མདུན་ངོས། རྒྱུན་ཤེས། ས།

ས།

༡༥༢༨༠༠

༅༅།། ཁྱེད་ཀྱིས་མཁྱེན་གསལ་བཞིན་སའི་གོ་ལའི་ཕྱི་པགས་ནི་ས་ལས་གྲུབ་ཅིང༌། དེའི་མཐུག་ཚད་ལ་མི་ལི་མི་ཊར་ཁ་ཤས་ནས་མི་ཊར་གསུམ་བཞི་བར་བཅས་སྲབ་མཐུག་སྣ་ཚོགས་ཡོད། སྤྱི་ཡོངས་ནས་བཤད་ན་དེའི་གྲུབ་ཆར་ཧ་ཅང་ཞིབ་པའི་རྡོ་དང་སྔོ་ལུད།(Humus) རླུང༌། ཆུ་བཅས་ཡོད། སའི་གོ་ལའི་ཐོག་ཚེ་སྲོག་འཚོ་གནས་ཐུབ་པར་ས་ནི་མེད་དུ་མི་རུང་བ་ཞིག་སྟེ། སྐྱེ་དངོས་འཚར་སྐྱེད་ཡོང་བར་ས་དགོས་ལ། སྐྱེ་དངོས་ཀྱི་འཚོ་བཅུད་དང་ཆུ་གཉིས་ཀྱི་རྩ་བའི་འབྱུང་ཁུངས་ཀྱང་ས་ཡིན།

ཁྱེད་ཀྱིས་སའི་གོ་ལ་དང་དེའི་ཐོག་གི་ཚེ་སྲོག་གི་སྐོར་འཛིན་རིམ་སྔོན་མ་ཁག་གི་ནང་སྦྱངས་ཟིན་པ་རེད། སློབ་ཚན་འདིའི་ནང་ཁྱེད་ཀྱིས་སའི་གྲུབ་ཚུལ་དང་གྲུབ་ཆ། སའི་ཆགས་རིམ། མི་དང་སྲོག་ཆགས། སྐྱེ་དངོས་བཅས་པར་ས་གལ་གནད་ཆེ་ཚུལ་བཅས་ཀྱི་སྐོར་སློབ་སྦྱོང་ཐུབ་རྒྱུ་རེད། དེ་བཞིན་ས་རུད་དང་ས་བཅུད་ཉམས་རྐྱེན་དང་འགོག་ཐབས་བཅས་པའི་སྐོར་ཡང་འཆད་རྒྱུ་ཡིན།།

༡ ས་གྲུབ་ཚུལ།

ཁྱེད་ཀྱིས་ས་གྲུབ་པའི་བརྒྱུད་རིམ་ཚོད་དཔག་ཐུབ་པ་འདུག་གམ། ས་གྲུབ་ཚུལ་གྱི་སྒྲུང་སྣ་ཚོགས་ཡོད་པ་ནི་སའི་གོ་ལའི་ཐོག་སྲོག་ཆགས་འཕེལ་འགྱུར་བྱུང་ཚུལ་དང་འདྲ་བར་སྤྲོ་བ་འཕེལ་དགོས་པ་ཞིག་རེད། སའི་ཆགས་རིམ་དེ་གའི་འོག་ཏུ་སྲ་ཞིང་མཁྲེགས་པའི་རྡོའི་ངོས་ཡོད་ཅིང༌། སྔ་མོ་ས་ཡོམ་ལྟ་བུའི་དྲག་འགུལ་རང་བཞིན་གྱི་རང་བྱུང་གནས་ཚུལ་མང་པོ་བྱུང་བར་བརྟེན་རྡོ་ཆེན་འདི་རིགས་དུམ་བུ་ཆུང་ངུ་མང་པོར་གས་ཆག་ཕྱིན་ཞིང༌། འདི་ལྟར་རང་བྱུང་གི་གནས་ཚུལ་ལ་བརྟེན་ནས་རྡོ་དང་དེ་མིན་གྱི་དངོས་པོ་མང་པོ་དུམ་བུ་ཆུང་ངུར་གས་ཆག་སོང་བ་ལས་སའི་གོ་ལའི་སྟེང་ངོས་ཀྱི་སའི་ཆགས་རིམ་དེ་གྲུབ་འགོ་ཚུགས། ཆག་ཧྲུག་འདི་དག་ཀྱང་ཆར་པ་དང༌། གངས། རླུང་འཚུབ། འཁྱགས་རོམ། རྒྱུག་ཆུ་བཅས་གནམ་གཤིས་ཀྱི་འགྱུར་བ་ལ་བརྟེན་ནས་མུ་མཐུད་ཇེ་ཞིབ་ཏུ་འགྲོ། དེ་ལྟར་རྡོ་ཞིབ་རྣམས་སར་འགྱུར་བྱེད་ཀྱི་ཕྱེ་མ་ཧ་ཅང་ཞིབ་མོར་གྱུར་པར་ལོ་ངོ་སྟོང་ཕྲག་མང་པོ་འགོར་གྱི་ཡོད།

