ཟད་དཔེ་ཀློག་དང་དཔྱད་བསྡུར་བྱ་བའི་དུས་ཚོད་ཀྱང་མི་ཉུང་བ་ཞིག་ལྡན་དགོས་ཀྱི་ཡོད། ཡིན་ན་ཡང། དགའ་བསུ་འོས་པའི་གནད་དོན་ཁག་ཅིག་ནི། རྒྱང་རིང་དུ་གནས་པའི་དྲིན་ཆེན་ཕ་མའི་བསླབ་བྱ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་གཞི་རྩའི་སློབ་གསོ་ལས་ཐོན་པའི་སྙིང་སྟོབས་དེ་རང་ཉིད་ཀྱི་སེམས་ཁོངས་སུ་གསོན་པོར་གནས་ཐུབ་པས། དེབ་ཆུང་འདི་ཡང་ལུས་ཕུང་ཨོ་གླིང་དུ་གནས་ཀྱང་སེམས་ཁམས་མ་ཡུམ་གངས་ལྗོངས་སུ་ཕྱོགས་པའི་སློབ་གསོའི་འབྲས་བུ་ཞིག་ཡིན་བསམ་གྱི་ཡོད། ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་མདོར་བསྡུས་འདི་ནི་བློ་གསར་གཞོན་ནུ་རྣམས་ལ་ངོ་སྤྲོད་བསྡུས་ཙམ་ཡིན།
གཞན་ཡང་། བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་ཁྲོད་དུ་ཕྱིར་བལྟ་རེ་བྱས་ན། ཀྱག་ཀྱོག་དང་འབར་འབུར་གྱི་བཞུད་ལམ་མང་ན་ཡང་། མཛེས་སྡུག་དང་ཡི་རང་བྱ་འོས་པའི་བྱ་གཞག་ཀྱང་མང་པོ་ཡོད། སྐར་ཚོགས་ལྟར་ཕྲ་ལྷམ་ལྷམ་དུ་མངོན་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། དབྱར་མཚོ་ལྟར་རྒྱས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས། དེ་བཞིན་ནང་བསྟན་འཛིན་པའི་དགེ་འདུན་པའི་དགོན་སྡེ་ཁག་སོགས་ནི་མི་རབས་གོང་མའི་ཐུགས་རེ་འཇོག་ས་ཡིན་ལ། མ་འོངས་གངས་ལྗོངས་གསར་པའི་འཛུགས་སྐྲུན་གྱི་རྨང་གཞི་ཞིག་ཀྱང་ཡིན།
དེ་དག་གི་ཁོངས་ནས་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་དེབ་ཐེར་ཆེན་མོ་རུ་འཁོད་དུ་འོས་པའི་རྒྱ་གར་འཕགས་པའི་ཡུལ་ཝཱ་ར་ཎ་སིར་འཛུགས་སྐྲུན་གནང་བའི་ཆེས་ཐོག་མའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན།
ཕྱི་ལོ་ ༢༠༡༠ ལོར་ཕྲན་ཨོ་གླིང་དུ་སླེབས་པའི་ཉིན་དེ་ནས་བཟུང་སྟེ་སློབ་གྲྭར་འགྲོ་ཞོར་དུ་གུས་པའི་དུས་ཚོད་དང་བློ་རིག་གིས་གང་ལྕོགས་ལྟར་ལོ་རྒྱུས་ཐུང་ངུ་འདི་བྲིས་ཁུལ་བྱས་ཅིང་། ཕྱི་ལོ་ ༢༠༡༢ ལོར་སློབ་གྲྭའི་གུང་གསེང་སྐབས་དང་བསྟུན་ཏེ་ཟུར་ལྟའི་དཔེ་དེབ་ཁག་ཅིག་དང་། ཉམས་མྱོང་ལྡན་པའི་མི་སྣ་ཁག་ཅིག་ལ་བཅར་འདྲི་དགོས་གལ་ཆེ་བར་མངོན་པས་རྒྱ་གར་དུ་བསྐྱོད་པ་ཡིན།
