མདུན་ངོས། སྤྱི་ཚོགས་གནད་དོན། ཨོ་སི་ཊོ་ལི་ཡ...

ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གླེང་བ། (དུམ་བུ་གཉིས་པ།)

༢༧༤༡༠༩
ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་༩ ཚེས་ ༢༥ ཉིན་ནེའུ་སོའོ་རྡ་ལྦེའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་ནང་བོུ་ཚེ་རིང་སྐལ་ལྡན་ལགས་སུ་བློན་ཆེན་བྱ་དགའ་བློན་ཆེན་སྐུ་ཚབ་གྲོས་ཚོགས་འཐུས་མི་འབུམ་རམས་པ་སྐུ་ཞབས་ལྗེབ་ལིའི་ (Dr Geoff Lee, MP Parliamentary) མཆོག་གི་ཕྱག་ནས་གསོལ་སྩལ་གནང་བ།

གཉིས་པ༽ མི་རིགས་སྐད་ཡིག་སློབ་གྲྭའི་ལས་གཞི། Community Languages School Program (CLSP )

ཀ༽  ཨོ་སི་ཊོ་ལི་ཡའི་མི་རིགས་གི་རིག་གཞུང་སྲུང་སྐྱོབ་ཀྱི་སྲིད་ཇུས་གཙོ་བོ་གཅིག་ནི་མི་རིགས་སོ་སོའི་ཁྱིམ་ཚང་སྐད་ཡིག་ངོས་ལེན་དང་དེར་ཡར་རྒྱས་ཀྱིས་རང་གི་སྤྱི་འབངས་མི་སེར་སྐད་གཉིས་སྨྲ་ཤེས་པ་དང་མི་སོ་སོར་རིག་གཞུང་མི་འདྲ་བའི་གོ་རྟོགས་རྙེད་ཐུབ་པའི་ཆེད་མངའ་སྡེའི་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སུ་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་འཛིན་སྐྱོང་སྡེ་ཚན་ཟུར་བཙུགས་གནང་ཡོད། མི་རིགས་སྣ་མང་སྐད་ཡིག་སློབ་གྲྭ་ནི་ཕྱི་ལོ་ ༡༨༧༥ ནས་ས་ཁུལ་གང་སར་གསར་བཙུགས་གནང་ཡོད་པ་དང་།  ཨོ་གླིང་རྒྱལ་ཡོངས་ནང་མི་རིགས་སྐད་ཡིག་སློབ་གྲྭ་ ༡༠༠༠ ཙམ་དུ་སློབ་ལོ་སོན་པའི་སློབ་མ་འབུམ་གཅིག་ཙམ་སྐད་ཡིག་མི་འདྲ་བ་  ༦༩ སློབ་གཉེར་གནང་གི་ཡོད་པ་དེའི་ནང་བོད་ཀྱི་སྐད་ཡིག་ཀྱང་ཚུད་ཡོད།  ཨོ་གླིང་ཡུལ་གྲུའི་ནང་ལག་ལེན་གནང་མཁན་གཙོ་བོ་མངའ་སྡེ་གཉིས་ཡོད་པ་ལྦེག་ཁྲོའོ་ནིའི་མངའ་སྡེ་དང་ནེའུ་སོའོ་རྡ་ལྦེའི་མངའ་སྡེ་རེད་འདུག

ཁོ་བོའི་ས་གནས་ནི་ནེའུ་སོའོ་རྡའ་ལྦེའི་མངའ་སྡེ་ཡིན་པ་དང་མངའ་སྡེའི་ལམ་ལུགས་གཙོ་བོར་བཞག་ནས་འགྲེལ་བརྗོད་ཞུ་ཡི་ཡིན། མི་རིགས་སྐད་ཡིག་སློབ་གྲྭའི་ལས་གཞིའི་སྲིད་ཇུས་དང་འཆར་གཞི་བཟོ་མཁན།  དེར་མ་དངུལ་རོགས་རམ།  དོ་དམ་གནང་མཁན།  གཙོ་བོ་ནི་དབུས་ཤེས་རིག་ལས་ཁུངས་ནང་མི་རིགས་སྐད་ཡིག་སློབ་གྲྭའི་འགན་འཛིན་ལྷན་ཚོགས་གཅིག་ཡོད་པ་དེ་ནི་སྐད་ཡིག་སྣ་མང་མཁྱེན་མཁན་གྱི་ཆེད་ལས་མཁས་པའི་སྡེ་ཚན་ཞིག་ཡིན་དེའི་འཆར་འགོད་འོག་མངའ་སྡེ་སོ་སོའི་དབུས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ལས་ཁུངས་ལས་བྱེད་དེ་བཞིན་དྲ་རྒྱ་ཆེད་བཙུགས་གནང་ནས་ས་གནས་འཆར་འགོད་ཀྱིས་དེར་གཟིགས་རྟོགས་གནང་མཁན་ཆེད་ལས་མཁས་པའི་ཤེས་ཡོན་འགན་འཛིན་བསྐོ་བཞག་གནང་ནས་འཛིན་སྐྱོང་གནང་གི་ཡོད་པ་ས་གནས་སློབ་གྲྭ་སོ་སོས་ལས་བྱེད་དེ་དང་འབྲེལ་བ་གནང་ནས་ཚོགས་པའི་ཁོངས་སུ་དེབ་སྐྱེལ་གནང་དགོས་པ་དང་ཤེས་ཡོན་འགན་འཛིན་གྱིས་སློབ་གྲྭར་རོགས་རམ་གང་ཞིག་གནང་དགོས་མིན་དང་ས་གནས་ས་ཐོག་ཏུ་གཟིགས་སྐོར་གོ་སྒྲིག་ཞུས་ནས་འབྲེལ་ལམ་དམ་པོ་ཟིན་དགོས།