དཔེ་རིས་ ༢་༡ རྩི་ཤིང་གི་རྩ་བ་རྡོའི་སྲུབས་ཀར་འཚངས་པས་ཀྱང་རྡོ་ལ་གས་ཆག་འབྱུང་བ་ཡིན།

རྡོ་ཡི་རྡུལ་ཕྱེ་མ་རྣམས་འཚོ་རླུང་དང་སྡེབ་སྦྱོར་བྱུང་བ་(Oxidation)དང༌། དེ་ལས་ཁ་བྲལ་བ།(Reduction) ཆུ་རྡུལ་སྲེ་སྦྱོར། (Hydration) ཆུའི་སེལ་སྦྱོར།(Hydrolysis) ནག་རླངས་འདྲེས་སྦྱོར་(Carbonation)ལྟ་བུའི་རིམ་ཟད་དང་གས་འཐོར་འབྱུང་བའི་རང་བྱུང་གི་བརྒྱུད་རིམ་འདྲ་མིན་མང་པོ་འགྲིམས་དགོས་ཤིང༌། གཏེར་རྫས་འགའ་ཞིག་ཆུའི་ནང་བཞུར་ཏེ་ཆར་ཆུ་དང་མཉམ་དུ་ཐུར་དུ་འགྲིམས་ཤིང༌། སྔོ་དྲེག་(Lichen)དང༌། དེ་མིན་རྡོའི་ཐོག་འཚར་སྐྱེད་བྱེད་པའི་སྐྱེ་དངོས་དག་ལས་སྐྱུར་(Acid)ཐོན་ཏེ་རྡོ་གྲུབ་པའི་བརྒྱུད་རིམ་མགྱོགས་སུ་གཏོང་གི་ཡོད་ཅིང༌། སྐྱེ་དངོས་ཕྲ་མོ་(Microorganisms)གཞན་དག་གིས་ཀྱང་བརྒྱུད་རིམ་འདིར་ཕན་གྲོགས་བྱེད་པ་ཡིན།

སྲོག་ཆགས་དང་སྐྱེ་དངོས་ཤི་སྐམ་གྱིས་རུལ་བའི་དངོས་པོ་ས་དང་འདྲེས་སྦྱོར་བྱུང་བ་ནི་སའི་གྲུབ་རིམ་མཐའ་མ་དེ་ཡིན་ཞིང༌། དེ་ལྟར་སའི་ནང་དུ་ཆུ་དང་རླུང༌། གཏེར་རྫས་བཅས་ཀྱི་ཐོག་ཏུ་སྐྱེ་ལྡན་དངོས་པོའི་ངོ་བོར་བག་རྩི་དང༌། མངར་བཅུད། ཤིང་རྫས། ཞག་ཚི། སྤྲི་དཀར་ནུས་པ་སོགས་ཕུང་གསོག་ཐེབས་ཡོད། དེ་ལ་བརྟེན་ནས་ས་ནི་འབུ་ཕྲ་དང༌། ཧམ་སྤུའི་རིགས། གདོད་སྐྱེས་སྲོག་ཆགས།(Protozoan) ས་འབུ་ལྟ་བུའི་སྐྱེ་ལྡན་གྱི་ཕུང་པོ་མང་པོའི་འཚོ་གནས་བྱེད་ཡུལ་དུ་གྱུར་ཡོད། འདི་ལྟར་གནམ་གཤིས་དང༌། རྩི་ཤིང་སྐྱེ་འཕེལ། དངོས་རྒྱུ་དང་དུས་ཀྱི་འགྱུར་བ་བཅས་ཀྱིས་སའི་གྲུབ་རིམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