མདོར་ན་སློབ་གཉེར་བྱེད་ཞོར་དུ་བྲིས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་མདོར་བསྡུས་འདིའི་ནང་དུ་བརྗོད་བྱ་དོན་གྱི་ལོ་རྒྱུས་ཆ་མི་ཚང་བ་དང་། རྗོད་བྱེད་ཚིག་གི་ཁ་མི་གསལ་བ། ལོ་རྒྱུས་གོང་འོག་བང་རིམ་སྒྲིག་སྟངས་འཁྲུགས་པ། ཡི་གེ་དག་ཆ་ནོར་བ་དང་ཚིག་ཆད་ལྷག་སོགས་སྐྱོན་གྱི་ཆ་ཅི་མཆིས་པ་ཐམས་ཅད་རྒྱ་ཆེའི་ཀློག་པ་པོ་དག་ལ་བཟོད་གསོལ་ཞུ་བ་དང་སྦྲགས། སླད་ཀྱང་གུས་པ་བདག་ལ་ལམ་སྟོན་གྱི་དགོངས་འཆར་ཡོང་བའི་རེ་བ་སྙིང་དབུས་ནས་ཞུ།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཆགས་ཡུལ།
རྒྱ་གར་འཕགས་པའི་ཡུལ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གནའ་བོའི་རིག་གཞུང་དང་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཀྱིས་ཕྱུག་པར་མ་ཟད། འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་གྲས་ཤིག་ཡིན། སྤྱིར་འཛམ་གླིང་གི་རྒྱལ་ཁབ་ཁག་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ཙམ་གཙོ་བོར་བཟུང་སྟེ་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ལམ་དུ་མ་ཞིག་བྱས་དང་བྱེད་བཞིན་ཡོད། བོད་གངས་ཅན་ལྗོངས་དང་རྒྱ་གར་འཕགས་པའི་ཡུལ་གཉིས་ནི་ཆོས་ཕྱོགས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་བཟང་པོ་ཡོད། དེ་ཡང་༧གོང་ས་མཆོག་གིས་དུས་རྒྱུན་དུ་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ནི་དགེ་སློབ་དབར་གྱི་འབྲེལ་བ་ཇི་བཞིན་ཡིན་ཞེས་ཡང་ཡང་གསུངས་པ་ནི་རྒྱ་གར་མི་མང་ལ་དགའ་བའི་ཚིག་སྙན་ཙམ་མ་ཡིན་པར་བོད་དུ་ནང་པ་སངས་རྒྱས་པའི་ཆོས་དར་ཚུལ་དང་སྔར་ལོ་པཎ་མཁས་གྲུབ་དག་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་ནང་པའི་གཞུང་ལུགས་ཁག་རྒྱགར་མཁས་པའི་དྲུང་ནས་ཐོས་བསམ་སྒོམ་གསུམ་མཛད་པའི་བརྒྱུད་རིམ་དང་། མདོར་ན་སྔར་བྱུང་རབས་ཀྱི་ཁྲོད་དུ་བསུབ་ཐབས་དཀའ་བའི་བཀའ་དྲིན་ཅན་གྱི་གནས་མཆོག་ཅིག་ཡིན་པས། བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་ཞེས་ཐུན་མིན་གྱི་ཡུལ་གྲུ་ཞིག་དང་། རྒྱ་གར་བས་གངས་ཅན་པ་ཞེས་དམིགས་བཀར་བརྩི་མཐོང་གནང་བའི་ལོ་རྒྱུས་ཡུན་རིང་ལྡན་པའི་འབྲེལ་ལམ་ཡོད། སྐབས་དོན་བརྗོད་བྱ་ལས་མ་འཕྲོས་པར་གལ་སྲིད་བློ་གསར་གཞོན་སྐྱེས་དག་གིས་རྒྱ་ཆེར་མཁྱེན་འདོད་ཡོད་ན། སྔར་པཎ་གྲུབ་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་དང་ཆོས་འབྱུང་དེབ་ཐེར་ཁག་ལ་གཟིགས་པར་ཞུ།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཝཱ་རཱ་ཎ་སཱི་ཞེས་པའི་གནས་མཆོག་དེར་འཛུགས་སྐྲུན་གནང་བའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་གང་ཡང་མི་ཤེས་པའི་གང་ཟག