མངའ་སྡེའི་དབུས་ཤེས་རིག་ལས་ཁུངས་ནང་ཤེས་ཡོན་དོ་དམ་དང་གཏན་འབེབས་གནང་མཁན་གྱི་ལས་ཁུངས་གཅིག་ཡོད་པ་དེ་ནི་ཨིན་སྐད་དུ་ (NSW Education Standard Authority) ཟེར།  ལས་ཁུངས་དེའི་ནང་མི་རིགས་སྐད་ཡིག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་གྱི་སྐད་ཡིག་སློབ་གྲྭའི་སྒྲོམ་གཞི་ (Languages K‑10 Framework) གཏན་འབེབས་གནང་ཡོད་པ་དང་།  སྒྲོམ་གཞི་དེའི་འོག་སློབ་གཞི་རྩ་འཛིན་འཆར་འགོད་ (Syllabus) རྩོམ་སྒྲིག་དང་གཏན་གནང་ནས་གཞི་རིམ་སློབ་གྲྭའི་ནང་སློབ་ཀྱི་ཡོད།  རེས་གཟའ་སྤེན་པའི་བོད་ཡིག་སློབ་གྲྭར་སྒྲོམ་གཞི་ལག་བསྟར་དགོས་པ་མ་གཏོགས་སློབ་གཞི་རྩ་འཛིན་དེ་ད་ལྟ་མངའ་སྡེའི་ཤེས་རིག་ལས་ཁུངས་ནང་རིམ་མ་བརྒྱུད་ཐུབ་མེད་གལ་སྲིད་དེ་གཉིས་འཐུས་ཚང་བཟོ་ཐུབ་ན་བོད་པ་གནས་ཁུལ་ཁག་གི་སློབ་གྲྭར་མི་རིགས་གཞན་གྱི་སྐད་ཡིག་སློབ་ཁྲིད་གནང་བ་བཞིན་ལག་ལེན་བསྟར་ཐུབ།

མི་རིགས་སྐད་ཡིག་སློབ་གྲྭ་ཁག་ལ་གཞུང་གི་མ་དངུལ་རོགས་རམ་དང་།དགེ་རྒན་ཟབ་སྦྱོང་།སློབ་ཁྲིད་ཀྱི་རྒྱུ་ཆ་དང་སློབ་ཁང་སོགས་ཚུལ་བཞིན་ཐོབ་མིན་གཟིགས་རྟོགས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཅིག་ཡོད།

ཁོ་བོའི་མངའ་སྡེའི་ནང་།  ནིའུ་སོའོ་རྡ་ལྦེའི་མི་རིགས་སྐད་ཡིག་སློབ་གྲྭའི་མནའམཐུན་ཚོགས་པ་ཞེས་དེ་ཡིན། མི་རིགས་སོ་སོའི་སློབ་གྲྭ་ཁག་ལོ་རེའི་ཚོགས་དངུལ་ཕུལ་ནས་ཚོགས་པ་དེའི་ནང་འཛུལ་ཞུགས་གནང་དགོས། ཚོགས་པ་དེས་ལོ་ལྟར་སིཌ་ནེའི་གཙུག་ལག་སློབ་གྲྭར་ལོ་འཁོར་ཚོགས་ཆེན་དང་དགེ་རྒན་ཟབ་སྦྱོང་གོ་སྒྲིག་གནང་གི་ཡོད།

ཕྱི་ལོ་ ༢༠༡༧  ལོའི་ནེའུ་སོའོ་རྡ་ལྦེའི་མི་རིགས་སྐད་ཡིག་སློབ་གྲྭའི་བློན་ཆེན་བྱ་དགའི་མཛད་སྒོའི་སྙན་ཐོའི་ནང་འདི་ལོའི་ནང་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་སྐད་ཡིག་མི་འདྲ་བ་ ༥༨ ཡོད་པ་དེའི་ནང་བོད་ཡིག་ཚུད་ཡོད་པ་དང་།  མངའ་སྡེ་འདི་ནང་ས་གནས་མི་འདྲ་ ༥༤༥ གཞུང་ལ་དེབ་སྐྱེལ་ཟིན་པའི་ཚོགས་པ་༢༩༣ ཡོད་པ་དེའི་ནང་སིཌ་ནི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེས་ཚལ་ཁང་དང་ནེའུ་ཁའ་སོའོ་བོད་རིགས་མཐུན་ཚོགས་ཀྱི་སློབ་གྲྭ་ཡང་ཚུད་ཡོད།  འདི་ལོའི་སློབ་ཞུགས་སློབ་མའི་གྲངས་ཚད་ནི་ ༣༤༨༠༤ ཟིན་ཡོད་པ་དང་དེའི་ནང་མང་ཤོས་ནི་དེའི་ནང་མི་རིགས་སྐད་ཡིག་སློབ་གྲྭའི་ནང་སྡེ་ཁག་ཆེ་ཤོས་ཀྱི་སྐད་ཡིག་ནི་རྒྱ་སྐད་སྦྱོང་མཁན་སློབ་མ་ ༧༠༠༠  ཨ་རབ་ཀྱི་སྐད་ཡིག་སྦྱོང་མཁན་སློབ་མ་ ༣༠༠༠  གྷེ་རིག་སྐད་ཡིག་སྦྱོང་མཁན་སློབ་མ་ ༢༥༠༠  ཁུ་རིའི་ཡན་གྱི་སྐད་ཡིག་སྦྱོང་མཁན་སློབ་མ་ ༢༠༠༠ བཅས་ཡིན་པ་དང་བོད་སྐད་སྦྱོང་མཁན་གྱི་སློབ་མ་ནི་ ༡༣༠ ཙམ་ཡོད་པ་དེ་དག་ནང་མངའ་སྡེ་འདིའི་ནང་དེབ་སྐྱེལ་ཟིན་པའི་སློབ་གྲྭ་ནང་སིཌ་ནི་གྲོང་ཁྱེར་ལ་ཡོད་པའི་རིག་གནས་སྐྱེད་ཚལ་ཁང་དང་།  ནེའུ་ཁའ་སོའོ་བོད་རིགས་མཐུན་ཚོགས་ཀྱི་སློབ་གྲྭ།  དེ་བཞིན་ནོར་ར་ཤེས་རབ་འོད་སྣང་སློབ་གྲྭ་བཅས་སློབ་གྲྭ་གསུམ་གྱི་སློབ་མ་ཚུད་ཡོད་པ་དང་སློབ་གྲྭ་དེ་དག་ཀྱི་ལ་ཐད་ཀར་གཟིགས་རྟོགས་གནང་མཁན་དབུས་ཤེས་རིག་ལས་ཁུངས་ཀྱི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ཤེས་ཡོན་འགན་འཛིན་ལྕམ་སྐུ་ཧེའི་ཌི་ (Heidi Lindgren) ལགས་དང་ལྕམ་སྐུ་ཨིན་ཡཱ་གྷའ་ནུན་ (Enya Gannon) ལགས་ཡིན།

མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་བློན་ཆེན་བྱ་དགའ་ནི་གོང་གསལ་སྐད་ཡིག་ ༥༨ སློབ་གྲྭའི་ནང་སྐད་ཡིག་གི་རྩལ་བཞི་དང་ཟུར་སྦྱོང་ཤེས་བྱ་སྤྱོད་ལམ་བཅས་མི་རིགས་སོ་སོའི་སྐད་ཡིག་ཐོག་དམིགས་བསལ་གྲུབ་འབྲས་ཕུལ་དུ་བྱུང་བའི་སློབ་མར་མངའ་སྡེའི་ཤེས་རིག་བློན་ཆེན་གྱི་མཚན་ཐོག་འབུལ་གྱི་ཡོད།  བྱ་དགའ་འདིས་གཞན་ཡུལ་དུ་རང་སྐད་སྦྱོང་མཁན་སློབ་མ་ཚོར་རང་སྐད་སློབ་གཉེར་གནང་རྒྱུར་བསྐུལ་དེད་དང་མི་རིགས་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་གཞུང་གི་ཆེ་མཐོང་གནང་བའི་མཚོན་རྟགས་ཡག་ཤོས་གཅིག་ཡིན།  བྱ་དགའ་འདི་ནི་ཕྱི་ལོ་ ༡༩༩༢ ལོར་གསར་བཙུགས་གནང་ཡོད་པ་དང་འདི་ལོ་བར་ལོ་ངོ་ཉེར་ལྔ་ཧྲིལ་པོ་ཕྱིན་ཡོད་པ་དང་།  འདི་ལོའི་བློན་ཆེན་བྱ་དགའི་འོས་དམིགས་སློབ་མ་ ༢༨༠ ནང་ནས་མཐའ་མའི་རྩེ་ཕུད་བཅུ་ལས་འདེམས་ཀྱི་མེད་པ་དེའི་ནང་ལོ་ན་བཅུ་གསུམ་ལ་སོན་པའི་བོད་རིགས་བོུ་ཚེ་རིང་སྐལ་ལྡན་ལགས་ཚུད་པ་དེ་ནི་ཨོ་སི་ཊོ་ལི་ཡའི་ལོ་རྒྱུས་ནང་བོད་ཕྲུག་ཅིག་ལ་གཞན་ཡུལ་དུ་རང་སྐད་སྦྱངས་ནས་ཆེད་གཟི་བརྗིད་ལྡན་པའི་བློན་ཆེན་གྱི་བྱ་དགའ་ཐོབ་པ་དང་པོ་དང་དེ་ནི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འཁོད་ཡོད།  འདི་ལོ་བློན་ཆེན་བྱ་དགའི་ནང་རིག་གནས་སྐྱེད་ཚལ་ཁང་གི་དམའ་རིམ་དང་འབྲིང་རིམ་འཛིན་གྲྭ་ནས་བློ་ཆེན་བྱ་དགའི་འོས་དམིགས་སློབ་མ་གཉིས་ཕུལ་ཡོད་པ་ལས་གོང་གསལ་སློབ་མ་སྐལ་ལྡན་ལགས་སུ་བློན་ཆེན་བྱ་དགའ་དང་སློབ་མ་བསྟན་འཛིན་ཉི་མ་ལགས་སུ་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཐོབ་ཡོད།

སིཌ་ནི་གཙུག་ལག་སློབ་གྲྭ་ཆེ་མོའི་སློབ་ཐོན་མཛད་སྒོའི་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༡༠ ཚེས་༡༦ དགེ་རྒན་ཟབ་སྦྱོང་ཐོན་མཁན་བོད་དགེ་དང་ལྕམ་སྐུ་ཧེའི་ཌིའི་ (Heidi Lindgren) དང་ཁོང་གི་ལས་རོགས་དང་དགེ་རྒན་བཅས་ལྷན་དུ་བསྒྲོན་པའི་སྐུ་པར།

ཁ༽ མི་རིགས་སྐད་ཡིག་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་།

ནིའུ་སོའོ་རྡ་ཝེའི་མངའ་སྡེའི་དབུས་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་འཛིན་སྐྱོང་འོག་སིཌ་ནི་གྲོང་ཁྱེར་གྱི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ལ་སིཌ་ནི་གཙུག་ལག་སློབ་གྲྭས་ལོ་ལྟར་སྐད་ཡིག་གཉིས་སློབ་ཁྲིད་ལམ་ལུགས་དང་སྲིད་ཇུས། སློབ་ཁྲིད་བྱེད་སྒོ། སློབ་མ་འཛིན་སྐྱོང་སོགས་ཀྱི་རིན་མེད་ཟབ་སྦྱོང་གནང་ནས་ཚད་ལྡན་གྱི་ལག་ཁྱེར་གནང་གི་ཡོད་པ་དང་སིཌ་ནི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་གི་དང་བླངས་དགེ་རྒན་རྣམས་ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༢༦ ཉིན་དགེ་རྒན་ཟབ་སྦྱོང་ནང་ཆ་ཤས་ལེན་འགོ་བཙུགས་པ་ནས་ད་བར་དགེ་རྒན་ ༡༥ ཙམ་ལ་ཚད་ལྡན་དགེ་རྒན་གྱི་ལག་འཁྱེར་ཐོབ་ཡོད་པ་དང་དེས་ཨོ་གླིང་གི་རྒྱལ་ཁབ་འདིའི་ནང་རང་གི་སྐད་ཡིག་སློབ་ཆོག་པ་ཙམ་མ་ཡིན་པར་ཨོ་གླིང་སྤྱི་ཚོགས་ནང་སློབ་ཁྲིད་ཆོག་པའི་ངོས་ལེན་གྱི་དཔང་ཡིག་ཅིག་ཡིན།  རིག་གནས་སྐྱེད་ཚལ་ཁང་གི་དང་བླངས་དགེ་རྒན་ཚང་མར་སིཌ་ནི་གཙུག་ལག་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་ལ་ཕེབས་པའི་སྐུལ་མ་གཏོང་བ་དང་གོ་སྐབས་དེ་དམ་འཛིན་ཤུགས་ཆེ་གནང་བ་ལས་དགེ་རྒན་བརྒྱ་ཆ་ ༩༥ % དགེ་རྒན་གྱི་གནས་ཚད་ལྡན་པ་བཟོ་ཐུབ་པས་ཚོགས་པ་དེའི་གྲུབ་འབྲས་ཆེན་པོ་ཞིག་རེད་ལ་དགེ་རྒན་རང་ཉིད་ལ་ཨོ་སི་ཊོ་ལི་ཡའི་ཤེས་ཡོན་སྲིད་ཇུས་དང་སློབ་ཁྲིད་ཐབས་ལམ་གསར་པ་མང་པོ་ཤེས་རྒྱུར་ཕན་རླབས་ཆེན་པོ་ཡོད།

