གང་ལའང་སྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ངག་ལ་མ་ཉན་པར་
༅༅།། ཁ་སང་ཁ་ཉིན་འཕྲུལ་སྒྲའི་ཐོག་(Twitter)ཁོ་བོས་ནམ་རྒྱུན་རྩོམ་ཡིག་སྤེལ་སྐབས་ཨང་དང་པོར་བརྩི་བའི་རྩ་དོན་ཏེ། བོད་མི་སྤྱིས་གོ་ཐུབ་པ་ཞིག་དགོས་པའི་ལྟ་ཚུལ་དེ་གླེང་སློང་ཞུས་པར། མཚན་དངོས་མི་གསལ་བའི་མཁྱེན་ལྡན་ཞིག་གིས། ཕྲན་གྱིས་སྒྱུར་བའི་དཔེ་དེབ་ནང་། “ཨ་ཅང་ཅང་”དང་། “ཆུང་རྩག” “འགྲིག་ག” “འཁྲིད་རྒྱུགས་”སོགས་བོད་ཀྱི་སྤྱི་སྐད་མ་ཡིན་པའི་ཡུལ་སྐད་བཀོལ་བའང་འདུག་ཟེར་ལ། ཁོང་གིས། རྩོམ་པ་པོ་ཞིག་གིས་རང་རྩོམ་སྤེལ་བ་དང་གཞན་རྩོམ་བསྒྱུར་སྐབས་མང་ཉུང་ལ་མ་ལྟོས་པར། རང་གི་ཡུལ་སྐད་སྤྱོད་པ་དེ་དེང་སང་སྤྱི་ལ་ཁྱབ་པའི་གནད་དོན་ཞིག་ཡིན་པའི་ངོས་འཛིན་གནང་།
ང་ཚོས་དྲྭ་ལམ་ནས་གོང་གི་ཚིག་དེ་ཚོ་སྤྱི་སྐད་ཡིན་མིན་གྱི་རྩོད་གླེང་བྱས་ཤིང་། དེའི་ནང་ནས་“ཨ་ཅང་ཅང་”སྤྱི་སྐད་ཡིན་མིན་ལ་གླེང་སློང་ཤུགས་ཆེ་ཙམ་བྱས། ངས་འབའ་པ་ཕུན་དབང་གི་ལོ་རྒྱུས་བསྒྱུར་སྐབས། དབྱིན་སྐད་ཀྱི་“of course”ཞེས་པའི་དོན་མཚོན་བྱེད་དུ། “ཡིན་དང་ཡིན་” “ཨ་ཅང་ཅང་།” “ངེས་པར་དུ་”སོགས་བེད་སྤྱོད་བཏང་མཐར། འཚམས་ཤོས་ནི་“ཨ་ཅང་ཅང་”ཡིན་པར་མཐོང་སྟེ་ཚིག་དེ་སྤྱད་པ་ཞིག་ཡིན་ལ། ཚིག་དེའི་གོ་དོན་ཐད། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་“བཤད་མི་དགོས་ཞེས་པའམ། ལོས་བདེན་ཟེར་བའི་དོན་ཏེ། (དཔེར་ན།) ཕྲུ་གུས་ཀྱང་སྒྲུབ་ཐུབ་ན། མི་རྒན་པས་ཨ་ཅང་ཅང༌། རླངས་འཁོར་ཡང་ཤིན་ཏུ་མགྱོགས་ན། གནམ་གྲུ་ནི་ཨ་ཅང་ཅང༌། དགུན་ཡང་དྲོ་ན། དབྱར་ཁ་ནི་ཨ་ཅང་ཅང༌ལྟ་བུ”ཞེས་གསལ་འདུག །བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་མིང་ཚིག་གང་ཞིག་ཡུལ་སྐད་ཡིན་ཚེ། “ཡུལ་”ཞེས་ཡུལ་སྐད་ཡིན་པའི་རྟགས་བཏབ་ཡོད་ཀྱང་། ཚིག་འདི་ལ་རྟགས་དེ་བཏབ་མེད་པས་ངས་ནི་སྤྱི་སྐད་རང་དུ་བརྩིས་ནས་བེད་སྤྱོད་བྱས།