་ཞིག་ལ་མཚོན་ན། ཚ་བ་ཤིན་ཏུ་ཆེ་བའི་ས་གནས་དེ་ལྟ་བུ་ཞིག་ལ་ཅིའི་ཕྱིར་གསར་འཛུགས་མཛད་པ་ཡིན་ནམ་སྙམ་པའི་དྲི་བ་འདི་བསམ་བློར་འཁོར་སྲིད་ལ། རང་ཉིད་ལ་མཚོན་ནའང་ཝཱ་རཱ་ཎ་སཱིའི་ཚ་དྲོད་མྱངས་སྐབས་དྲི་བ་འདི་ཡང་ཡང་བསམ་བློ་རུ་འཁོར་མྱོང་ཡོད། དེ་བཞིན་སློབ་གཉེར་བ་ནང་ཁུལ་དུ་དེའི་ཐོག་གླེང་སློང་མི་ཉུང་བ་བྱས་པ་གོ་མྱོང་ཡོད། སྤྱིར་རང་ཉིད་ཀྱིས་དྲི་བ་དེའི་ཐོག་ལ་ཐག་ཆོད་པའི་ལན་ཞིག་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་། ཀུན་བདེ་གླིང་ཛ་སག་འོད་ཟེར་རྒྱལ་མཚན་ལགས། དེ་བཞིན་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གཙོས་པའི་གསུང་བཤད་དང་དེབ་ཐེར་སོགས་ལས་དབུས་བོད་ཀྱི་མཐོ་སློབ་འདི་ཉིད་ས་གནས་དེ་གར་དམིགས་སུ་བཀར་ཏེ་བཙུགས་གནང་བའི་རྒྱུ་མཚན་འདི་ཡིན་ཞེས་གསལ་པོ་མཐོང་ཐོས་མ་བྱུང༌། སྤྱིར་བོད་ཀྱི་རིག་གཞུང་ནང་དུ་གནས་ཁྱད་པར་ཅན་ཁག་ལ་མཆོད་རྟེན་བཞེངས་པ་དང་། དགོན་སྡེ་ཁག་ཕྱག་འདེབས་པ། སློབ་གྲྭ་འཛུགས་པ་ལ་སོགས་པའི་ལུགས་སྲོལ་ཞིག་ཡོད། ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། ཝཱ་རཱ་ཎ་སཱི་ནི་ནང་པའི་རྗེས་འཇུག་པ་ཚང་མས་ངོས་འཛིན་བྱེད་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་གནས་ཁྱད་པར་ཅན་ཞིག་ཡིན་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལྔ་སྡེ་བཟང་པོ་གཙོ་བྱས་ཏེ་གདུལ་བྱ་རྣམས་ལ་བཀའ་ཆོས་གནང་སྐབས་བཀོལ་སྤྱོད་མཛད་པའི་སྐད་ཡིག་གཉིས་ཏེ། པཱ་ལི་དང་ལེགས་སྦྱར་གྱི་སྐད་ཡིག་དུས་ད་ཆ་ཡང་རྩ་བརླག་ཏུ་མ་སོང་བར་གནས་དེར་བསླབ་པ་སློབ་གཉེར་བྱེད་སའི་བསྟི་གནས་མང་དག་ཞིག་ཡོད་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་གནས་དེར་བོད་ཀྱི་སློབ་ཆེན་གསར་འཛུགས་མཛད་པ་རེད་སྙམ།
དེང་སང་རྒྱ་གར་ལ་མངའ་སྡེ་ཉེར་བརྒྱད་ཡོད་པའི་ནང་ནས་མི་འབོར་མང་ཤོས་ཡིན་པའི་ཨུ་ཏར་པྲདེ་ཤ་(Uttar Pradesh) ནང་དུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེ་ཉིད་བརྗིད་ཆགས་ལྡན་པའི་འཛུགས་སྐྲུན་མཛད་ཡོད། མངའ་སྡེ་དེ་ནི་རྒྱ་གར་གྱི་ས་ཁྲ་ལ་གཞིགས་ན་བྱང་ཕྱོགས་ཁུལ་དུ་གནས་ཡོད་པ་དང་། དེའི་རྒྱལ་ས་ནི་ལག་ནོའི་ (Lucknow) གྲོང་ཁྱེར་ཡིན། ཨུ་ཏར་པྲདེ་ཤའི་མངའ་སྡེ་དེའི་ནང་དུ་སངས་རྒྱས་ཀྱིས་བདེན་བཞི་ཆོས་འཁོར་བསྐོར་སའི་གནས་མཆོག་ཝཱ་རཱ་ཎ་སཱི་ཡོད། མངའ་སྡེ་དེའི་ཉེ་འགྲམ་དུ་ནང་པ་སངས་རྒྱས་པའི་གནས་ཆེན་མང་ཤོས་ཀྱི་ཡུལ་ལུང་ཞིག་ཡིན། དཔེར་ན་རྣམ་འདྲེན་བཞི་པ་གཽ་ཏམ་མཆོག་སྐུ་མྱ་ངན་ལས་འདས་ས་དང་། སངས་རྒྱས་སའི་གནས་མཆོག་རྡོ་རྗེ་གདན། དེ་བཞིན་བྱ་རྒོད་ཕུང་པོའི་རི། ལུམྦི་ནི་ཚལ། གཞན་ཡང་སྔར་འགྲན་ཟླ་མེད་པའི་མཁས་བཙུན་བཟང་གསུམ་གྱི་སྐྱེས་ཆེན་དམ་པ་དུ་མ་བྱོན་སའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ནཱ་ལེན་དྲ་ཡང་རྡོ་རྗེ་གདན་ལས་རྒྱང་ཐག་མི་རིང་བར་གནས་ཡོད།
སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་གདན་དུ་སངས་རྒྱས་ནས་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་སའི་གནས་ཆེན་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་ཚལ།དེང་སང་ཡོངས་གྲགས་སུ་སཱ་ར་ནཱ་ཐ་ཞེས་འབོད། དེའི་ཉེ་འགྲམ་གྱི་ལེ་དབར་གཅིག་ཙམ་གྱི་ས་ཁུལ་དུ་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་མཛད་ཡོད། མཐོ་སློབ་ནས་ཆུ་བོ་གངྒཱ་དང་། མེ་འཁོར་བབ་ཚུགས་བར་ཕལ་ཆེར་ལེ་དབར་བརྒྱད་ཙམ་ཡོད།
དང་པོ། ཝཱ་རཱ་ཎ་སཱི་ཞེས་མིང་ཐོགས་ཚུལ་ནི། གནས་དེ་ནི་གནའ་བོའི་རིག་གཞུང་སློབ་གཉེར་བྱེད་སའི་བསྟི་གནས་མང་སའི་ཡུལ་གྲུ་ཞིག་ཡིན་ལ། ཡུལ་ལུང་དེའི་མིང་ལ་ཡང་འབོད་སྲོལ་མི་འདྲ་བ་གསུམ་ཙམ་གྲགས་ཆེ་སྟེ། ཝཱ་རཱ་ཎ་སི་དང་ཀ་ཤཱི། བྷ་ཎ་ར་སི་བཅས་ཡིན། དེའང་ཝཱ་རཱ་ཎ་སཱི། ཞེས་པའི་མིང་དེ་ཉིད་ལ་འགྲེལ་ཚུལ་མི་འདྲ་བ་ཡོད་སྲིད་ཀྱང་། མཐོ་སློབ་དེའི་ནང་དུ་སློབ་གཉེར་བྱས་སྐབས་འགྲེལ་བརྗོད་གོ་ཐོས་ལ་གཞིགས་ན། གནས་དེར་ཝཱ་རུ་ཎ (Varun) ཞེས་པ་དང༌། ཨ་སི་ (Asi) ཞེས་པའི་རྒྱུག་ཆུ་གཉིས་ཡོད་པ་དེ་གཉིས་ཀྱི་དབར་དུ་གྲོང་ཁྱེར་ཆགས་ཡོད་པས་ན། མིང་དེ་ལྟར་ཐོགས་པ་རེད་ཅེས་ཡུལ་མི་རྒན་གྲས་དང་ཤེས་ལྡན་པ་རེ་འགས་བཤད་སྒྲོས་བྱུང་། དེབ་ཐེར་རེ་འགའི་ནང་དུ་ཡང་དེ་བཞིན་དུ་བཀོད་པ་ཁོ་བོས་མཐོང་།
ཀཱ་ཤྲཱི་(Kashi) ཞེས་པའི་མིང་དེ་ཡུལ་ལུང་དེ་ལ་སྔ་མོ་ནས་འབོད་སྲོལ་ཡོད་ཅིང་། ཆོས་འབྱུང་དེབ་ཐེར་ཁག་ཏུ་མིང་ཚིག་འདི་ཡང་ནས་ཡང་དུ་ཐོན་པ་དང་། བོད་སྐད་དུ་བསྒྱུར་ན་གསལ་ལྡན་གྱི་ཡུལ་ཞེས་གྲགས། གནའ་བོའི་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱས་ན། རྒྱ་གར་དུ་ཡང་རྒྱལ་ཕྲན་དུ་མ་ཞིག་བྱུང་ཡོད་པས། ས་གནས་འདི་ལ་ཡང་སྔར་སྐད་གྲགས་ཆེ་བའི་ཀཱ་ཤྲཱིའི་རྒྱལ་པོ་སོགས་བྱུང་ཡོད་འདུགཕལ་ཆེར་རྒྱལ་པོ་དེའི་མངའ་ཐང་ཤིན་ཏུ་རྒྱས་པས་ཡུལ་སྤྱིའི་མིང་ལ་ཀཱ་ཤྲཱི་ཞེས་འབོད་པར་སྙམ། ཕྱི་ལོ་༢༠༠༧ ལོར་གྲོགས་པོ་འགའ་ཤས་དང་ལྷན་དུ་མཐོ་སློབ་ནས་ཀཱ་ཤྲཱི་རྒྱལ་ཁང་སར་ལྟད་མོ་ལྟ་རུ་བསྐྱོད་སྐབས་ཀཱ་ཤྲཱི་རྒྱལ་ཁང་དེ་ནི་གནའ་བོའི་ལོ་རྒྱུས་ཀྱི་ངོ་སྤྲོད་ཙམ་ཐུབ་པའི་འགྲེམས་སྟོན་ཁང་ལྟ་བུ་ཞིག་ལ་གྱུར་འདུགགཞན་ཡང་༌བྷ་ཎ་ར་སི་ (Banarasi) ཞེས་པའི་མིང་ཚིག་དེ་དེང་སང་འབོད་སྲོལ་འདུག་ཀྱང་། ཕལ་ཆེར་གྲོང་ཁྱེར་གྱི་ཚོང་ར་མང་ས་ལ་གོ་ཆེ་བ་འདུགདོན་ཆེ་བ་གང་ཡིན་མ་རྟོགས་ཀྱང་། ཧ་ལམ་འདོད་རྒྱལ་གྱི་མིང་ལྟར་ཐོགས་པར་སྙམ།
གཉིས་པ། ཆོས་ལུགས། ས་གནས་དེར་ཧིན་དུ་དང་། ཁ་ཆེ། གཅེར་བུ་བ། ནང་པ་སོགས་ཀྱི་ཆོས་ལུགས་སྣ་ཚོགས་ལྡན་ཞིང་། ཆོས་ལུགས་དེ་དག་གི་བྱུང་བ་ཁག་སོ་སོ་ནས་ས་གནས་དེ་ནི་བརྗེད་དཀའ་བའི་ལོ་རྒྱུས་ཀྱང་གསལ་པོར་བསྟན་ཡོད་ལ། མི་མང་སྟོང་ཕྲག་དུ་མས་དུས་རྟག་ཏུ་སེམས་སྟེང་ནས་ས་གནས་དེར་དད་གུས་དང་བརྩི་མཐོང་རྒྱ་ཆེར་བྱེད་བཞིན་འདུག དཔེར་ན། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ནང་པ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན།
ཝཱ་རཱ་ཎ་སཱི་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་ནང་ཆོས་ཀྱི་གཞི་རྩའམ་སྒྲོམ་གཞིར་གྱུར་པའི་བདེན་བཞིའི་ཆོས་འཁོར་ཐོག་མར་ཝཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བའི་ནགས་ཁྲོད་དུ་འཁོར་ལྔ་སྡེ་བཟང་པོར་ཆོས་འཁོར་བསྐོར་བར་ངོས་འཛིན་བྱེད་ཀྱི་ཡོད།
གཞན་ཡང་ལོ་རྒྱུས་ལ་དཔང་པོ་བྱེད་ཐུབ་པའི་དངོས་རྫས་དུ་མ་ཤུལ་ལྷག་ཏུ་མཇལ་རྒྱུ་ཡོད་དེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་རྡོ་རིང་དང་། ཤྲཱིལངྐཱ་ (Sri Lanka) ནས་ཕེབས་པའི་དགེ་བསྙེན་དྷརྨ་པཱ་ལས་བཞེངས་པའི་མཱུ་ལ་གཱན་ཀུ་ཊི་ཝི་ཧཱར (Mulgankoti Vihara) བོད་སྐད་དུ་བསྒྱུར་ན་དྲི་གཙང་ཁང་ཞེས་དང་། དེའི་ནང་དུ་སངས་རྒྱས་ཀྱི་སྐུ་རུས་ཚན་པ་གཉིས་བཞུགས་ཡོད། ཡི་གེར་བཀོད་པ་ལྟར་ན། གཅིག་ནི་རྡོ་འཇོག་ཡུལ་གྱི་མཆོད་རྟེན་རྙིང་པ་ལས་ཐོན་ཅིང་། གཞན་དེ་ནི་ལྷོ་ཕྱོགས་དཔལ་གྱི་རི་ནས་རྙེད་པར་གསལ། བྱང་ཆུབ་ཆེན་པོའི་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ནས་ལོ་ལྟར་ཕྱི་ཟླ་བཅུ་གཅིག་པའི་ནང་དུ་སངས་རྒྱས་ཀྱི་སྐུ་རས་ཚན་པ་དེ་མི་མང་ལ་མཇལ་ཁར་གཏོང་སྲོལ་ཡོད་པ་རེད། སྐབས་དེར་ཉན་ཐོས་སྡེ་པའི་གནས་མཇལ་བ་ཤིན་ཏུ་མང་པོ་ཡོང་གི་ཡོད། གཞན་ཡང་། གུཔ་ཏའི་རྒྱལ་རྒྱུད་སྐབས་སུ་བཞེངས་པ་རེད་ཟེར་བའི་(ངྷམྨེཀ)མཆོད་རྟེན་དང་། དེ་བཞིན་མཆོད་རྟེན་ཆུང་ངུ་དང་ལྷ་ཁང་གི་ཤུལ་དུ་མ་གནས་མཇལ་བྱེད་རྒྱུ་ཡོད།
