ངོ་སྤྲོད།
༄༅།། མཉམ་ལས་ཞེས་པའི་བསམ་ཚུལ་ནི་འགྲོ་བ་མི་རང་ཉིད་ལས་ཀྱང་རྙིང་བ་ཞིག་ཡིན་མོད། ཚོགས་སྡེའི་ངོ་བོར་གྲུབ་པའི་མཉམ་འབྲེལ་ནི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་མ་གཏོགས་བྱུང་མེད། དེ་ཡང་བཟོ་ལས་གསར་བརྗེ་ལས་ལྡོག་ཕྱོགས་ཀྱི་གནོན་ཤུགས་བྱུང་བའི་དབང་གིས་མཉམ་འབྲེལ་གྱི་ལས་འགུལ་དེར་རྡོག་ལ་བསྒྲིལ་བའི་རྣམ་པ་ཐོན་ཡོད། བཟོ་ལས་གསར་བརྗེ་བྱུང་བར་བརྟེན་མི་རྣམས་ཀྱིས་ལག་པས་ཐོན་སྐྱེད་བྱེད་པ་ནས་འཕྲུལ་ཆས་ཀྱི་ཐོན་སྐྱེད་བྱེད་པར་ཁ་ཕྱོགས་བསྒྱུར་ཡོད། དེ་བཞིན་གྲོང་གསེབ་ནས་གྲོང་ཁྱེར་ལ་གནས་སྤོ་བྱེད་པ་དང༌། བཟོ་པ་རྣམས་ཉིན་རེར་ཆུ་ཚོད་མང་པོ་ངལ་རྩོལ་བྱེད་བཅུག་པར་མ་ཟད། བྱིས་པ་རྣམས་ལ་ཡང་རྡོ་སོལ་སྔོགས་འདོན་སོགས་བྱེད་བཅུག་སྟབས་བཟོ་པའི་གནས་སྟངས་ཧ་ཅང་ཡ་ང་བར་གྱུར། དབྱིན་ཡུལ་དུ་ལེའི་ཛེག ཧྤེར་ (Laissez Faire-ཚོང་འབྲེལ་གྱི་རང་དབང།)ཞེས་པའི་སྲིད་བྱུས་ལག་བསྟར་བྱས་ཏེ། མི་སྒེར་སོ་སོའི་འདུན་པ་དང་དགའ་མོས་ལ་གཞིགས་པའི་ཚོང་ལས་སྒྲུབ་ཕྱོགས་ཀྱི་རང་དབང་ཆ་ཚང་སྤྲད་ཡོད་ཅིང༌། དེ་སྐབས་དབུལ་ཕྱུག་དབར་དཔལ་འབྱོར་གྱི་ཧེ་བག་དེ་བས་ཀྱང་ཆེ་རུ་ཕྱིན་པ་དང༌། མི་དམངས་ཀྱི་འཚོ་བའི་གནས་སྟངས་ཤིན་ཏུ་སྐྱོ་བར་གྱུར་ཡོད། དེ་ལྟའི་གཉན་འཕྲང་གྱི་སྐབས་དབྱིན་ཡུལ་གྱི་རོ་བྷར་ཊི་ ཨོ་ཝན་ (Robert Owen) དང་ཕ་རན་སིའི་ཅར་ལི་སེ་ ཧྥོ་རར་ (Charles Fourer) ལྟ་བུའི་སྤྱི་ཚོགས་ཀྱི་བསམ་བློ་སྨྲ་བ་འགས་མཉམ་འབྲེལ་གྱི་རིག་པའི་གཞུང་ལུགས་ཀྱི་ལམ་ནས་སྤྱི་ཚོགས་ནང་ལེགས་སྤེལ་ཉེན་འགོག་ཀྱི་ཕན་པ་རླབས་ཆེན་བསྒྲུབས་ཡོད།
ཐོག་མའི་འབད་བརྩོན།