ད་ཆ་འདི་ལ་གླེང་གཞི་ཞིག་ཐོན་པ་ལྟར། སྔོན་བྱོན་བོད་ཀྱི་མཁས་པའི་གསུང་གི་ནང་། “ཨ་ཅང་ཅང་”ཞེས་པ་འདི་གསལ་ཡོད་མེད་ཀྱང་གནད་འགག་ཅིག་ཏུ་མཐོང་། ཕྲན་གྱིས་སྔོན་བྱོན་བོད་ཀྱི་མཁས་པའི་གསུང་རྩོམ་ཉུང་ངུ་ཞིག་ལས་མཇལ་མ་མྱོང་བས། “ཨ་ཅང་ཅང་”འདི་སྔོན་གྱི་གསུང་རབ་རྙིང་པ་ཁག་གི་ནང་གསལ་ཡོད་དང་མེད་ཀྱི་ཁ་ཚོན་ད་དུང་གཅོད་པར་མ་ནུས་ཀྱང་། “ཨ་ཅང་ཅང་”དང་འདྲ་བའི་“ཨ་ཅང་”དང་། “ཨ་ཅང་ཆེ་”ཞེས་པ་གཉིས་མང་དུ་གསལ་བའི་དཔེ་མཚོན་གཤམ་གསལ།
༡) ཀརྨ་པ་རང་བྱུང་རྡོ་རྗེའི་(༡༢༨༤-༡༣༣༩)གསུང་བཀའ་བཞི་བརྒྱུད་པའི་གསོལ་འདེབས་ལས། “ཐམས་ཅད་ཀུན་གྱིས་ཐུགས་རྗེ་ཆེན་པོ་བསྒོམ་ཞིང་མ་ཎི་པདྨེ་གྲོངས་དང་ཚེ་འདི་དང་ཨ་ཅང་ཆེ་སྟེ། ཚེ་ཕྱི་མ་ལ་ཡང་ནད་དང་གནོད་པ་དང་རྐྱེན་ངན་ཞི་བྱེད་བྱིན་གྱིས་བརློབས་པའོ།།”
༢) རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་(༡༣༠༨-༡༣༦༤)གྱིས་མཛད་པའི་ཆོས་ཀྱི་རྗེ་མཚུངས་མེད་གྲགས་པ་རྒྱ་མཚོའི་རྣམ་ཐར་མེ་ཏོག་གི་ཕྲེང་བ་ཞེས་པ་ལས། “ཆོས་འཆད་དུས་ཡེ་ཤེས་པ་རྣམས་གཏོར་མས་མཉེས་པར་བྱས་པས་བར་ཆད་སེལ་བ་ཨ་ཅང་ཆེ་སྟེ། དེ་རྣམས་ཀྱི་འཁོར་གྱི་འཇིག་རྟེན་པ་ཚོ་མ་མགུ་ནའང་བར་ཆད་བྱེད་པ་གཅིག་ཡིན་པར་འདུག”ཅེས་གསུངས།
༣) འབྲུག་པ་པདྨ་དཀར་པོའི་(༡༥༢༧-༡༥༩༢)གསུང་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་པ་ལས།
“ངན་སོང་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ནི་མེ་དོང་དུ་ལྷུང་བ་དང་འདྲ་སྟེ། སྡུག་བསྔལ་འབའ་ཞིག་ལས་བདེ་བའི་སྐབས་མེད་པ་ཡིན། མཐོ་རིས་ན་གནས་པའི་སེམས་ཅན་ཐམས་ཅད་ལ་ཡང་། དགྲས་ཉེན་འདྲེས་ཉེན་ནད་ཀྱིས་ཉེན་པ་ལ་སོགས་པའི་སྡུག་བསྔལ་བྱུང་བའི་དུས་ནི་སྡུག་བསྔལ་བ་ཨ་ཅང་། གཞན་བདེ་ཞིང་སྐྱིད་པའི་དུས་ནའང་དེ་མི་རྟག་པ་འགྱུར་ནས་འགྲོ་བས་བདེ་སྐྱིད་དེ་ཉིད་སྡུག་བསྔལ་བའི་རྒྱུ་ཡིན་ཏེ། འབྲས་བུ་སྡུག་བསྔལ་ཆེན་པོ་འབྱིན་ངེས་པས་སོ”ཞེས་གསུངས།