སྤྱིར་རྒྱ་གར་དུ་ནང་པའི་གནས་ཆེན་དུ་མ་ཞིག་ཡོད་ཀྱང༌་། ཁ་ཆེའི་དམག་འཁྲུག་ལ་སོགས་པའི་རྐྱེན་གྱིས་ས་གནས་དེ་དག་གཞན་དབང་དུ་ཚུད། སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་སའི་གནས་མཆོག་སཱ་ར་ནཱ་ཐ་ཡང་ཕྱིས་སུ་བཀའ་དྲིན་ཤིན་ཏུ་ཆེ་བའི་གནས་བརྟན་སྡེ་པའི་དགེ་བསྙེན་ཆོས་སྐྱོང་ངམ་ངྷརྨ་པཱ་ལའི (Dharmapala) དཀའ་སྤྱད་ཡུན་རིང་མཛད་པའི་འབྲས་བཟང་ལས་ཆོས་འཁོར་བསྐོར་སའི་གནས་མང་ཆེ་བ་ཉོས་པ་དང་ཁྲིམས་གཏུགས་བྱས་ཏེ་རིམ་གྱིས་ནང་པའི་གནས་ཆེན་ཁག་གཞན་གྱི་ལག་ནས་ཚུར་བླངས་ཐུབ་པ་བྱུང་ཞིང་། དུས་ད་ལྟ་སྐྱེས་ཆེན་དམ་པ་ཁོང་གིས་གསར་འཛུགས་མཛད་པའི་བྱང་ཆུབ་ཆེན་པོའི་ལྷན་ཚོགས་ནས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་ཡུལ་དང་མཆོད་རྟེན་སོགས་འཛིན་སྐྱོང་གནང་བཞིན་ཡོད།
སྤྱིར་གནས་ཆེན་དེའི་ཉེ་འཁོར་དུ་ནང་པ་སངས་རྒྱས་པའི་དགོན་པ་ཆེ་ཆུང་དུ་མ་ཞིག་ཡོད་ཅིང་། མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་རྒན་ཐུབ་བསྟན་འབྱུང་གནས་སམ་མགོ་སེར་བླ་མས་ཕྱག་བཏབ་པའི་བོད་ཀྱི་གཞིས་དགོན་བཤད་སྒྲུབ་འདོད་དགུ་འཁྱིལ(ཡུལ་མི་ཚོས་དེ་ལ་བོད་དགོན་ཞེས་འབོད།) དེ་ནི་སཱ་ར་ནཱ་ཐར་བོད་ཀྱི་དགོན་པ་ཐོག་མ་ཡིན་པར་སྙམ། དགོན་པ་དེའི་ནང་དུ་སྔར་ཝཱ་ཎ་མཐོ་སློབ་ཀྱི་སློབ་གཉེར་བ་དག་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་འཛིན་གྲྭར་བསྐྱོད་པའི་སྐབས་དགེ་སློབ་ཁག་ཅིག་བཞུགས་ཁང་གི་ཆེད་དུ་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་ཡོད།
ཧིན་དུའི་རིག་བྱེད་གཞུང་ལུགས་ནས་གསུངས་པ་ལྟར་ན་ཆུ་བོ་གངྒཱ་ནི་ཁོང་ཚོས་རྩ་ཆེན་ཞིག་ཏུ་བརྩི་བ་དང་། གལ་སྲིད་ཁོང་ཚོས་ཆུ་དེའི་ནང་དུ་གཟུགས་པོ་བཀྲུ་ན་སྡིག་སྒྲིབ་དག་པ་དང་འཁོར་བ་ལས་ཐར་བ་སོགས་ངོས་འཛིན་དང་ཡིད་ཆེས་བྱས་ཏེ་དད་པ་ཤུགས་ཆེར་བྱེད་ཀྱི་ཡོད། ཆུ་བོ་གངྒཱའི་འགྲམ་དུ་བསྐྱོད་དེ་བལྟས་ན་དལ་བོའི་ངང་ནས་རྒྱུག་པའི་ཆུ་བོ་དེ་ནི་དྭངས་གཙང་མིན་ཡང་། ཧིན་དུའི་རྗེས་འཇུག་པ་ཚོས་ལུས་དམར་ཧྲེང་དུ་ཆུས་འཁྲུ་བ་དང་༌། ཆུ་འགྲམ་དུ་ཆོས་ཕྱོགས་ཀྱི་མཆོད་པ་བྱེད་པ། གཞན་ཡང་ཁོང་ཚོས་ཆུ་བོ་གངྒཱའི་ཆུ་དེ་བྱིན་རླབས་ལ་བརྩིས་ཏེ་འགྱིག་དམ་ནང་དུ་བླུགས་ནས་འཁྱེར་འགྲོ་སྲོལ་འདུག