དབྱིན་ཡུལ་དུ་གནས་སྡོད་ཌུ་ཆའི་ཡུལ་མི་(Dutchman)པི་སི་ ཧྥ་ལོག་བྷོའི་ (P.C. Plockboy) ཞེས་པས་ཕྱི་ལོ་ ༡༦༥༩ ལོར་ལག་ཤེས་པ་དང༌། གྲུ་པ། ཆེད་ལས་མི་སྣ་བཅས་ལས་གྲུབ་པའི་དཔལ་འབྱོར་གྱི་སྒྲིག་འཛུགས་ཤིག་བཟོ་རྒྱུའི་འཆར་གཞི་འཁོད་པའི་འགྲེམས་ཤོག་ཅིག་པར་བསྐྲུན་བྱས་ཡོད་པ་དང༌། སྒྲིག་འཛུགས་དེའི་ནང་མ་རྩ་འཇོག་མཁན་དང་ལས་རྩོལ་གྱི་ཞབས་འདེགས་སྒྲུབ་པོ་རྣམས་ཀྱིས་རང་མོས་བཞིན་ལས་རྩོལ་དང་མ་རྩ་ཕྱིར་འཐེན་བྱ་ཆོག་པ་ཡང་བཀོད་ཡོད། དེ་བཞིན་ཚོགས་པ་ནང་ཁུལ་དུ་ཞིང་ལས་ཀྱི་ཐོན་འབབ་དང་བཟོ་ལས་ཐོན་རྫས་བརྗེ་ལེན་བྱ་རྒྱུ་དང༌། དེ་ལས་བྱུང་བའི་ཁེ་འབབ་ཚོགས་མིར་བགོ་འགྲེམས་བྱ་རྒྱུའི་སྐོར་གསལ་ཡོད་པ་རེད། ལོ་ཤས་རྗེས་ཕྱི་ལོ་ ༡༦༩༥ ལོར་དབྱིན་ཡུལ་ཆོས་གྲོགས་ཚོགས་པའི་ཚོགས་མི་འཇོན་ བྷེ་ལར་སེས་ (John Bellers) སྤྱོད་གོ་ཆེ་བའི་ཚོང་ལས་དང་ཞིང་ལས་སྣ་མང་མཉམ་སྡེབ་ཀྱི་འཆར་གཞི་ཞིག་འདོན་གནང་མཛད་ཅིང། འཆར་གཞི་དེའི་དབང་གིས་ཧྥ་ལོག་བྷོའི་ལྟ་གྲུབ་རྒྱ་སྐྱེད་དང་ཁྱབ་འཕེལ་ཆེན་པོ་བྱུང་ཡོད། དེ་ཡང་བཟོ་ལས་མཐུན་ཚོགས་ཀྱིས་ཐོན་སྐྱེད་བྱེད་པོ་དང༌། འཛད་སྤྱོད་པ། ཞིང་པ། ལག་ཤེས་པ་བཅས་ཚོགས་པ་གཅིག་ཏུ་སྒྲིལ་ཏེ་ཁྲོམ་རར་ཐོན་རྫས་ཚོང་བ་དང་ཚོང་གཉེར་ལས་བྱུང་བའི་ཁེ་འབབ་རྣམས་ཚོགས་པའི་ཚོགས་མི་མ་ཡིན་པའི་ཕྱི་མི་མ་རྩ་འཛུགས་པོ་རྣམས་ལ་སྐྱེད་འབབ་ཀྱི་ཚུལ་དུ་སྤྲོད་པ་སོགས་བྱས་ཡོད། རང་འཚོ་དང་གཉིས་ཕན་གྱི་རོགས་སྐྱོར་གཉམ་སྡེབ་དང༌། མ་སྐུལ་དང་བླངས་ཀྱི་ཞབས་ཞུ། དཔལ་འབྱོར་གོང་དུ་སྤེལ་ཕྱིར་དམངས་གཙོ་དང་འདྲ་མཉམ་གྱི་མཐུན་ཚོགས་གོ་བསྒྲིགས། བར་ཁེ་བཟའ་མི་མེད་པའི་ཐོན་སྐྱེད་བྱེད་པོ་དང་ཉེར་སྤྱོད་པ་རྣམས་ཀྱི་དབར་ཐད་གཏུགས་ཀྱི་འབྲེལ་བ་སོགས་མཉམ་འབྲེལ་ལས་འགུལ་གྱི་སོན་རྩར་འགྱུར་བའི་ལྟ་གྲུབ་བཟང་པོ་མང་དག་ཞིག་འཚོལ་སྒྲུབ་ཐུབ་པ་བྱུང་ཡོད།