བརྟག་དཔྱད་དང་པོ།

བྱེད་སྒོ་ཞིག་ལ་བརྟེན་ན་བྲག་རྡོ་ལས་སའི་གྲུབ་སྟངས་ཤེས་ཐུབ། དེ་ཡང་རྡོ་ཧྲུག་ཁ་ཤས་བསྒྲུགས་ཏེ་དེ་དག་བསིལ་ནས་ཞིབ་ཞིབ་བཟོས། རྡོའི་ཚབ་ཏུ་ས་རྫའི་ཆག་ཧྲུག་ཀྱང་སྤྱད་ཆོག ཕྱེ་མ་དེའི་ཕྱེད་ཀ་སྣོད་ཅིག་གི་ནང་བླུགས། ཕྱེད་ཀ་གཞན་དེར་སྔོ་ཚལ་དང་ཤིང་ཏོག་གི་པགས་པ། བ་ཕྱུགས་ཀྱི་ལྕི་བ་བཅས་བསྣན་ཏེ་སྣོད་གཞན་ཞིག་གི་ནང་བླུགས་ཐོག་ཆུ་ཕྲན་བུ་བླུགས་ནས་དེ་དག་ལེགས་པར་བསྲེས། དེ་ལྟར་བྱས་ཏེ་སྣོད་གཉིས་ཀ་ཉིན་ཤས་བཞག་རྗེས་གཉིས་ཀའི་ནང་སོན་ཁ་ཤས་བཏབ་ནས་ཉིན་གཉིས་གསུམ་རིང་ཆུ་བླུག་དགོས། སྣོད་དེ་གཉིས་ཀྱི་སོན་ལ་མཆེ་བ་བུད་རྗེས་གང་གི་མྱུ་གུ་སྐྱེ་འཕེལ་ཡོང་གི་འདུག་གམ། ཁྱེད་ཀྱིས་སྔོ་ལུད་དང་ལྕི་བ་བསྲེས་པའི་རྡོའི་ཕྱེ་མ་དེས་རྩི་ཤིང་སྐྱེ་འཕེལ་གྱི་བརྒྱུད་ལམ་ལེགས་པ་མཁོ་སྤྲོད་བྱེད་ཚུལ་མཐོང་གི་རེད།

༢ སའི་ཆགས་རིམ། Soil  profile

དཔེ་རིས་ ༢ སའི་ཆགས་རིམ་རི་མོ།

སའི་རང་བཞིན་ནི། ས་དེ་ཉིད་གང་ལས་གྲུབ་པའི་རྡོ་དང༌། ས་དེའི་ཐོག་སྐྱེ་འཕེལ་བྱེད་པའི་རྩི་ཤིང་གི་རིགས་ལ་རག་ལས་ཡོད། སའི་རིམ་པ་མི་འདྲ་བ་ཁག་ལས་སའི་ཆགས་རིམ་(དཔེ་རིས་ ༢་༢)གྲུབ་ཅིང༌། རིམ་པ་དེ་དག་ཚང་མའི་རྩིང་ཞིབ་དང༌། ཁ་དོག ཟབ་ཚད། གྲུབ་ཆའི་རྫས་བཅས་མི་འདྲ་བ་ཡིན། རིམ་པ་དེ་དག་ལ་ས་རིམ་(Horizon)ཞེས་ཟེར་ཞིང༌། དེ་དུང་དེ་བས་ཀྱང་ཞིབ་པའི་དབྱེ་བ་ཕྱེ་ཆོག

ང་ཚོས་ནམ་རྒྱུན་སའི་སྟེང་ངོས་མཐོང་བ་ལས་གཏིང་གི་རིམ་པ་དག་མཐོང་གི་མེད། གལ་ཏེ་ང་ཚོས་ཆུ་ཡུར་རམ་ས་ཁུང་གི་ཟུར་ངོས་ལ་བལྟས་ན། སའི་གཏིང་རིམ་དག་ཀྱང་མཐོང་ཐུབ་པས་ང་ཚོས་དེ་དག་ལས་སའི་ཆགས་རིམ་ལ་བརྟག་ཞིབ་བྱེད་ཐུབ། དེ་བཞིན་ཁྲོན་པ་བརྐོ་སྐབས་དང༌། ཁང་པའི་རྩིག་རྨང་འདིང་སྐབས། རི་ལམ་གྱི་ཟུར། རྒྱུག་ཆུའི་ངོས་གཟར་པོ་བཅས་ནས་ཀྱང་ང་ཚོས་སའི་ཆགས་རིམ་མཐོང་ཐུབ།

གོང་གི་ས་ཆ་དེ་དག་ལས་ཁྱེད་ཀྱིས་ས་རིམ་གཉིས་སམ་དེ་ལས་མང་བ་ཡོད་པ་མཐོང་ཐུབ་ཅིང༌། དེ་ཡང་སྤྱིར་བཏང་སྟེང་རིམ་དེ་ཉིད་གཏེར་རྫས་དང་སྔོ་ལུད་ཀྱིས་ཕྱུག་སྟབས་ཁ་དོག་ནག་ཤས་ཆེ། སྔོ་ལུད་ཀྱིས་ས་རྒྱུ་གཤིན་པོ་དང་རྩི་ཤིང་སྐྱེ་འཕེལ་ལ་མཁོ་བའི་འཚོ་བཅུད་མཁོ་སྤྲོད་བྱེད། ས་རིམ་འདི་འབོལ་ཞིང་བུ་ག་མང་ལ་ཆུ་འཛིན་ནུས་ཆེ་བ་བཅས་ཡོད། འདི་ལ་སྟེང་སའམ་ས་རིམ་ཀ་པ་ཟེར་ཞིང༌། འབུ་དང་བྱི་བའི་རིགས། སྦུར་པ།(Beetle) བྱི་ལོང་(Mole)ལྟ་བུའི་སྲོག་ཆགས་ཀྱི་གནས་ཡུལ་ཡིན།