སིཌ་ནེའི་གཙུག་ལག་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱིས་སྐད་ཡིག་སློབ་ཁྲིད་མཐོ་རིམ་ལག་འཁྱེར་ (Diploma) སྐབས་གཉིས་པའི་ནང་བོད་མི་གཅིག་སློབ་འཇུག་གནང་ཐུབ་པ་བྱུང་ཡོད་འོན་ཀྱང་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་བཞི་པའི་ཟླ་མཇུག་ལ་གསར་བཙུགས་གནང་བའི་དགེ་རྒན་འོས་སྦྱོང་གི་ལག་འཁྱེར་ (Certificate) དགེ་རྒན་གཞི་རིམ་དགེ་རྒན་ཟབ་སྦྱོང་ནང་རིག་གནས་སྐྱེད་ཚལ་ཁང་གི་དགེ་རྒན་གཅིག་ཀྱང་བཞུགས་ཐུབ་མེད་དེ་ནི་ཧ་ཅང་བློ་ཕམ་དགོས་པའི་རང་བཞིན་ཞིག་ཡིན།

རིག་གནས་སྐྱེད་ཚལ་ཁང་ལ་ཐད་ཀར་གཟིགས་རྟོགས་གནང་མཁན་ཤེས་ཡོན་འགན་འཛིན་ལྕམ་སྐུ་ཧེའི་ཌི་ (Heidi Lindgren) ལགས་སུ་བོད་རིགས་དང་བླངས་དགེ་རྒན་གཅིག་པུར་ཟབ་སྦྱོང་གནང་རོགས་ཞེས་ལོ་ལྟར་འབོད་བསྐུལ་ཞུ་ཡི་ཡོད་པ་བཞིན་ཁོང་གིས་འཛིན་གྲྭའི་སློབ་ཁྲིད་ཀྱི་བྱེད་སྒོ་དང་།  དྲ་རྒྱ་སོགས་ནས་སློབ་ཁྲིད་ཀྱི་རྒྱུ་ཆ་གསར་པ་འཚོལ་ཞིབ་གནང་ཕྱོགས། ཡིག་རྒྱུགས་གཏོང་ཕྱོགས་དང་དེའི་གྲུབ་འབྲས་སྙན་ཐོ་ཁྱིམ་བདག་ལ་འབུལ་ཕྱོགས་སྐོར་སློབ་ཁྲིད་གནང་ཡོད་པ་དང་བླངས་དགེ་རྒན་ཚོར་ཕན་རླབས་ཆེན་པོ་བྱུང་ཡོད།

ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༡༠ ཚེས་ ༧ མངའ་སྡེའི་མི་རིགས་སྣ་མང་རིག་གཞུང་བློན་ཆེན་ (Minister for Multiculturalism) སྐུ་ཞབས་ཧོང་རེའི་ལྦིའི་ལེམ་མཆོག་ Hon Ray Williams MP སིཌ་ནི་གཙུག་ལག་སློབ་གྲྭར་ཆེན་མོར་མི་རིགས་སྐད་ཡིག་སློབ་གྲྭའི་ལོ་འཁོར་ཚོགས་ཆེན་སྐབས་གཏམ་བཤད་གནང་བཞིན་པ།

ག༽མི་རིགས་སྐད་ཡིག་སློབ་གྲྭའི་མ་དངུལ་རོགས་རམ་སྐོར།

གཞུང་ནས་སློབ་གྲྭར་མ་དངུལ་རོགས་རམ་གྱི་མཐུན་རྐྱེན་བསྐྲུན་བཞིན་ཡོད་པ་དེ་དག་སྡེ་ཚན་གསུམ་ལ་དབྱེར་ཡོད།

དང་པོ་སློབ་གྲ་གསར་བཙུགས་རོགས་དངུལ་རམ  སློབ་གྲྭ་ཐོག་མར་བཙུགས་སྐབས་ཀྱི་དགོས་ངེས་འགྲོ་གྲོན་དགོས་རིགས།  དཔེར་ན།  འཛིན་ཆས་དང་སློབ་ཁྲིད་མཁོ་ཆས་སོགས།   རོགས་དངུལ་གྱི་ཁ་གྲངས་དེ་སློབ་གྲྭ་ཆེ་ཆུང་གཅིག་མཚུངས་ཡིན།  གཉིས་པ་སློབ་ཕྲུག་མཐུན་མོང་རྒྱུན་འགྲོན་རོགས་དངུལ་རོགས་རམ།  རོགས་རོམ་འདི་ནི་གཙོ་བོ་སློབ་གྲྭའི་ཁང་གླ་དང་རྒྱུན་ལྡན་སློབ་ཁྲིད་ཀྱི་འགྲོ་གྲོན་ཆེད་དུ་ཡིན།  ཁྲིད་ཆས་བཅས་ཀྱི་འགྲོ་གྲོན།  གསུམ་པ་ལས་གཞི་བྱེ་བྲག་པའམ་དམིགས་བསལ་གྱི་ལས་འཆར་རོགས་དངུལ། དེའི་ནང་སློབ་དེབ་བཟོ་བ། དགེ་རྒན་ཟབ་སྦྱོང་། དྲ་རྒྱ་དང་བརྙན་ཆས་བཅས་གོང་གསལ་མ་དངུལ་དེ་དག་སློབ་གྲྭ་དེ་དག་སྤྱི་ཚོགས་ལ་ཤ་ཁུ་ཤ་ཐིམ་ཞིག་དགོས་པ་ལས་གང་བྱུང་བེད་སྤྱོད་ལོག་པ་བྱས་ཆོག་གི་མེད།