ཁོང་ཚོས་ལྟ་ཚུལ་དེ་འདྲ་ཞིག་བཅངས་ཡོད་ཀྱང་དངོས་ཡོད་ལག་བསྟར་ཉུང་ཤས་ལས་བྱུང་མེད། ཧྥ་ལོག་བྷོའི་དང༌། ཁོང་གི་གྲོགས་པོ་འགས་རང་ཉིད་ཀྱི་ལྟ་གྲུབ་རྣམས་ཨ་རིའི་ནང་ལག་བསྟར་བྱ་ཐབས་བྱས་ཡོད་ཀྱང༌། སྲིད་གཞུང་གིས་ལས་གཞི་དེར་འདོད་མཐུན་མེད་པའི་རྣམ་འགྱུར་བསྟན་ཏེ་འགོག་གནོན་བྱས། དུས་རབས་བཅོ་བརྒྱད་པའི་བཞི་ཆ་གསུམ་པའི་སྐབས་ལ་ངལ་རྩོལ་གྱི་སྡེ་ཁག་དངོས་སུ་བཙུགས་ཡོད་པའི་ཁོངས་ནས་སེ་ཁོ་ཊི་ལན་ཌིའི་ (Scotland ) འཐག་མཁན་དང༌། ཆ་ཊ་ཧམ་ (Chatham) དང་ཝུལ་ རི་ཆ་ (wool rich)ཡི་གྲུ་གཟིངས་བཟོ་གྲྭའི་གོ་མཚོན་ངལ་རྩོལ་བ་ཚོས་སྒེར་གྱི་རྩམ་འཐག་བདག་གཉེར་བྱས་ཡོད་ཀྱང༌། དེ་དག་གི་གནས་ལུགས་ཅི་འདྲ་ཡིན་མིན་ཁ་གསལ་མེད་པར་མ་ཟད། དེ་ཚོ་དུས་རབས་གོང་མའི་བསམ་བློ་བ་རྣམ་གཉིས་ཀྱི་བརྩམས་ཆོས་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཡིན་མིན་ཡང་དོགས་གཞིའི་གནས་ཤིག་ཡིན།
རོ་བྷར་ཊི་ ཨོ་ཝན། Robert Owen 1771—1858
དེང་དུས་ཀྱི་མཉམ་འབྲེལ་ལས་འགུལ་གྱི་སྲོལ་གཏོད་པ་པོར་ངོས་འཛིན་བྱེད་པའི་རོ་བྷར་ཊི་ ཨོ་ཝན་གྱིས་རང་ཉིད་ཀྱི་ལྟ་གྲུབ་རྣམས་གསར་གཏོད་གྲུབ་རྗེས་བྷེ་ལར་སེ་ (Bellers)ཡི་བརྩམས་ཆོས་ལ་སློབ་གཉེར་བྱས། སྐབས་དེར་མཉམ་འབྲེལ་གྱི་ལས་འགུལ་ཐད་ལྟ་གྲུབ་ཀྱི་ཞབས་འདེགས་སྒྲུབ་པོ་རྣམས་ཀྱིས་རང་ཉིད་མ་ཡིན་པའི་སྐྱེས་བུ་གཞན་སུ་དང་སུ་ཡོད་མེད་ཕན་ཚུན་མཁྱེན་རྟོགས་མེད། རོ་བྷར་ཊི་ ཨོ་ཝན་ནི་ཕྱི་ལཽ་ ༡༧༧༡ ལོར་དབྱིན་ཡུལ་གྱི་ཚོང་པ་ཞིག་གི་སྲས་སུ་སྐུ་འཁྲུངས་པ་དང་ཁོང་གི་ཚེ་སྟོད་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད། དེ་ཡང་ལོ་དགུར་སོན་སྐབས་ཚོང་ཁང་ཞིག་ནས་ཚོང་ལས་སྦྱོང་བརྡར་གནང༌། ལོ་བཅུ་བཞིར་ལོན་ཌོན་གྱི་ཟམ་པ་རྙིང་པའི་སྟེང་གྱི་དར་གོས་ཚོང་ཁང་ཞིག་གི་ལས་གཡོག་ཏུ་བཞུགས། ལོ་བཅུ་དགུར་ཡུལ་མན་ཆ་སེ་ཊར་ (Manchester) གྱི་སྲིན་བལ་བཟོ་གྲྭའི་འཛིན་སྐྱོང་པ་་དང་ལོ་ཉི་ཤུ་རྩ་གཅིག་སྐབས་ཡུལ་སེ་ཁོ་ཊི་ལན་ཌི་ (Scotland) ནང་སྲིང་བལ་བཟོ་གྲྭའི་ཚོང་པ་ཞིག་གི་ཚོང་དོན་ལས་རོགས་བྱས། དུས་སྐབས་དེ་ནས་བཟུང་ཁོང་རང་འཚོ་ཐུབ་པ་ཞིག་ཏུ་གྱུར། དེ་དུས་ཐེངས་ཤིག་ཁོང་གིས་”ངས་མྱུར་དུ་རྟོགས་བྱུང༌། སྲོག་མེད་བེམ་པོའི་འཕྲུལ་ཆས་རྣམས་ལ་གཅེས་ཉར་དང་། སྲོག་ལྡན་གྱི་འཕྲུལ་འཁོར་(སྐྱེས་བུ)རྣམས་ལ་སྣང་མེད་མཐོང་ཆུང་བྱེད་བཞིན་འདུག”ཅེས་པའི་དེབ་ཅིག་བྲིས་ཤིང༌། དེའི་ནང་ཁོང་གིས། གཟུགས་ཆེ་སེམས་མེད་ཀྱི་འཕྲུལ་འཁོར་དང་བསྡུར་ན། སྲོག་ལྡན་གྱི་འཕྲུལ་འཁོར་འདི་དག་ཧ་ཅང་ཁྱད་དུ་འཕགས་པའི་སྒོ་ནས་འཛུགས་སྐྲུན་དང༌། གཅེས་སྐྱོང་བྱས་པར་ཡ་ལན་གང་ལས་ཀྱང་ལེགས་པ་བྱེད་པ་མིན་ནམ་ཞེས་སོགས་བྲིས་ཡོད། ཁོང་གི་གྲོགས་པོ་ཁེ་ལས་ཀྱི་བདག་པོ་ཚོ་ཧོན་འཐོར་དགོས་པ་ཞིག་ལ། ཨོ་ཝན་གྱིས་རང་ཉིད་ཀྱི་བཟོ་གྲྭའི་ལས་མི་ཚོའི་ཉིན་རེའི་ལས་ཀའི་དུས་ཡུན་ཆུ་ཚོད་ ༡༧ ཡིན་པ་དེ་ཆུ་ཚོད་ ༡༠ ལ་བསྒྱུར་བ་དང༌། ལོ་བཅུ་མན་གྱི་ཕྲུག་གུར་ལས་ཀ་བྱེད་དུ་མི་འཇུག་པ། ལས་བྱེད་པ་ཚོར་ཚུལ་མཐུན་གྱི་སྡོད་ཁང་དང་ཤེས་ཡོན། བཟའ་བཅའ་བཅས་རིན་གོང་འོས་འཚམས་ཐོག་མཁོ་སྦྱོར་བྱས་མོད། ངོ་མཚར་དགོས་པ་ཞིག་ལ། ཁོང་གི་དཔལ་འབྱོར་གནས་བབ་མུ་མཐུད་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད།