དེའི་འོག་གི་རིམ་པ་དེར་སྔོ་ལུད་དམ་སྐྱེ་ལྡན་གྱི་དངོས་རིགས་ཉུང་ཞིང༌། འཚོ་རླུང་ལྡན་པའི་ལྕགས་དང༌། དེ་མིན་གྱི་གཏེར་རྫས་རིགས་མང་བ་ཡོད། རིམ་པ་འདི་སྤྱིར་བཏང་རིམ་པ་གོང་ལས་མཁྲེགས་ལ་ཚགས་དམ་ཞིང་ས་རིམ་ཁ་པའམ་རིམ་པ་བར་མ་ཟེར།

རིམ་པ་འོག་མ་དེར་ས་རིམ་ག་པ་ཟེར་ཞིང༌། དེ་ནི་རྡོ་ཧྲུག་གས་ཆག་ཅན་ལས་གྲུབ། རིམ་པ་འདིའི་འོག་ནི་རྨང་བྲག་(Bedrock)ཡིན་པས། སྦྱར་མས་བརྐོ་དཀའ་བ་ཡིན།

བརྟག་དཔྱད་གཉིས་པ།

ཁང་པའི་རྩིག་རྨང་འདིང་བའི་ཆེད་དམ་དགོས་དོན་གཞན་གྱི་ཆེད་བྲུས་པའི་ས་དོང་དང༌། ས་ཁུང༌། རི་ལམ་གྱི་ཟུར་ངོས། རྒྱུག་ཆུའི་ངོས་གཟར་པོ་བཅས་སུ་སའི་ཆགས་རིམ་ཐད་བརྟག་ཞིབ་བྱས་ཏེ། ས་རིམ་སོ་སོའི་ཁ་དོག་དང༌། རྩིང་ཞིབ། དེ་ཚོའི་རྡུལ་གྱི་ཆེ་ཆུང་རོབ་ཚོད་བཅས་ལ་ཁྱད་པར་ཇི་ཡོད་ཐོ་འགོད་བྱེད་དགོས། དེ་བཞིན་སའི་ཆགས་རིམ་སོ་སོའི་མཐུག་ཚད་ཁག་ཀྱང་ཐོ་འགོད་བྱས་ཏེ་གྲངས་ཐོ་རྣམས་རེའུ་མིག་ནང་འབྲི་དགོས།

ལན་ཐོབས།

  1. སའི་གྲུབ་ཆ་གཙོ་བོ་གང་རེད་དམ།
  2. རང་གིས་བརྟག་ཞིབ་བྱས་པའི་སའི་ཆགས་རིམ་འགྲེལ་བརྗོད་འཁོད་པ་ཞིག་བྲིས།
  3. ས་རིམ་གང་ལ་སྔོ་ལུད་ལྡན་ནམ།

༣ ས་ཡི་གྲུབ་ཆ།

ས་ནི་གཏེར་རྫས་དང༌། སྐྱེ་ལྡན་གྱི་དངོས་པོ། ཆུ་དང་རླུང༌། སྲོག་ཆགས་བཅས་པའི་ནང་བཞུ་སྟེ་གནས་པའི་སྐྱེ་མེད་ཚྭ་རིགས་མི་འདྲ་བ་ཁག་བཅས་ལས་གྲུབ་ཡོད། དེར་བརྟེན་ས་ལ་ཕྱི་གཟུགས་དང་རྫས་འགྱུར་གཉིས་ཀའི་ཁྱད་ཆོས་ལྡན་ཡོད། ཕྱི་གཟུགས་ཀྱི་ཁྱད་ཆོས་ཁོངས་རྩིང་ཞིབ་དང༌། སྒྲོམ་གཞི། ཁ་དོག ཚགས་མིག(Porosity) བཞའ་འཛིན་ཚད། ས་འབུ་འདུས་ཚད་བཅས་ཐེ་ཞིང༌། རྫས་འགྱུར་གྱི་ཁྱད་ཆོས་ཁོངས་དཔེར་ན། སྐྱུར་དང་བུལ་ཏོག་གི་རང་བཞིན་(Acidity and alkalinity)ལྟ་བུ་ནི་ས་དེ་གའི་ཐོག་སྐྱེ་འཕེལ་བྱེད་པའི་རྩི་ཤིང་དང་འབྲེལ་བ་ཡོད། གནམ་གཤིས་དྲོ་གྲང་གིས་ཀྱང་སའི་སྐྱེ་དངོས་དང༌། ཕྱི་གཟུགས། རྫས་འགྱུར་བཅས་ཀྱི་གྲུབ་ཆར་ཤུགས་རྐྱེན་ཐེབས་སྲིད། བཞའ་ཚན་ཆེ་བའི་ས་ཁུལ་དུ་ཀར་བོན་སྐྱུར་ཅན་གྱི་དཀར་ཤམ་(Calcium Carbonate)ལྟ་བུའི་བཞུ་རུང་རྨང་ཚྭ་(basic salts)བཞུ་བའི་རྐྱེན་གྱིས་ས་ཁུལ་དེ་ཚྭ་ཅན་ཆགས་ཀྱི་ཡོད། ཚྭ་ཅན་གྱི་ས་ཕལ་མོ་ཆེ་ནི་བུལ་ཚྭ་ཅན་རེད།