མ་དངུལ་དེ་དག་ཞུ་བར་གོ་རིམ་ངེས་ཅན་བརྒྱུད་དགོས་པ་ལོ་ལྟར་ཕྱི་ཟླ་ ༣ པའི་ཚེས་ ༣༠ གོང་ངེས་པར་དྲ་སྟེང་བསྐངས་ཟིན་པ་དགོས།  དུས་ཚོད་ཀྱི་རིམ་པའི་འགྲོ་སྟངས་དང་ཞུ་སྟངས་དམིགས་ཡུལ་འཆར་གཞི་ཁ་གསལ་བཀོད་དགོས།  རིག་གནས་སྐྱེད་ཚལ་ཁང་གི་མ་དངུལ་ཞུ་བའི་ལས་འགན་གཙོ་བོ་ས་གནས་རྒྱུན་ལས་ཀྱིས་ཐུགས་འགན་གཙོ་བཞེས་གནང་གི་ཡོད་པ་དེ་ཐོག་རོགས་དངུལ་གང་ཙམ་ཐོབ་ཐུབ་པ་བྱུང་ཡོད་ལ་རོགས་དངུལ་ཞུ་རྒྱུར་ཚོགས་པའི་ནང་དང་བླངས་ལས་བྱེད་ཚོར་ཉམས་མྱོང་དང་ཤེས་ཚད་ཀྱི་དཀའ་ངལ་ཆེན་པོ་ཕྲད་བཞིན་ཡོད།  འོན་ཀྱང་ཤེས་ཚད་དང་ཉམས་མྱོང་གདེང་མིན་ལ་མ་ལྟོས་པར་ས་གནས་ཀྱི་རྒྱུན་ལས་སྐབས་བཅུ་གཉིས་པའི་རིག་གཞུང་འགན་འཛིན་ཕུར་བུ་ཚེ་རིང་ལགས་དང་ཡ་ལོ་ངག་དབང་དེ་བཞིན་རྩིས་པ་སྐལ་བཟང་ཡོན་ཏན་ལགས།  སྐབས་བཅུ་གསུམ་པའི་རྒྱུན་ལས་ཀྱི་རིག་གཞུང་འགན་འཛིན་བློ་བཟང་དོན་ལྡན་ལགས་དང་རྩིས་པ་པ་སངས་སྐྱིད་སོགས་རྒྱུན་ལས་སོ་སོས་དུས་ཚོད་མང་པོ་བཏང་ནས་འབད་བརྩོན་གང་ཐུབ་གནང་ནས་གོ་སྐབས་གང་ཡོད་པ་དམ་འཛིན་གནང་བར་གྲུབ་འབྲས་གནད་སྨིན་བྱུང་ཡོད།

བོད་རིགས་མཐུན་ཚོགས་ལ་ཆ་བཞག་ན་ལས་དོན་དེ་དག་དང་བླངས་རྒྱུན་ལས་གནང་རྒྱུར་དུས་ཚོད་མང་པོ་གཏོང་དགོས་པ་དང་ལས་དོན་གྱི་འཆར་གཞི་གཏན་འཁེལ་དང་འགེངས་ཤོག་བསྐངས་སྐབས་ཨིན་ཡིག་གི་ཤེས་ཚད་ཡག་པ་དགོས་ཐོག་དམིགས་བསལ་ལས་དོན་དེ་ཐོག་ཆེད་ལས་པ་བཞིན་ཕྱག་ལས་གནང་དགོས་སྟབས་དགོང་མོ་མང་པོ་གློག་ཀླད་སྟེང་བཞུགས་དགོས་ཆགས་ཀྱི་ཡོད་ལ་ཨོ་གླིང་གཞུང་གི་ལས་ཁུངས་ནང་དུ་བོད་མིས་ལས་དོན་དེ་དག་ལ་ཆ་ཤས་དང་པོ་བླངས་བཞིན་ཡོད་པ་དང་མ་དངུལ་ཞུ་བའི་སྒོ་དང་པོ་ཡར་འཛུལ་འགྲོ་སྐབས་ཕྱོགས་ཡོངས་ནས་བསམ་བློ་ཞིབ་མོ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད།

རོགས་དངུལ་དེ་དག་ཨོ་གླིང་གཞུང་གིས་ཆེད་མངགས་བོད་མིར་གནང་བ་ཞིག་མ་ཡིན་པར་དེ་ནི་ང་ཚོ་སྤྱི་ཚོགས་འདིའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་ཐོབ་ཐང་ཞིག་ཡིན་པ་དང་མ་དངུལ་དེ་དག་གཞུང་གི་དཔྱ་ཁྲལ་ནས་གནང་གི་ཡོད།   མ་འོངས་ང་ཚོའི་སྤྱི་ཚོགས་ཀྱིས་ཐོབ་ཐང་བླངས་རྒྱུར་རྒྱུན་ལས་གཅིག་པུས་གཞན་དབང་སྟབས་བསྟུན་དང་ཤེས་ཚད་གདེང་ངེས་མེད་པའི་དཀའ་ངལ་མི་དགོས་པར་ས་གནས་བོད་མི་ཁག་གཅིག་ལ་དེ་ཐོག་ཟབ་སྦྱོང་ཕུལ་ནས་གླ་ཡོད་ཀྱི་ལས་ཀ་བཟོས་པ་ཡིན་ན་འཆར་གཞི་དང་ལྡན་པ་ཞིག་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་འདུག

ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་མི་རིགས་སྐད་ཡིག་སློབ་གྲྭའི་སིཌ་ནི་གཙུག་ལག་སློབ་གྲྭ་ཆེ་མོའི་སློབ་དཔོན་སྐུ་ཞབས་ཁེན་ཁུའུ་རུག་ཤང་ (Professor Ken Cruickshank) གིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བཞིན་པ།