༤) ཡང་འབྲུག་པ་པདྨ་དཀར་པོའི་གསུང་སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་ཞེས་བྱ་བ་ལས།
“གལ་ཏེ་ཐེག་ཆེན་ནི་སྟོན་པ་འདས་ནས་ཀླུ་སྒྲུབ་ལ་སོགས་པ་འགའ་ཞིག་གིས་རང་བཟོར་ བྱས་པ་ཡིན་པས་བཀའ་ཡིན་པར་མ་གྲུབ་བོ་ཞེ་ན། ལན་ཉན་ཐོས་ཁྱོད་ཀྱི་ལུང་ནི་བཀའ་ཡིན་པར་ཇི་ལྟར་འགྲུབ། ཁོ་ན་རེ་གང་ཕྱིར་ངེད་ཀྱི་ལུང་ནི་ཉན་ཐོས་པ་ངེད་རང་ལ་ཨ་ཅང་། ཐེག་ཆེན་པ་ཁྱོད་བཀའ་མིན་པར་མི་རྩོད་པས་གཉིས་ཀ་ལ་འདི་བཀར་གྲུབ་པ་ཡིན་ནོ་ཟེར་རོ། །”ཞེས་གསུངས།
༦) ཡང་དེ་ཉིད་ཀྱི་གསུང་བརྟག་གཉིས་ནས་གསུངས་པ་རྡོ་རྗེའི་གླུའི་སྐད་གཉིས་ཤན་སྦྱར་ཞེས་པ་ལས།
“མགྲིན་པར་མིད་ནས་ལོངས་སྤྱད་པའི་གསང་དབང་ཐོབ་བོ། །སྲིན་ལག་བསྒྲེངས་ནས་སྟོན་ན། དབང་གསུམ་ཐོབ་བམ། ཁུ་ཚུར་བཅངས་པའི་མཐེའུ་ཆུང་བསྒྲེངས་ནས་སྟོན་ན། གསུམ་པ་ཐོབ་པ་ཨ་ཅང་བཞི་པའང་ཐོབ་བོ། །”
༧) ས་སྐྱའི་ལམ་འབྲས་ལས་སམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་ཆེན་གསུང་ངག་རིན་པོ་ཆེའི་གླེགས་བམ་ཞེས་པ་ལས།
“དུས་རྒྱུན་དུའང་ཉི་མ་སྔ་ཕྱེད་ཡན་ཐུགས་དམ་ཁོ་ན་ལ་མཉམ་པར་འཇོག །བཞུགས་གྲལ་དང་། ཞབས་འཆག་སོགས་མཛད་པའི་ཚེ་ཨ་ཅང་། ཐ་ན་གསོལ་ཇ་བཞེས་པའི་བར་ལའང་ཕྱག་ཕྲེང་ཉེད་ཅིང་གསང་སྔགས་ཀྱི་བཟླས་བརྗོད་ཁོ་ན་ཤུབ་བུར་མཛད་པས། ལྷག་པའི་ལྷའི་བཟླས་བརྗོད་དུང་ཕྱུར་གསུམ་ལྷག་པ་སོང་གདའ”
“དེར་སྡོད་པའི་བར་གསུང་ཆོས་སྔ་ཕྱི་ཆོས་སྤྱོད། རིགས་ལུང་། མང་ཇ་སོགས་ཐམས་ཅད་ལ་འཚོག་པའི་སྔོན་མ་གྱེས་པའི་རྟིང་མ་བྱས། རས་ཆོད་དུ་ཨ་ཅང་། ཆོས་ཁྲིམས་པ་ལ་ཞུ་བ་བྱས་པའི་བྲེལ་སྤྱོད་ཀྱང་མ་བྱས་པར་ཆོས་ར་རིགས་ལུང་ཐེངས་གཅིག་ཙམ་ཡང་གཅོག་མ་མྱོང་། བདག་རང་ཨ་ཅང ་། ངེད་རང་གི་གྲྭ་རིགས་ཚུན་ལ་མཐའ་འདོམས་བྱས།”
“ཚིག་བརྒྱུད་ཅི་ཐོབ་བྱས་པས་ཚིག་བརྒྱུད་མེད་པ་ཆེར་མེད། རྒྱུན་དཀོན་ཁ་ཤས་ཉམས་རྨིས་སོགས་ཐོབ་ངེས་མ་གཏོགས་གཏན་ནས་ཁུངས་མེད་འཆད་སྤེལ་བྱེད་ཀྱི་མེད་གསུངས་པར། ཨ་ཅང་ལོས་ཆོག །”སོགས་གསལ།