བརྟག་དཔྱད་གསུམ་པ།

ཀ་ཏོ་ར་ཞིག་གི་ནང་ས་སྐམ་པོ་ཕྲན་བུ་བླུགས་ཏེ་ཁ་གཅོད་གཡོག་ནས་མེ་ལྕེའམ་ཡང་ལཱ་ཡི་མེས་ཚ་པོ་བཟོས་ན། ཁ་གཅོད་ཀྱི་ནང་ངོས་སུ་ཆུ་ཐིགས་འཁོར་བ་ཁྱེད་ཀྱིས་མཐོང་ངེས་རེད། གྲུབ་འབྲས་གསལ་པོ་དང་ལེགས་པར་མཐོང་ཆེད་ཁྱེད་ཀྱིས་ལྕགས་ཕོར་རམ་ཚ་ཐུབ་ཤེལ་སྦུག་སྤྱད་ནའང་འགྲིགས། བྱེད་སྒོ་འདིའི་ཐོག་ནས་མཐོང་སྣང་ལ་སྐམ་པོ་ཡིན་པའི་ས་ལ་ཡང་ཆུ་ཕྲན་བུ་ཡོད་པའི་མཐའ་སྡོམ་རྙེད་ཐུབ།། །།

སའི་རྩིང་ཞིབ་ཀྱི་ཐོག་ནས་དེའི་རྡུལ་གྱི་ཆེ་ཆུང་འགྲེལ་བརྗོད་བྱེད་ཐུབ། རྡུལ་གྱི་ཚངས་ཐིག་གི་ཆེ་ཆུང་ལ་མི་ལི་མི་ཊར་ ༢ ལས་ཆེ་བ་ཡོད་རིགས་རྣམས་གསེག་མ་(gravel)ཡིན། རྡུལ་གྱི་ཚད་མི་ལི་མི་ཊར་ ༠་༠༥ ནས་ ༢་༠ བར་ནི་བྱེ་མ་(sand)དང༌། རྡུལ་ཚད་མི་ལི་མི་ཊར་ ༠་༠༠༥ ནས་ ༠་༠༥ བར་ནི་འདམ་ཉོག(Silt) མི་ལི་མི་ཊར་ ༠་༠༠༥ ལས་ཉུང་བར་འདམ་བག་(clay)ཅེས་འབོད། འདམ་བག་གི་གྲུབ་ཆའི་ཁྱད་ཆོས་གཅིག་ནི་སྦྱར་བག་ཅན་གྱི་ཚི་དང་ལྡན་པ་སྟེ། འདིའི་ཁོངས་སུ་ཆུ་འཛིན་པའི་ནུས་པ་ཡང་འདུས་ཡོད། སའི་རྩིང་ཞིབ་ནི་གྲུབ་ཆའི་རྡུལ་གྱི་བོངས་ཚད་ཆེ་ཆུང་ལ་རག་ལས་པ་ཞིག་རེད།

དེར་བརྟེན་སའི་ནང་བྱེ་མ་དང༌། འདམ་ཉོག འདམ་བག སྔོ་ལུད་བཅས་འདུས་ཚད་ཆེ་ཆུང་གི་ཆ་ནས་བྱེ་ས་དང༌། གཤིན་ས།(loamy)འདམ་ས་Clayeyབཅས་སུ་དབྱེ་རུང་བ་ཡིན། གཤིན་ས་ནི། ས་ཚགས་མིག་དང་ལྡན་པར་གནས་བྱེད་ཀྱི་རྡུལ་ཚད་ཆེན་པོ་དང༌། བརླན་འཛིན་ནུས་པ་ཆེ་རུ་འགྲོ་བྱེད་ཀྱི་རྡུལ་ཕྲ་མོ་གཉིས་ཀ་ལྡན་པར་བརྟེན་རྩི་ཤིང་སྐྱེ་འཕེལ་ལ་འཚམས་ཤོས་ཡིན།