ལས་ཡུན་བཅག་པ་དང་ཕྲུ་གུའི་ངལ་རྩོལ་མེད་པ་བཟོས་པ་སོགས་ཨོ་ཝན་གྱིས་ལེགས་བཅོས་མང་དག་ཅིག་གསར་གཏོད་མཛད་ཡོད་ཅིང་ཁོང་གི་ཁ་གཏད་ཚོས་ཁོང་སྨྱོན་པ་ཞིག་ལ་བརྩིས་ཐོག ཁོང་གི་བཟོ་གྲྭར་གྱོང་གུན་ཕོག་རྒྱུ་ཡིན་ཤག་བྱས་ཀྱང་དེ་ལས་ལྡོག་སྟེ། བཟོ་གྲྭའི་ནང་གོང་གསལ་ལེགས་བཅོས་དང་གསར་གཏོད་མང་པོ་གནང་བའི་དབང་གིས་ཁེ་འབབ་མང་དག་ཅིག་བྱུང་ཡོད། ཁོང་གིས་ད་དུང་ལས་མི་རྣམས་ལ་ཁེ་བཟང་བགོ་འགྲེམས་བྱས་ཏེ་གོམ་སྟབས་འཕར་མ་ཞིག་སྤོས། ཁོང་གིས་འགྲན་བསྡུར་དང་བཤུ་གཞོག་མ་ཡིན་པར་མཉམ་འབྲེལ་དང་མཉམ་རོགས་ཀྱི་ལྟ་གྲུབ་ཀྱི་གཞི་རྩ་ལྡན་པའི་འཛམ་གླིང་ཞིག་གསར་བསྐྲུན་བྱ་རྒྱུར་མོས་པ་བྱས་ཐོག སྤྱི་ཚོགས་ནང་གི་ངན་དགུ་ཐ་དག་གི་རྐྱེན་རྩ་ནི་དངུལ་ཡིན་པ་རྟོགས་ཡོད་ཅིང༌། ངན་སྤྱོད་ཡོ་བསྲང་གི་ཕྱིར་ཁོང་གིས་ཁེ་བབས་ཀྱི་དངུལ་རྣམས་འབྲེལ་ཡོད་ཚོགས་མི་ཚོར་བགོ་འགྲེམས་བྱས། ཁོང་གིས་ལས་གཞི་གཉིས་གསར་གཏོད་མཛད་ཡོད་པ་གཤམ་གསལ།
༡ གཞིས་གྲོང་འཛུགས་གཉེར།
ཁོང་གིས་མཉམ་མཐུན་ནི་ཡང་དག་པ་ཡིན་པར་ཡིད་ཆེས་བརྟན་པོ་བྱས། དེའི་དབང་གིས་མཐུན་སྦྱོར་གི་གྲོང་གསེབ་ཅེས་པ་རང་ཉིད་ཀྱིས་བཙུགས་པའི་ལ་ན་རག་ (Lanark)གསར་པ་ ༼ལ་ན་རག་གསར་པ་ནི་ཁོང་གིས་ཕྱི་ལོ་ ༡༨༠༠ དུས་འགོར་བཟོ་གྲྭའི་ལམ་ལུགས་ལ་ཚོད་ལྟ་གྲགས་ཅན་ཞིག་བྱས་པ་དེ་ཡིན་ཞིང༌། དེ་ཡང་སེ་ཁོ་ལན་ཌིའི་གྲོང་སྡེ་ལ་ན་རག་ལ་གནང་བས་དེ་སྐད་དུ་ཐོགས། སྒྱུར་མཁན་གྱིས།༽དང་རིགས་མཚུངས་པའི་ལས་གཞི་ཞིག་གསར་གཏོད་མཛད། གཞིས་གྲོང་དེའི་ངལ་རྩོལ་བ་རྣམས་དང་བླངས་དང་ཡོངས་སུ་འདྲ་མཉམ་ཡིན་པ་གཉིས་རྨང་གཞིར་བྱས་པའི་སྒོ་ནས་རང་ཉིད་ཐོན་སྐྱེད་བྱེད་མཁན་དང་འཛད་སྤྱོད་པ་གཉིས་ཀ་ཡིན་པའི་ངོ་བོར་མཉམ་གནས་བྱ་དགོས། དེ་ལྟའི་ཆ་ནས་སྦྱིན་བདག་མེད་པ་དང་ཁེ་བཟང་ཡང་མེད་ལ་འགྲན་བསྡུར་དང་བཤུ་གཞོག་ཀྱང་མེད། ལས་རྩོལ་བ་རྣམས་ལ་གླ་ཕོགས་རང་ཉིད་ཀྱི་ལས་རྩོལ་དང་བསྟུན་ཏེ་འཛིན་ཤོག་གི་ལམ་ནས་སྤྲད་སྟབས། ལམ་ལུགས་གསར་པ་དེའི་དབང་གིས་དངུལ་ལོར་ཡང་བེད་མེད་ཆགས། མཉམ་འབྲེལ་སྤྱི་ཚོགས་དེ་བཞིན་མཉམ་བསྡུས་ཀྱི་རང་བཞིན་ཅན་ཞིག་ཡིན་པས་མཉམ་ལས་ཀྱི་གྲུབ་འབྲས་བགོ་འགྲེམས་བྱ་དགོས། དེར་བརྟེན་ཨོ་ཝན་གྱི་བསམ་པར། མཉམ་ལས་ཀྱི་རང་བཞིན་ལྡན་པའི་གཞིས་ཆགས་གསར་འཛུགས་བྱས་ན་བར་ཁེ་ཟ་མཁན་རྣམས་མེད་པ་ཆགས་ངེས་རེད་སྙམ། ཐོན་སྐྱེད་བྱེད་མཁན་དང་སྤྱོད་མཁན་དབར་ཐད་ཀར་གྱི་འབྲེལ་གཏུགས་ཡོང་བ་དང༌། ལམ་ལུགས་དེའི་རྒྱབ་ལྗོངས་སུ་ཁེ་བཟང་བཟོ་རྒྱུའི་བསམ་ངན་མེད་པའི་ཆ་ནས་བཤུ་གཞོག་དང་གཉའ་གནོན་ཡང་རང་བཞིན་གྱིས་མེད་པར་གྱུར་ངེས་རེད་དགོངས། ཡིན་ནའང་ཁོང་ལ་མི་མང་དང་སྲིད་གཞུང་གཉིས་ཀའི་རྒྱབ་སྐྱོར་ཐོབ་མེད་པ་དང༌། ཁོང་གི་འཆར་གཞི་རྣམས་གྲུབ་འབྲས་ལྡན་པ་ཞིག་མ་བྱུང་བའི་དབང་གིས་ཁོང་ཨ་རིར་མཉམ་འབྲེལ་གྱི་གྲོང་གསེབ་ཅིག་འཛུགས་བསྐྲུན་བྱེད་པར་ཕྱིན།
འཆམ་མཐུན་གྱི་གཞིས་ཆགས་གསར་པ་ཞེས་པ་དེའི་རྒྱ་ཁྱོན་ཨེ་ཀར་ ༣༠༠༠༠ ཡིན་པ་དང་དེའི་ནང་འབྲུ་ཁང་དང༌། ཚགས་ཁང༌། བཟོ་གྲྭ ཡིད་དུ་འོང་བའི་གྲོང་གསེབ་ཀྱི་ལྷ་ཁང་བཅས་ཡོད། ལས་གཞི་དེ་བཞིན་ཐུན་མོང་གིས་བདག་གཉེར་དང་གྲུབ་འབྲས་མཉམ་སྤྱོད་ཀྱི་རང་བཞིན་ལྡན་པ་ཡོང་ཕྱིར་དོ་ཁུར་ཆེན་པོས་འགོ་ཚུགས། འོན་ཀྱང་བློ་ཕམ་དགོས་པའི་གནས་དོན་ཞིག་ལ། ལས་གཞི་དེའི་ནང་གསར་ཞུགས་བྱེད་མཁན་ཕལ་མོ་ཆེ་ཤེས་ཡོན་མེད་པའི་རང་འདོད་ཅན། སྒྲིག་ལམ་དང་འཇོན་ཐང་མེད་པ་བཅས་ཀྱི་ཞན་ཆ་ཆེ་བར་བརྟེན། ལས་གཞི་དེ་བྱ་བ་ལམ་ལྷོང་དང་རྒྱུན་བསྲིངས་ཐུབ་པ་ཞིག་བྱུང་མེད། དེར་བརྟེན་ཨོ་ཝན་དབྱིན་ཡུལ་དུ་བསྐྱར་ལོག་བྱས། ཡུལ་ཧམ་ཤེ་རེ་ (Hampshire) ནང་ཡོད་པའི་ཁུ་ཨིན་ ཝུ་ཌི་(Queens wood)ཞེས་པའི་གཞིས་ཆགས་དེ་ཕྱི་ལོ་ ༡༨༣༩ ལོར་ཉོ་སྒྲུབ་གནང་བ་དང་དེའི་སྤྱི་ཁྱབ་དོ་དམ་པ་དང་པོར་ཨོ་ཝན་བསྐོ་གཞག་བྱས་ཡོད་ཀྱང་ཁོང་གིས་ལས་གནས་དེ་ལས་རྩ་དགོངས་ཞུས། རྒྱུ་མཚན་ནི། ཁོང་གིས་ལས་འཆར་ཐོག་བསམ་བློ་གཏོང་སྐབས་ཆ་རྐྱེན་ཞན་པའི་གཟིགས་ཚུལ་བྱུང༌། དེར་བརྟེན་ཁོང་གི་ཚབ་ཏུ་ལས་གནས་དེར་རྗེས་འབྲངས་པ་གཞན་ཞིག་བསྐོ་གཞག་བྱས། ལས་གཞི་དེ་དང་འབྲེལ་བའི་སྐྱེ་བོ་མང་ཆེ་བར་ས་ཞིང་འདེབས་ལས་ཀྱི་ཉམས་མྱོང་མེད་ཐོག དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་སྟབས། ད་ཐེངས་ཀྱང་ལམ་ལྷོང་མ་བྱུང་བར་མཐར་ཕྱི་ལོ་ ༡༨༤༥ ལོར་ལས་གཞི་དེ་མཚམས་འཇོག་བྱ་དགོས་བྱུང༌།
༢ ངལ་རྩོལ་བའི་དངུལ་ལོར།
ཕྱི་ལོ་ ༡༨༣༢ ལོར་ཨོ་ཝན་གྱི་རྗེས་འབྲངས་པ་རྣམས་ཀྱིས་རྒྱལ་ཡོངས་ངལ་རྩོལ་བའི་ཆ་སྙོམ་བརྗེ་ལེན་ཚོགས་པ་ཞེས་པ་ཞིག་གསར་འཛུགས་གནང༌། ཚོགས་པ་དེའི་འཐུས་མིའི་ནང་ཐོན་རྫས་བརྗེ་ཚོང་བྱེད་པའི་ཐོན་སྐྱེད་བྱེད་མཁན་དང་སྤྱོད་མཁན་འདྲ་མིན་སྣ་ཚོགས་ཤིག་ཡོད། ཐོན་སྐྱེད་བྱེད་མཁན་ཚོས་ཐོན་རྫས་གོང་འབུལ་བྱས་པའི་དོད་དུ་ངལ་རྩོལ་བའི་དངུལ་ལོར་ཐོབ་ཀྱི་ཡོད་པ་དང༌། ལས་མི་རྣམས་ལ་ཡང་རང་ཉིད་ཀྱི་ལས་ཀའི་དུས་ཡུན་འཁོད་པའི་ངལ་རྩོལ་བའི་དངུལ་ལོར་སྤྲོད་ཀྱི་ཡོད་པ་རེད། འོན་ཀྱང་དྲང་ཚུགས་མེད་པའི་མི་ཚོས་རྒྱུན་རིང་ལས་ཀ་བྱེད་ཁུལ་དང༌། སྤུས་ཀ་ལེགས་པའི་ཅ་དངོས་གཅིག་པུ་ཉོ་བ། བརྗེ་ཚོང་བྱ་རྒྱུའི་ཅ་དངོས་ཀྱི་རྣམ་གྲངས་དང་ཁ་གྲངས་ཉུང་བ་བཅས་ཀྱི་ཆ་ནས་མཐར་ལས་གཞི་དེར་ཡང་ལམ་ལྷོང་བྱུང་མེད།། །།