༨) ཀཿཐོག་མཁན་པོ་ངག་དབང་དཔལ་བཟང་གི་(༡༨༧༩-༡༩༤༡)གསུང་དབུ་མ་བཞི་བརྒྱ་པའི་རྣམ་པར་བཤད་པ་རྒྱ་མཚོའི་ཟེག་མ་ཞེས་པ་ལས།
“ཁྱོད་དབུ་མ་སྨྲ་བ་མ་ཡིན་ནམ། ཡིན་ན་དབུ་མའི་གཏན་ཚིགས་དེ་དག་གང་དུ་སོང་དཔྱད་དགོས་ལ། རང་ངོར་འགྲོ་ན་ཐ་སྙད་ཡིན་ནམ་དོན་དམ་ཡིན་དཔྱད་ན་ཐ་སྙད་ལས་འོས་མེད་ལ། རང་ངོར་མ་སོང་ན་དེས་ཐལ་འགྱུར་མུན་པའི་ནང་གི་མདའ་འཕངས་པ་བཞིན་དུ་མ་གྱུར་ཏམ། དང་པོ་དོན་དམ་དཔྱོད་པའི་རིགས་པའི་འགྲོ་མཚམས་ངེས་ནས། དེ་ནས་ཐ་སྙད་ཀྱི་རྣམ་བཞག་ཇི་ལྟར་བྱེད་ཀྱང་བདེ་བ་ཞིག་མ་ཡིན་ནམ། ཨ་ཅང་དེ་དག་རྩེད་མོ་ཡིན། ཁོ་བོ་རང་རྒྱུད་པ་ལ་རྣམ་བཞག་ཇི་ལྟར་བྱས་ཀྱང་བདེ་མོ་ཞིག་ཡོད་པས་ད་ནི་ཡིད་སྤྲོ་བ་ཞིག་ཏུ་གྱུར་ཏོ།།”
༩) བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་(༡༩༠༤-༡༩༨༧)གསུང་བདུད་འཇོམས་ཆོས་འབྱུང་ལས། “ངའི་གམ་དུ་ལོ་ཙཱ་བ་ཡང་བཞི་ཙམ་བྱུང༌། རབ་བྱུང་དང༌། སྟོན་ཆེན་དང༌། སྒོམ་པ་སྒོམ་མ་ཡུས་པོ་ཆེ་རང་མཐོང་ཅན་མང་ཞིག་བྱུང༌། ཚུལ་བཞིན་ཉམས་སུ་ལོན་པ་ཨ་ཅང་ཆེ་སྟེ། དྭགས་པོར་ཉམས་ལེན་ཨེན་རེ་བྱས་པའི་ཉི་མ་བཅུ་གཅིག་ཙམ་དང་པོར་འཆི་དུས་ཐེབས་པ། འཆི་ཁར་གནད་གཅོད་མེད་པ། རོ་ལ་འཇའ་ཟུག་པ་བྱུང་བ་ཡིན།”ཞེས་གསུངས།
(གོང་དུ་དྲངས་པའི་དཔེ་མཚོན་རྣམས་ཨ་ཅང་དང་ཨ་ཅང་ཆེའི་གོ་དོན་རྒྱ་ཆེ་ཙམ་ནས་རྟོགས་ཆེད་དྲངས་པ་ལས། ཨ་ཅང་དང་ཨ་ཅང་ཅང་གཉིས་ཐམས་ཅད་ནས་མཚུངས་པར་སྒྲུབ་ཆེད་མིན་སྟབས། ལུང་ཚིག་དེ་ཚོར་རྒྱ་ཆེ་ས་ནས་དགོངས་པ་བཞེས་འོས་སོ།།)
གོང་གསལ་སྔོན་བྱོན་མཁས་པའི་གསུང་རྩོམ་གྱི་ནང་ནས་དཔེ་མཚོན་འགའ་ཞིག་དྲངས་པ་ལྟར། “ཨ་ཅང་”དང་། “ཨ་ཅང་ཆེ” “ཨ་ཅང་ཅང་”བཅས་ཀྱི་དབར་དག་ཆའི་ཁྱད་པར་ཕྲན་བུ་ཡོད་པ་ལས། གསུམ་ཀ་“དེ་ལྟར་ཡིན་པ་བཤད་མི་དགོས་”ཟེར་བའི་དོན་དུ་འཇུག་གི་ཡོད་པ་ཧ་ཅང་གསལ་བར་བརྟེན། ངས་“ཨ་ཅང་”ནི་“ཨ་ཅང་ཅང་”གི་མཆེད་ཁུངས་ཡིན་སྲིད་པ་རེད་ཅེས་སྨྲས། ཡིན་ནའང་དེ་ལྟར་ཡིན་པའི་སྒྲུབ་བྱེད་རྒྱུ་མཚན་ལམ་སང་མ་དྲན།