བརྟག་དཔྱད་བཞི་པ།

ལྡུམ་རའམ་ཞིང་ཁ་ནས་ས་ཕྲན་བུ་བླངས་ཏེ་ཆུ་བླུགས་པའི་ཤེལ་ཕོར་རམ་ཤེལ་དེམ་ཁ་ཆེན་པོ་ཞིག་གི་ནང་བླུགས་ཏེ་དབུ་བ་ལངས་ཚུལ་ལ་བརྟག་ཞིབ་བྱོས། དེ་བཞིན་ཆུ་རྫིང་ངམ་ཡུར་བུའི་འགྲམ་སོགས་ས་གནས་འདྲ་མིན་ནས་ས་བླངས་ཏེ། སའི་མང་ཉུང་ཚད་གཞི་གཅིག་མཚུངས་ཆུའི་ནང་བླུགས་ཏེ་དབུ་བ་ལངས་མང་ཉུང་བསྡུར་དགོས། བྱེད་སྒོ་འདི་བརྒྱུད་ནས་སའི་ནང་རླུང་ལྡན་པ་མཐོང་ཐུབ།

༤ སའི་དབྱེ་བ།

གོང་དུ་བཤད་པ་བཞིན་ས་ལ་བྱེ་ས་དང༌། གཤིན་ས། འདམ་ས་བཅས་སུ་དབྱེ་རུང་བར་མ་ཟད། ས་ནག་དང༌། ས་དམར། ས་དམར་སྐྱ་(laterite སྟེང་སའི་འོག་དེ་མ་ཐག་གི་རྡོ་ཟད་བསགས་ཐེབས་པ་ལས་གྲུབ་པའི་སྟེང་ས)བཅས་སུ་དབྱེ་ཆོག ས་དེ་ཉིད་ཐོག་མར་གྲུབ་ཡུལ་དུ་གནས་པའམ་ལྷག་པའི་ས་ལ་ས་ལྷག་(Residual soil)ཟེར་ཞིང༌། འཐེན་ཤུགས་དང་ཆུ། རླུང༌། འཁྱག་གོང་སོགས་ཀྱིས་འཁྱེར་ཏེ་གནས་གཞན་དུ་ཆགས་པའི་ས་ལ་འཁྱེར་ས་(transported soil)ཟེར། དེ་མིན་གཤོངས་ས་དང་གྲོང་གསེབ་ཀྱི་ཀོང་ས། གྱེན་ཐུར་གཟར་པོ་མ་ཡིན་ས་བཅས་སུ་ཡོད་པའི་རི་ས་(mountainous soil)ཞེས་པ་ཞིག་ཀྱང་ཡོད།

ས་ལྷག་གི་ཁ་མདོག་ནི་དམར་པོ་དང་ནག་པོའམ། ཐ་ན་དམར་སྐྱའང་ཡོང་སྲིད། ས་དམར་ནི་སྨིན་ཚད་མཐོ་ཞིང་རྙིང་ལ་རྒྱ་གར་གྱི་མཚོ་གླིང་དག་ཏུ་མང༌།(དཔེ་རིས་ ༢་༣ ལ་གཟིགས།) ས་དེའི་ནང་རྡོ་ཞོ་(Lime)དང་དཀར་གཡའ་(magnesium)  འོད་ཀྱི་མ་མ། (phosphorus སྤྲ་ཚིལ་འདྲ་བའི་རྫས་མུན་པའི་ནང་འོད་འཕྲོ་བ་ཞིག)  ཟེ་རླུང༌།(nitrogen) སྔོ་ལུད་(humus)བཅས་དཀོན་ཡང་ཐལ་ཚྭ་(potash)ཤུགས་ཆེན་པོ་ཡོད། ས་ནག་ནི་མེ་རྡོ་ནག་པོ་(basalt ལྕགས་དང་དཀར་གཡའ་མཉམ་འདྲེས་ཀྱི་གཞི་རྒྱུའི་བཞུན་ཁུ་དང་གོ་དལ་སྡེབ་པ་ལས་བྱུང༌)ལས་གྲུབ། ས་ནག་ནི་ས་སྦོལ་གྱི་རང་བཞིན་ཅན་ལྕགས་དང༌། དཀར་ཤམ། དཀར་གཡའ། ཧ་ཡང་བཅས་འདུས་ཚད་ཆེ་ཡང༌།  འོད་ཀྱི་མ་མ་དང་ཟེ་རླུང་ཉུང་བ་ཞིག་རེད། ས་དམར་སྐྱ་ནི་ཁ་དོག་དམར་ཞིང་དེར་ཆུ་དང་སྲོག་རླུང་ལྡན་པའི་ཤ་དཀར་གྱི་རྫས་ཤེལ་རྡོ་(Quartz)ཟེགས་མ་ཅན་ལས་ཤས་ཆེར་གྲུབ་པ་ཡིན། ས་འདིའི་རིགས་ལ་སྐྱུར་མང་ཞིང་སྔོ་ལུད་མེད་པའམ་ཉུང་ངུ་ལས་མེད་སྟབས་ས་རྒྱུ་གཤིན་པོ་མིན།

