མདུན་ངོས། མྱོང་བྱང་། སྙིང་གི་ཇ།

སྙིང་གི་ཇ།

༢༨༢༡

གཟའ་འཁོར་གཉིས་ཀྱི་གོང་གི་རེས་གཟའ་སྤེན་པའི་ཉིན། ངས་ནམ་རྒྱུན་བཞིན། བོད་མི་བགྲེས་སོང་ ༡༨ ཙམ་མཛེས་སྡུག་ལྡན་པའི་སྤྱི་གླིང་ཞིག་ཏུ་སྤྲོ་གསེང་ལ་འཁྲིད། ཉིན་གུང་གི་སྐབས་སུ་ཨ་མ་ལགས་གཅིག་གིས་ང་ལ་བོད་ཇ་ཕོར་པ་ཆེན་པོ་གང་གནང་བྱུང་བ་དེ་ཧ་ཅང་ཞིམ་པས་ལམ་སང་བཏུང་པ་ཡིན། དེ་འཕྲལ་ཁོང་གིས་ཡང་བསྐྱར་ཇ་དེམ་བཀྱག་སྟེ་ཨུ་ཚུགས་ཀྱིས་ཡང་བསྐྱར་ཕོར་པ་ཆེན་པོ་དེ་གང་བླུགས་བྱུང་། ངས་ཉིན་གུང་གི་ཁ་ལག་བཟའ་བཞིན་ཇ་དེ་བཏུང་པ་མ་ཟད། བགྲེས་སོང་ཚོར་ཁ་བརྡ་བྱས་པ་ཡིན།

ང་རང་སྐྱིད་པའི་རང་ཡུལ་དང་བརྩེ་བའི་ཕ་མ་བཞག་སྟེ་ལོ་མང་སོང་ཞིང་། དུས་ཡུན་དེའི་རིང་ངའི་ཕ་མ་གཉིས་འདས་གྲོངས་སོང་། ད་ལྟ་གཞན་ཡུལ་དུ་བོད་མི་བགྲེས་སོང་ཚོ་དང་མཉམ་དུ་ལོགས་སུ་འཛོམས་ཏེ་ཁོང་ཚོར་ཞབས་ཕྱི་ཕྲན་བུ་ཞུ་རྒྱུ་བྱུང་དུས་ང་རང་གི་དྲིན་ཅན་ཕ་མ་གཉིས་དྲན་སོས་འོང་བ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད་ལ། ང་རང་བགྲེས་སོང་ཚོའི་མཉམ་དུ་དུས་ཚོད་གཏོང་རྒྱུར་དགའ་དོན་ཡང་དེ་རེད།

ཉིན་གུང་གི་ཁ་ལག་བཟས་ཚར་རྗེས། ཨ་མ་ལགས་དེས་ཡང་བསྐྱར་ཇ་དེམ་བཀྱག་སྟེ་ཇ་བླུགས་པར་ཡོང་བས། ངས་ཨུ་ཚུགས་ཀྱིས་ད་ནི་ཇ་དང་ཁ་ལག་གིས་གྲོད་པ་ཡོངས་སུ་ཁེངས་པས་ཇ་དེ་རྩ་བ་ནས་ཞུ་ཐུབ་པ་མི་འདུག་ཅེས་བཤད། སྐབས་དེར་ཁོང་གིས། ཇ་ཡང་བསྐྱར་གང་ཐུངས། འདི་ཁྱེད་རང་གིས་ཨ་མས་བཟོས་གནང་བ་རེད་ཅེས་ཟེར། སྐད་ཆ་དེ་གོ་དུས་ང་རང་གི་རྣ་བར་ཡང་ཡིད་མ་ཆེས་པར། མིག་ཧར་གྱིས་ཁོང་ལ་བལྟས་པ་ཡིན། ཁོང་གིས་ངའི་ལག་ནས་དཀར་ཡོལ་བླངས་ཏེ་ཇ་གང་བླུགས་ཞོར། རེད། འདི་ཁྱེད་རང་གི་ཨ་མ་ལགས་དམ་པ་དེས་བཟོས་པ་རེད། ཁྱེད་རང་གི་ཨ་མ་ལགས་དང་ང་ཧ་ཅང་ཉེ་པོ་ཡིན། ང་བོད་ཇར་དགའ་པོ་ཡོད་ཙང་། ཁྱེད་ཀྱི་ཨ་མ་ལགས་ཀྱིས་ལོ་ཤས་གོང་། ཇ་བག་སྤུས་ལེགས་ཀྱི་ཇ་ཁུ་གདུས་ཏེ་སླར་ཇ་ལོར་སིམ་དུ་བཅུག་སྟེ་གྲིབ་སྐམ་བཏང་། དེ་ནས་བོད་ནས་ང་ལ་བསྐུར་འདུག ཇ་ལོ་དེ་ནས་ཕྲན་བུ་ཞིག་ཆུ་འཁོལ་ནང་བླུགས་པ་དང་ཇ་དྭངས་ཧ་ཅང་ཞིམ་པོ་ཆགས་ཀྱི་འདུག དེ་ལ་མར་དང་ཚྭ་བཏབ་སྟེ་བསྲུབས་ན། བོད་ཇ་བསྲུབས་མ་འདི་འདྲ་བ་ཆགས་ཀྱི་རེད་ཅེས་ཟེར་བཞིན། ཇ་ཕོར་དེ་ངའི་ལག་ཏུ་སྤྲད།

ངའི་ཨ་མ་ལགས་དམ་པ་དེ་ཚེ་མ་ཟིན་པར་ལོ་གཉིས་ཙམ་སོང་ཞིང་། དེ་རིང་གཞན་ཡུལ་ས་མཐའ་འདིར་ཁོང་ངོ་མའི་ཕྱག་ནས་འོང་བའི་ཇ་ཞིག་འཐུང་རྒྱུ་བྱུང་བ་དེ་ནི་སུའི་བློ་ལ་ཡང་འཆར་མི་སྲིད་པ་ཞིག་རེད། ངས་ཇ་ཕོར་དེ་ལག་ཏུ་བླངས་ནས་ཁུགས་ཤིག་ཏུ་སོང་སྟེ་ཇ་དེར་ཡང་བསྐྱར་བལྟས་པ་ཡིན། བརྩེ་བས་སྦྲེལ་དུས་ཇ་རླངས་དང་། ཇ་དྲི་ཡང་ཧ་ཅང་དམིགས་བསལ་རེད། ཇ་ཧུབ་རེ་རེ་བྱས་ཏེ་འཐུང་དུས། ཨ་མའི་བྱམས་སྐྱོང་དང་བསླབ་བྱ་དེ་ཚོ་དྲན་ཏེ་སེམས་པ་མནན་མ་ཐུབ་པར་མིག་ཆུ་འཆོར་གྲབས་བྱས་བྱུང་། ཚུལ་དེ་ངའི་ལས་རོགས་ཕྱི་གླིང་བ་དེས་མཐོང་བས། གནས་ཚུལ་ག་རེ་བྱུང་མིན་དྲིས་བྱུང་། ངས་ག་ལེར་ཇ་དེའི་ཡོང་ཁུངས་སྐོར་བཤད་པས། ཁོང་ངུས་སོང་། ཡིན་ནའང་ངས་ད་རུང་སྡུག་རུས་བྱས་ཏེ་ངུས་མེད།། །།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།