ང༽ མི་རིགས་སྐད་ཡིག་སློབ་གྲྭའི་སློབ་གཞིའི་སྐོར།

བོད་ཀྱི་སྐད་ཡིག་གི་སློབ་གཞི་མངའ་སྡེའི་གཞུང་གི་ཤེས་ཡོན་སྲིད་ཇུས་དང་མཐུན་པ་ཚད་ལྡན་བཟོ་ཐུབ་པ་དང་། དེ་མཐུན་དགེ་རྒན་སྦྱོང་བརྡར་ལྡན་པའི་མི་རིགས་སོ་སོའི་དགེ་རྒན་གྱི་མི་ཆའི་ཆ་རྐྱེན་ཡོད་ན།རེས་གཟའ་སྤེན་པ་ཉི་མའི་སློབ་གྲྭ་གཅིག་པུ་ལ་བརྟེན་མི་དགོས་པར་བོད་མི་སྡོད་ཁུལ་གྱི་ཉིན་མོའི་སློབ་གྲྭའི་ནང་སོ་སོའི་སྐད་ཡིག་སློབ་ཁྲིད་གནང་ཐུབ་པ་མ་ཟད།དེ་ལས་ཐོབ་པའི་ཡིག་རྒྱུགས་བརྒྱ་ཆ་དེ་འཛིན་རིམ་བཅུ་གཉིས་སློབ་ཚན་ནང་གི་མི་རིགས་སྣ་མང་སྐད་ཡིག་གཉིས་པའི་བརྒྱ་ཆའི་ནང་མཉམ་འཁྱེར་གནང་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡོད། སློབ་ཕྲུག་གི་གྲངས་འབོར་དང་དཔལ་འབྱོར། དགེ་རྒན་བཅས་ཀྱི་ཆ་རྐྱེན་ལྡན་ན། མི་རིགས་སོ་སོའི་སྐད་ཡིག་གཙོ་བཟུང་བྱས་པའི་སྔོན་འགྲོ་དང་། གཞི་རིམ། མཐོ་རིམ་སློབ་འབྲིང་གི་སློབ་གྲྭ་བཅས་ཟུར་འཛུགས་གནང་ཆོག ཨོ་གླིང་གཞུང་གིས་མི་རིགས་སྐད་ཡིག་སློབ་གྲྭའི་ཤེས་ཡོན་སྲིད་ཇུས་དེ་ནི་ཡར་ཐོན་རྒྱལ་ཁབ་ཨ་རི་དང་ཁེ་ན་ཌ། དབྱིན་ལེན་བཅས་ནང་དེ་ལྟར་མེད་པ་ཞིག་ང་ཚོས་ལག་ལེན་བསྟར་གྱི་ཡོད་ཅེས་སྤོབས་པ་མཐོན་པོའི་ཐོག་ནང་གསུངས་ཀྱི་ཡོད།  མི་རིགས་སྐད་ཡིག་སློབ་གྲྭའི་དམིགས་ཡུལ་གཙོ་བོ་དང་པོ།   སྐད་ཡིག། གཉིས་པ། སྐད་གཉིས་སྨྲ་བ། གསུམ་པ་རིག་གཞུང་མི་འདྲ་བར་འབྲེལ་བ་བཟོ་ཐུབ་པ་དེ་དག་ཡིན། དང་པོ་སྐད་ཡིག་ནི་སྐད་ཡིག་དེའི་འབྲི་རྩལ། ཀློག་རྩལ། ཤོད་རྩལ། ཉན་རྩལ་སློབ་ཐར་སོན་པ་དགོས། སློབ་མ་ཚོས་རྒྱལ་ཁབ་འདིའི་གཙོ་བོའི་སྐད་ཡིག་གཙོ་བཟུང་ཐོག་རང་གི་ཁྱིམ་ཚང་སྐད་ཡིག་སློབ་སྦྱོང་གནང་ནས་སྐད་གཉིས་སྨྲ་བ་ཞིག་ཆགས་དགོས། དེ་ཡང་གཞི་རིམ་སློབ་གྲྭའི་ནང་སྐད་ཡིག་སློབ་ཚན་ཡོད།  གསུམ་པ་རིག་གཞུང་མི་འདྲ་བའི་ནང་འབྲེལ་བ་བཟོ་ཐུབ་པ་དང་དེའི་ཉམས་མྱོང་བླངས་ནས་རང་ཉིད་ཀྱི་ཤེས་ཡོན་གོང་མཐོར་གཏོང་བ་དེ་ཡིན། སྐད་ཡིག་མི་འདྲ་བ་སློབ་སྦྱོང་བྱས་ནས་རིག་གཞུང་མི་འདྲ་བའི་མི་རིགས་ཀྱི་ཤེས་བྱ་གསར་པ་བླངས་ཏེ། རང་གི་བསམ་བློའི་ནུས་སྟོབས་ཆེ་རུ་གཏོང་ཐུབ་པ་དང་། རིག་གཞུང་མི་འདྲ་བའི་བྲོ་བ་མྱངས་ནས་མི་རིགས་ཕན་ཚུན་རྒྱུས་མངའ་དང་ཤེས་རྟོགས་གཏིང་ཟབ་ཡོང་ཐབས་བྱ་རྒྱུ་དམིགས་ཡུལ་གཙོ་བོ་ཞིག་རེད།དེ་འདྲའི་དགེ་མཚན་ལས་རྒྱལ་ཁབ་འདི་རིག་གཞུང་ཕུན་སུམ་ཚོགས་ལ་མི་རིགས་འཆམ་མཐུན།ཞི་བདེའི་སྤྱི་ཚོགས་བསྐྲུན་ཐུབ་པའི་དགེ་མཚན་ལྡན་ཡོད།  ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་ ༡༠ ཚེས་༧ ཉིན་ང་ཚོ་བོད་མིའི་སྐུ་ཚབ་བརྒྱད་སིཌ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བསྐོངས་ཚོགས་གནང་བའི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ལོ་འཁོར་ཚོགས་ཆེན་དང་ཟབ་སྦྱོང་ལབཅར་རྒྱུའི་གོ་སྐབས་ལོ་གསུམ་པ་དེ་བྱུང་བ་དེ་ནི་ལོ་རེ་ནས་ལོ་རེ་མ་བསྡད་པར་གཞུང་གིས་རོགས་དངུལ་མང་དུ་གཏོང་བ་དང་། ཚོགས་ཞུགས་ཀྱི་གྲངས་འབོར་མང་འགྲོ་བའི་ཚོགས་ཆེན་དང་ཟབ་སྦྱོང་ཞིག་ཡིན་པ་འདི་ལོར་ཚོགས་མི་ ༦༠༠་ཙམ་ཆེད་བཅར་ཞུས་འདུག དེའི་ནང་སྐད་ཡིག་ཐོག་གལ་ཆེའི་བཀའ་སློབ་གནང་མཁན་མང་པོ་ཡོད་པ་ལས་མངའ་སྡེའི་མི་རིགས་སྣ་མང་རིག་གཞུང་བློན་ཆེན་ (Minister for Multiculturalism) སྐུ་ཞབས་ཧོང་རེའི་ལྦིའི་ལེམ་མཆོག་ Hon Ray Williams MP གིས་་རོགས་དངུལ་ས་ཡ་བཅིུག་གཏོང་འཆར་ཡོད་པ་གསུངས་པ་དང་།  མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་སིཌ་ནི་གཙུག་ལག་སློབ་གྲྭ་ཆེ་མོའི་སློབ་དཔོན་སྐུ་ཞབས་ཁེན་ཁུའུ་རུག་ཤང་ (Professor Ken Cruickshank) མཆོག་གིས་མ་འོངས་པར་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་སློབ་གཞི་སྔོན་འགྲོ་ནས་སློབ་ཆེན་བར་སློབ་གཉེར་གནང་རྒྱུ་ཡོད་པ་དང་དགེ་རྒན་རྣམས་ཀྱི་ལག་ཁྱེར་ངོས་ལེན་དེ་བཞིན་སློབ་གཞི་ཚད་ལྡན་དང་ཡིག་རྒྱུགས་ཀྱི་སྒྲོམ་གཞི་དང་སློབ་ཁྲིད་རྒྱུ་ཆ་ཕུན་སུམ་ཚོགས་སུ་གཏོང་ངེས་སྐོར་གཏམ་བཤད་གནང་སོང་བས་དེ་དག་ཆ་ཚང་ལེགས་གྲུབ་མ་བྱུང་ཡང་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭ་ནི་ཡར་རྒྱས་ཀྱི་ཕྱོགས་ལ་འགྲོ་ཡི་ཡོད་པས་ང་ཚོས་བོད་མིའི་སློབ་གྲྭ་ཁག་གིས་མི་རིགས་གཞན་དང་གཅིག་མཚུངས་རང་རང་གི་སློབ་གྲྭའི་སློབ་གཞི་ཕུན་སུམ་ཚོགས་སུ་བཏང་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེར་སྣང་།  མི་རིགས་སྐད་ཡིག་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་དང་དུས་ཐུང་ཟབ་སྦྱོང་བཅས་ཀྱི་ནང་ཁྲིད་བཞིན་པའི་སློབ་ཁྲིད་ཐབས་ལམ་ཁག་ནི་དེང་དུས་ཚན་རིག་དང་མཐུན་པའི་རྒྱལ་སྤྱིའི་སྐད་ཡིག་སློབ་ཁྲིད་ཚད་ལྡན་ལམ་ལུགས་སོང་དེ་དག་བོད་མིའི་སྐད་ཡིག་སློབ་ཁྲིད་ཐབས་ལམ་ནང་ལག་བསྟར་བྱས་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་དེང་དུས་དང་མཐུན་པ་དང་སྤྲོ་སྣངང་དང་ལྡན་པའི་སློབ་ཁྲིད་ཐབས་ལམ་གྱི་ཁ་ཕྱོགས་སུ་ཁྲིད་དགོས་པ་ནི་ང་ཚོ་ས་གནས་འདིར་ཡོད་པའི་དང་བླངས་དགེ་རྒན་རྣམས་ཀྱི་ལས་འགན་ཡིན།

ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་ནེའུ་སོའོ་རྡ་ལྦེའི་གཙུག་སློབ་གྲྭ་ཆེ་མོའི་ནང་མི་རིགས་སྐད་ཡིག་སློབ་གྲྭའི་སིཌ་ནི་གཙུག་ལག་སློབ་གྲྭ་ཆེ་མོའི་སློབ་དཔོན་ སྐུ་ཞབས་ཁེན་ཁུའུ་རུག་ཤང་ (Professor Ken Cruickshank) མཆོག་དང་ སློབ་སྤྱི་གཞོན་པ་བསྟན་འཛིན་མཚོ་བྱུང་། དགེ་ཆེ་རྭ་ལོ་དོན་ལྡན། དང་བླངས་དགེ་རྒན་ཚེ་རིང་ནོར་བུ་ལགས་བཅས་སོ།།
ཕྱི་ལོ་ ༢༠༡༧ ལོའི་ནང་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ཤེས་ཡོན་འགན་འཛིན་ལྕམ་ཧེའི་ཌིའི་ལགས་ (Heidi Lindgren) སུ་སློབ་སྤྱི་བློ་བཟང་དོན་ལྡན་ལགས་ཀྱིས་དབུས་བོད་མིའི་ཤེས་རིག་སློབ་དེབ་ངོ་སྤྲོད་གནང་བཞིན་པ།