དཔེ་རིས་ ༢༌༣ རྒྱ་གར་ནང་གི་སའི་དབྱེ་བ་ཆེ་ཁག

འཁྱེར་ས་ལ་ཡང་རང་ཉིད་གནས་གཅིག་ནས་གཞན་དུ་འཁྱེར་ཚུལ་མི་འདྲ་བའི་ཆ་ནས་དབྱེ་བ་མང་བ་སྟེ། འཐེན་ཤུགས་ཀྱི་དབང་གིས་རི་ཁུལ་གྱི་ཀོང་ས་དང་འདམ་རུད་ནང་འཁྱེར་བའི་ས་ལ། ཀོང་ས་(colluvial)ཟེར། ཆུ་རྒྱུག་ཤུགས་ཀྱིས་འཁྱེར་བའི་ས་ལ་ཆུ་ས་(alluvial)ཟེར། ས་འདིའི་རིགས་ནི་བརྩེགས་རིམ་ལེགས་ལ་སྒོར་ལ་འཇམ་པའི་རྡུལ་གྱིས་གྲུབ་ཡོད། ཆུ་སའི་ཕུང་གསོག་ལས་ཆུའི་རྒྱུགས་ཕྱོགས་ལ་ལྟོས་ཏེ། ཧ་ཅང་ཞིབ་མོར་གྱུར་པའི་རྒྱུག་ཆུའི་སྙིགས་བསགས་དང༌། འདམ། བྱེ་མ་བཅས་ཀྱི་བརྩེགས་རིམ་མཐོང་ཐུབ། རྒྱ་གར་གྱི་ཆུ་མོ་གངྒའི་ཆུ་ས་ནི། ས་རྒྱུ་གཤིན་ལ་སྐྱེ་ལྡན་གྱི་དངོས་པོས་ཕྱུག་ཅིང་བཞའ་ཚན་ཆེ། རླུང་གིས་འཁྱེར་ཏེ་གྲུབ་པའི་ས་ནི་གཙོ་བོ་བྱེ་མ་ཡིན་པས་བྱེ་ས་(Sandy soil) ཟེར། ས་འདིའི་ཐོག་སྐྱེས་པའི་སྐམ་སྐྱེས་རྩི་ཤིང་(Xerophytic plant)གིས་རླུང་འགོག་དང་ས་འཛིན་གྱི་ནུས་པ་འདོན་པ་ཡིན། འཁྱགས་གོང་གིས་འཁྱེར་བའི་ས་ནི་ཧི་མ་ལ་ཡ་ལྟ་བུའི་འཁྱགས་གོང་ས་ཁུལ་དུ་ཡོད།

རི་སའི་ནང་བྱེ་རྡོ་དང༌། འདམ། འཛམ་བུ་ཤེ་ལ་(Shale)  མཚོ་རྡོ་(Limestone)བཅས་ཡོད་ཅིང༌། དེ་ཡང་སྨད་ཆར་རྡོ་ཐལ་དང་སྟོད་ཆར་བྱེ་མ་དང་འདམ་ཡོད།

གཞན་ཡང་ས་ཡི་གྲུབ་རྫས་ཀྱི་ཆ་ནས་སྐྱུར་ཚྭ་ཅན་དང་བུལ་ཚྭ་ཅན། དེ་གཉིས་ཀྱི་བར་མ་བཅས་སུའང་དབྱེ་ཞིང༌། སྐྱུར་ཚྭ་ཅན་དང་བུལ་ཚྭ་ཅན་གང་རུང་གི་མཐའ་ལ་ལྷུང་བའི་ས་ནི་རྩི་ཤིང་ལ་མི་འཕྲོད་པས། ས་རྒྱུ་གཤིན་པའི་ཞིང་ས་ཕལ་མོ་ཆེ་ནི་དེ་གཉིས་ཀྱི་མཐའ་ལ་མ་ལྷུང་པའི་བར་མ་ཡིན་ནོ།།