དགོང་མོ་ངའི་བུ་སློབ་གྲྭ་ནས་ཁྱིམ་དུ་སླེབས་ཤིང་། སྐབས་དེར་ཚ་བ་ཡང་ཆེ་བས་ནམ་རྒྱུན་བཞིན་བུ་ངེད་གཉིས་མཉམ་དུ་ཁྲུས་ཁང་ནང་འཛུལ་ཏེ། ཆུ་རྩེད་རྩེ་བཞིན་གཟུགས་པོ་བཀྲུས། ངས་བུ་ལ་རྩེད་མོའི་ཚུལ་དུ་ཆུ་གྲང་མོ་གཏོར་བར། བུས་ཁ་ནས་དབང་མེད་དུ་“ཨ་ཆུ་ཆུ་”ཟེར་བས། ཚིག་དེས་ལམ་སང་“ཨ་ཆུ་ཆུ་”དང་དོན་གཅིག་པ་ཡིན་པའི་“ཨ་ཆུ་”ཞེས་པ་དྲན་པའི་རྐྱེན་བྱས་ཤིང་། དེ་ལས་འཕྲོས་ཏེ་ཨ་ཅང་ཅང་གི་ཐད་ལའང་བསམ་གཞི་ཁ་ཤས་བརྙེད་པ་གཤམ་གསལ།
བོད་སྐད་ནང་། ཞིབ་ཏུ་བརྟག་ན། ཨ་ཅང་དང་། ཨ་ཅང་ཅང་དང་འདྲ་བའི་ཚིག་གི་གྲུབ་ཚུལ་མང་སྟེ། དཔེར་ན། ཨ་ཁ=ཨ་ཁ་ཁ། ཨ་ཆུ=ཨ་ཆུ་ཆུ། ཨ་ར=ཨ་ར་ར། ཨ་ཚ=ཨ་ཚ་ཚ། ཨ་ཙི=ཨ་ཙི་ཙི། ཨ་ལ=ཨ་ལ་ལ་ལྟ་བུ་དང་། དེ་བཞིན་ཀི་ཧི་=ཀི་ཧི་ཧི་དང་། རླུང་འཚུབ =རླུང་འཚུབ་འཚུབ། ནག་ཐིང་=ནག་ཐིང་ཐིང་། དཀར་སིང་=དཀར་སིང་སིང་། ནག་ཐོམ=ནག་ཐོམ་ཐོམ། ནག་རིལ=ནག་རིལ་རིལ། དཀར་སངས།=དཀར་སངས་སངས་སོགས་དཔེ་མཚོན་ཇི་སྙེད་ཅིག་ཡོད་པ་ལྟར། “ཨ་ཅང་”དང་“ཨ་ཅང་ཅང་”གི་རྩ་བའི་དོན་དག་གཅིག་ཅིང་། དེ་གཉིས་བར་“ཅང་”ཡིག་གཅིག་མང་ཉུང་གི་ཁྱད་པར་འབྱུང་དོན་ནི། གོང་དུ་དྲངས་པའི་དཔེ་མཚོན་གཞན་རྣམས་དང་མཚུངས་པར། སྙན་ཆ་འདོན་ཆེད་དང་ངག་ནས་བརྗོད་བདེ་བའི་ཕྱིར་དུ་ཡི་གེ་མཐའ་མ་བསྐྱར་ཟློས་བྱས་པ་ཙམ་ཡིན་སྲིད། ཡང་“ཨ་ཅང་ཆེ་”ཡི་“ཆེ་”“ཅང་”དུ་གྱུར་བའང་སྲིད་དོ།།
འདི་ནི། བྱ་བ་སྔོན་ལ་བྱས། བྱ་བ་དེ་ཡང་དག་པ་ཡིན་པའི་རྒྱུ་མཚན་རྗེས་སུ་བཙལ་བ་ལྟ་བུར་གྱུར་ཡང་། རང་ཅག་གི་རྩ་ཆེའི་སྐད་ཡིག་གི་ནང་ནས་ཐ་ན་མིང་ཚིག་གཅིག་ཙམ་གྱི་མཆེད་ཁུངས་དང་། འཇུག་ཡུལ་སོགས་ཤེས་ན། མིང་ཚིག་དེ་ཙམ་མ་ཟད། དེ་དང་འབྲེལ་བ་གཞན་མང་པོ་ཞིག་གི་ཁུངས་དང་རྒྱུ་མཚན་ཤེས་པར་ཕན་སྲིད་སྟབས། འདིར་བརྗེད་བྱང་གི་ཚུལ་དུ་བཀོད་ཅིང་། དོགས་སློང་གནང་མཁན་དྲྭ་རོགས་དཔྱོད་ལྡན་ཡོངས་ལའང་ཐུགས་རྗེ་ཆེ་ཞེས་ཞུ་བ་ལགས།། །།