ཅ༽  རིན་བྲལ་གི་གོ་སྐབས་དམ་འཛིན།

ཨོ་གླིང་སྣ་མང་རིག་གཞུང་གི་སྲིད་ཇུས་དང་མི་རིགས་སྣ་མང་སྐད་ཡིག་གི་སྲིད་ཇུས་གཉིས་ཀའི་ནང་རྒྱལ་ཁབ་འདི་ལ་ཡོད་པའི་བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་སྐད་དང་བཅས་པ་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གནང་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཡོད་པས་གོ་སྐབས་དེ་ག་ཚོད་ལེན་ཐུབ་ཀྱི་ཡོད་དམ་སྙམ་པའི་རང་བཞིན་དྲི་བ་ཞིག་སེམས་ནང་འཁོར་ཐུབ་ངེས་རེད།ང་ཚོས་གོ་སྐབས་ག་ཚོད་ལེན་ཐུབ་མིན་ཐོག་བསམ་གཞིགས་ནན་པོ་གནང་དགོས་ངེས་ཆགས་ཡོད། དེར་བོད་མིའི་སྒྲིག་འཛུགས་ཁག་དང་མང་ཚོགས་བཅས་དབྱེ་བ་གཉིས་ཕྱེ་ནས་བསམ་གཞིགས་གནང་དགོས།བོད་མིའི་སྒྲིག་འཛུགས་ཁག་གིས་ཆབ་སྲིད་ཀྱི་ལས་འགུལ་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་གཉིས་ནང་ནས་ཆབ་སྲིད་ལས་འགུལ་ཉིན་ལྟར་སྤེལ་ཡུལ་མེད་པ་དང་ཨོ་གླིང་གཞུང་ཕྱོགས་ནས་དུས་རྟག་ཏུ་རྒྱབ་སྐྱོར་གནང་ངེས་མ་རེད།རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་འདིར་གོང་གསལ་སྲིད་ཇུས་འོག་ཉིན་ལྟར་རྒྱབ་སྐྱོར་ཐོབ་ངེས་རེད་ལ་བོད་མིའི་ངོས་ནས་ཀྱང་རྒྱུན་སྲིང་ནས་འགྲོ་ཐུབ་པའི་བྱ་བ་ཞིག་རེད།དེ་ནི་ཕྱོགས་གཞན་ནས་བཤད་ན་ཨོ་གླིང་རྒྱལ་ཁབ་དང་དེའི་མི་མང་ལ་བོད་མིས་ཕུལ་བའི་རིག་གཞུང་གི་ཞབས་ཞུ་ལྟ་བུ་ཆགས་ཀྱི་ཡོད།

ཨོ་གླིང་ནང་བོད་ཀྱི་སྐད་ཡིག་ལ་གོ་སྐབས་ཡོད་པ་དང་དེ་རྩ་ཆེན་པོ་ཞིག་ཡིན་པ་རྒྱལ་ཁབ་འདིའི་ནང་ཡོད་པའི་དོན་གཅོད་ལས་ཁུངས་དང་།སྤྱི་འཐུས།བོད་རིགས་མཐུན་ཚོགས་བཅས་བོད་མིའི་དབུ་ཁྲིད་ཚོས་ངེས་པར་མཁྱེན་རྟོགས་དགོས་པ་དང་དེ་དོན་མང་ཚོགས་ལ་ངོ་སྤྲོད་བྱས་ནས་ཉིན་རེའི་ལས་དོན་གཙོ་བོའི་འཆར་གཞིའི་ནང་བཀོད་ནས་ལག་ལེན་དུ་འཁྱོལ་བ་བྱེད་དགོས་ངེས་རེད་སྙམ། ལྷག་པར་དུ་མི་རིགས་སྣ་མང་གི་རིག་གཞུང་གི་སྲིད་ཇུས་ཀྱི་ཆེད་ལས་པ་རྣམས་དང་། མི་རིགས་སྐད་ཡིག་སློབ་གྲྭའི་འཛིན་སྐྱོང་ལས་བྱེད་དང་དེ་ཐོག་ཉམས་མྱོང་ལྡན་པའི་ཆེད་ལས་པ་གདན་ཞུས་ཀྱིས་བཀའ་སློབ་གོ་སྒྲིག་དང་།  དེའི་སྲིད་ཇུས་ཐོག་བོད་མི་ཤེས་ཡོན་ཅན་ཚོས་ཉམས་ཞིབ་གནང་སྟེ་བོད་མིར་ཁེ་ཕན་ལྡན་ལ་སྒྲུབ་ཐུབ་པའི་སྲིད་ཇུས་དང་འཆར་གཞི་བཟོས་ཏེ་ལག་ལེན་བསྟར་རྒྱུ་གལ་ཆེ།  དེ་དང་འབྲེལ་བའི་གནས་ཚུལ་རྣམས་ཀྱང་དྲ་རྒྱ་དང་བརྒྱུད་ལམ་ཁག་དུ་སྤེལ་ནས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་ཐབས་འབད་བརྩོན་གནང་དགོས།

བོད་རིགས་མཐུན་ཚོགས་ཁག་གིས་ཉིན་རེའི་འཚོ་བའི་ནང་བོད་ཀྱི་རིག་གཞུང་འཛིན་སྐྱོང་གནང་སྐབས་བོད་མི་ཁེར་རྐྱང་གནས་ཐབས་ཀྱིས་མི་རིགས་གཞན་གྱི་སྤྱི་ཚོགས་དང་འབྲེལ་བ་མ་གནང་བར་བཞུགས་ན། ནོར་འཁྲུལ་ཡིན་ལ་ཕུགས་རྒྱང་རིང་པོར་ཕྱོགས་གང་ཐད་ནས་བོད་མིའི་ཁེ་ཕན་ལ་གནོད་ངེས་རེད།

ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༨ ཚེས་ ༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སིཌ་ནི་བོད་རིགས་མཐུན་ཚོགས་རྒྱུན་ལས་སྐབས་ བཅུ་གསུམ་པ།

—–དུམ་བུ་གསུམ་པ།—–

རྩོམ་སྔ་མ།ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གླེང་བ། (དུམ་བུ་དང་པོ།)
རྩོམ་རྗེས་མ།སྙིང་གི་ཇ།
རྭ་ལོ་དོན་ལྡན།
(སྔོན་མིང་ལ་བློ་བཟང་ལུང་རྟོགས།) བོད་དབུས་འཕན་ཡུལ་དུ་སྐྱེས། བོད་དང་རྒྱ་གར་དུ་སློབ་སྦྱོང་བྱས། ས་རྭ་མཐོ་སློབ་ཀྱི་དགེ་ཆེ་དང་། སིད་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། དང་བླངས་བོད་དགེ ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཅས་བྱེད་མྱོང་། ད་ལྟ་སིད་ཎི་གཟའ་མཇུག་སློབ་གྲྭའི་དགེ་ཆེ་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་འགན་ཁུར་ཞོར་སིད་ཎི་གཙུག་ལག་སློབ་གྲྭར་དེང་དུས་སྐད་ཡིག་སློབ་ཁྲིད་ཀྱི་ཤེས་ཡོན་སྲིད་ཇུས་དང་ཐབས་ལམ་སྐོར་ལ་(diploma)ཆེད་སྦྱོང་བྱེད་བཞིན་ཡོད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།