གཞན་ཡང་གཅེར་བུ་བའི་ཆོས་ལུགས་ནས་གསུངས་པ་ལྟར་ན། ཁོང་ཚོའི་སྟོན་པ་འགའ་ཤས་ཝཱ་རཱ་ཎ་སཱིར་སྐུ་འཁྲུངས་ཡོད་པར་ངོས་འཛིན་གནང་བ་དང་། ཁོང་ཚོའི་དགོན་པ་ཞིག་ཀྱང་སཱ་ར་ནཱ་ཐའི་ནང་པའི་མཆོད་རྟེན་ཆེན་མོའི་ཉེ་འཁོར་དུ་གསར་འཛུགས་མཛད་ཡོད།
གསུམ་པ། གཙུག་ལག་སློབ་གཉེར་ཁག ཨེ་ཤེ་ཡའི་ནང་དུ་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་བཞི་ཙམ་ཝཱ་རཱ་ཎ་སཱིར་ཡོད་དེ།
༡‑ཧིན་དུ་གཙུག་ལག་སློབ་གཉེར་ཁང་ནི། སྔར་རྒྱ་གར་གྱི་དབུ་ཁྲིད་ཞིང་གཤེགས་དམ་པ་པཎ་ཊིཏ་མ་དན་མོ་ཧན་མལ་ཝི་ཡ་ (Pandit Madan Mohan Malviya) མཆོག་དང་ཁོང་གི་ཕྱག་རོགས་ཨེ་ནི་བྷེ་སིན (Dr Annie Besant) རྣམ་གཉིས་ཀྱིས་༡༩༡༦ ལོར་གསར་འཛུགས་མཛད། དེ་ནས་རིམ་པས་རྒྱ་བསྐྱེད་བཏང་སྟེ། ད་ཆར་རྒྱ་གར་ཙམ་མ་ཟད་རྒྱལ་སྤྱིའི་སློབ་གཉེར་བྱེད་སའི་བསྟི་གནས་ཤིག་ལ་གྱུར་ཡོད། ཕྱི་ལོ་༢༠༡༡ ལོར་གཙུག་ལག་སློབ་ཁང་དེར་ཞིབ་འཇུག་སློབ་མ་བརྩིས་པའི་ཁྱོན་བསྡོམས་སློབ་མ་སྟོང་ཕྲག་ཉི་ཤུ་ཙམ་ཡོད་པར་གྲགས།
༢‑ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང༌། སློབ་གཉེར་ཁང་དེའི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱ་ན། སློབ་གཉེར་ཁང་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕྱི་ལོ་༡༩༥༨ ཟླ་༣ཚེས་༢༢ ཉིན་སློབ་གཉེར་ཁང་དེ་ཉིད་ཝཱ་རཱ་ཎ་སཱིར་འཛུགས་སྐྲུན་མཛད། སློབ་གཉེར་ཁང་དེར་དེང་དུས་ཀྱི་སློབ་ཚན་ཡོད་ཀྱང་། སློབ་ཚན་མང་ཤོས་ནི་སྔར་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཡིན། ཝཱ་རཱ་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་ཁང་གི་ཡན་ལག་ཏུ་བཙུགས་པའི་ལེགས་སྦྱར་སྦྱོང་སའི་མཐོ་སློབ་དང་འབྲིང་རིམ་སློབ་གྲྭ་ཆིག་སྟོང་ལྷག་ཙམ་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ཏུ་ཡོད།
༣‑ཀཱ་ཤྲཱི་གཙུག་ལག་སློབ་གཉེར་ཁང་ནི། ཕྱི་ལོ་༡༩༢༡ ཟླ་༢ ཚེས་༡༠ ཉིན་དབུ་འཛུགས་གནང་ཞིང་། སྐྱེས་ཆེན་དམ་པ་གྰ་ངྷི་མཆོག་གིས་སློབ་གཉེར་ཁང་དེའི་འཛུགས་སྐྲུན་དང་ཤེས་རིག་འཕེལ་རྒྱས་ཐོག་ལ་ཤུགས་སྣོན་རྒྱ་ཆེར་གནང་བས། དེང་སང་གཙུག་ལག་སློབ་གཉེར་ཁང་དེའི་མིང་ལའང་སྐྱེས་ཆེན་དམ་པ་གཱ་ངྷཱིའི་གཙུག་ལག་སློབ་གཉེར་ཁང་ཞེས་བརྗོད།
རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ཚུད་པའི་སྐབས་སུ་རྒྱ་གར་གྱི་རང་བཙན་རྩོད་ལེན་པ་དུ་མས་ཐབས་ཤེས་ཡོད་རྒུ་མཛད་དེ་སློབ་གཉེར་གསར་འཛུགས་ལ་འབད་བརྩོན་རྒྱ་ཆེར་གནང་། དེ་བཞིན་དུ་རྒྱལ་ཞེན་པ་མང་པོས་ཀྱང་སློབ་གཉེར་ཁང་དེས་རྒྱ་གར་གྱི་རང་བཙན་འཐབ་རྩོད་ལ་ཕན་ཐོགས་ཡོང་བའི་ཐུགས་རེ་བཅིངས་ཡོད། ཕྱི་ལོ་༡༩༦༣ ལོར་རྒྱ་གར་དབུས་གཞུང་གི་གཙུག་ལག་སློབ་གཉེར་ལྷན་ཚོགས་ནས་ཆ་འདྲ་བའི་གཙུག་ལག་སློབ་གཉེར་གི་རྣམ་པར་ངོས་འཛིན་བྱུང་། ད་ལྟའི་ཆར་གཙུག་ལག་སློབ་གཉེར་ཁང་དེའི་ནང་གནའ་དེང་ཟུང་དུ་འབྲེལ་བའི་ཤེས་རིག་སྣ་མང་སྦྱོང་བའི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་རེད།
༤‑ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཕྱི་ལོ་༡༩༦༧ ལོར་ཟླ་༡༡ ཚེས་༡༠ ཉིན་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་ཡན་ལག་ཏུ་མིང་ཙམ་གྱི་དབུ་འཛུགས་ཐུབ་པ་བྱུང་།
ཕྱི་ལོ་༡༩༧༡ ཙམ་ནས་རིམ་གྱིས་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ནས་ཟུར་དུ་ཐོན་ཐུབ་པ་བྱུང་སྟེ་བོད་མི་རིགས་རང་གི་ངོ་བོ་ལྡན་པའི་འཛིན་སྐྱོང་རང་རྐྱ་ཐུབ་པའི་སློབ་ཁང་ཞིག་ཏུ་གསར་འཛུགས་མཛད།
༥‑གནམ་གཤིས། སྤྱིར་ཝཱ་རཱ་ཎ་སཱི་ཚ་དྲོད་ཆེ་ཞིང་། དབྱར་ཁར་གནམ་གཤིས་ཚ་དྲོད་ཆེ་སྐབས་དྲོད་ཚད་ཨང་གྲངས་ལྔ་བཅུར་ཙམ་བསླེབས་ཀྱི་ཡོད་པ་བཤད་ཀྱི་འདུགརང་ཉིད་ས་གནས་དེར་ལོ་ངོ་བཞི་ཙམ་སློབ་གཉེར་བྱས་པའི་རིང་དྲོད་ཚད་མཐོ་ཤོས་བཞི་བཅུ་ཞེ་གྲངས་ལ་བསླེབས་པར་དངོས་སུ་ཚོར་བྱུང་། གལ་སྲིད་ཁྱེད་རང་ཝཱ་རཱ་ཎ་སཱི་རུ་གནས་སྐོར་ལ་འགྲོ་འཆར་ཡོད་ན། སྤྱི་ཟླ་བཅུ་པ། བཅུ་གཅིགབཅུ་གཉིས་སོགས་ལ་ཕེབས་ན་གནམ་གཤིས་ལེགས་པོ་ཡོད། གཞན་ཡང་འགྲིམ་འགྲུལ་གྱི་དཀའ་ངལ་ལྟ་བུ་འཕྲད་སྐབས་ཝཱ་ཎ་མཐོ་སློབ་ཀྱི་སློབ་གཉེར་བར་བཅར་འདྲི་ཞུས་ན་ལམ་སྟོན་བྱེད་ངེས་ཡིན། ཚ་དྲོད་ཤིན་ཏུ་ཆེ་བའི་སྐབས་རྒྱ་གར་ཡུལ་མི་རྣམས་ཀྱིས་མགོ་བོ་རས་ཀྱིས་བཏུམས་ཏེ་བཞུད་སྲོལ་འདུག རྒྱུ་མཚན་ནི། རླུང་ཚ་པོ་ཞིག་རྣ་བའི་ནང་དུ་འཛུལ་ཏེ་ཚེ་སྲོག་ལ་ཉེན་ཁ་ཡོད་རེད་ཅེས་བཤད་ཀྱི་འདུག ཝཱ་ཎ་རུ་བསྡད་པའི་ཉམས་མྱོང་ལྟར་ན། ཚ་དྲོད་ཆེ་བའི་སྐབས་སུ་ཆུ་གྲང་ཞིང་གཙང་མ་མང་ཙམ་འཐུང་རྒྱུ་གལ་ཆེ་རེད་འདུག་སྙམ།
ཝཱ་རཱ་ཎ་སཱི་རུ་གནམ་གཤིས་ལེགས་པའི་སྐབས་དཀའ་ཚེགས་ཇི་ཡོད་ལ་མ་ལྟོས་པར་རྒྱང་ཐག་རིང་བའི་གངས་ཅན་པ་རྣམས་དང་གཞན་ཡང་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནས་ཆོས་ཞུ་བ་དང་ཡུལ་བསྐོར་སྤྲོ་འཆམ་པ་སོགས་མང་པོ་ཡོང་གི་ཡོད།
—–ལེ་ཚན་རྗེས་མའི་ནང་དུ་མུ་མཐུད་དེ་འགོད་ཡོང་།—–