༥ སའི་གལ་འགངས།

ས་ནི་འཛམ་གླིང་གི་ངོས་ཚང་མར་ཧ་ལམ་བར་མ་ཆད་པར་ཁྱབ་ཡོད་ཅིང༌། དེ་ཉིད་རྒྱ་གར་གྱི་ཆུ་མོ་གངྒ་ཡི་འགྲམ་གྱི་གཤོངས་ས་ལྟ་བུའི་ས་ཁུལ་དུ་གཏིང་ཚད་ཟབ་ཀྱང༌། རི་བོ་དང་མཐོ་ས་རྣམས་སུ་སྲབ་པ་ཡིན། ས་ནི་སྲོག་ལྡན་མང་པོ་འཚོ་སྡོད་བྱེད་ས་ཡིན་ལ། དེས་སའི་གོ་ལའི་ཐོག་སྲོག་ལྡན་རྒྱུན་གནས་ཐུབ་པར་གལ་ཆེའི་ནུས་པ་འདོན་གྱི་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོའི་རིག་གཞུང་ནང་སས་རྩ་ཆེའི་གོ་གནས་བཟུང་ཡོད་པར་མ་ཟད། ཐ་ན་ཆོས་ལུགས་ཀྱི་ནང་དུའང་སའི་སྐོར་མང་དུ་བཤད་པས་གལ་ཆེའི་གོ་གནས་བཟུང་ཡོད། དེ་བཞིན་གནའ་བོའི་རྩོམ་རིག་གི་ནང་དུ་ང་ཚོའི་ཚེ་སྲོག་དང་འཚོ་གནས་ལ་ས་གཞི་མ་མ་གལ་ཆེ་ཚུལ་སྐོར་འགྲེལ་བརྗོད་བྱས་ཡོད།

ཁྱེད་ཀྱིས་རྩི་ཤིང་སྐྱེ་འཕེལ་འབྱུང་བ་ལ་ས་དགོས་པ་དང༌། ང་ཚོ་ཐེ་བའི་སྲོག་ཆགས་ཚང་མའི་འཚོ་གནས་ལ་རྩི་ཤིང་དགོས་པ་མཁྱེན་གསལ་རེད། དེ་བཞིན་ས་ནི་སྲོག་ཆགས་དང་སྐྱེ་དངོས་ཤི་སྐམ་སོང་བ་རུལ་དུ་འཇུག་མཁན་སྲོག་ཆགས་ཕྲ་མོ་སྟོང་ཕྲག་མང་པོ་འཚོ་རྟེན་ཡིན་ལ། འབུ་སྲིན་དང༌། ས་འབུ། སྦྲུལ། ཚིགས་སོ་ཅན་ (Rodent སོ་འབྲད་བརྒྱབ་སྟེ་ཟས་བཟའ་བའི་སྲོག་ཆགས་རི་བོང་དང་ཙི་ཙི་ལྟ་བུ། འདི་ཚོའི་མདུན་སོ་མི་ཚེ་ཧྲིལ་པོའི་རིང་མུ་མཐུད་སྐྱེ་བ་ཡིན།)ལྟ་བུའི་སྲོག་ཆགས་མང་པོའི་གནས་གཞི་ཡང་རེད།

བརྟག་དཔྱད་ལྔ་པ།

སྤང་ངམ་ལྡུམ་ར་དང༌། འབྲས་ཞིང༌། འདམ་རྫབ། རྫིང༌། ཆུ་ཡུར་བཅས་ནས་ས་ཕྲན་བུ་རེ་བཏུས་ཏེ། དེ་དག་སྣོད་ཐ་དད་རེའི་ཆུའི་ནང་བླུགས། ས་རྣམས་ཆུའི་ནང་ལེགས་པར་དཀྲུགས་རྗེས་ས་རྣམས་མཐིལ་ལ་མ་འཁྱིལ་དབར་རང་མལ་དུ་ཞོགས། དེ་རྗེས་ས་བླུགས་པའི་སྣོད་སོ་སོའི་ནང་རྩི་ཤིང་དང་སྲོག་ཆགས་སམ། དེ་ཚོའི་ཆ་ཤས་ཇི་ཡོད་ཐོ་འགོད་བྱེད་དགོས་པ་དང༌།  ལྷ་རབ་བྱུང་ན་དེ་དག་གྲངས་ཀ་བརྒྱབ་སྟེ་རིགས་གང་དུ་གཏོགས་མིན་ཐོ་འགོད་བྱེད་དགོས།

༦ ས་བཅུད་ཉམས་པ་དང་ས་རུད་སྐོར།

ས་ནི་འཛམ་གླིང་ནང་སྲོག་ལྡན་རྒྱུན་གནས་ཐུབ་བྱེད་ཀྱི་འབྱུང་ཁུངས་ཡིན་ན་ཡང༌། དེ་ཉིད་འགྲོ་བ་མིའི་རིགས་ཀྱིས་རྒྱུན་དུ་བེད་སྤྱོད་ལོག་པར་བྱེད་ཀྱི་ཡོད། ཞིང་ས་གསར་འབོལ་དང༌། ཨར་ལས་འཛུགས་བསྐྲུན། ལམ་དང་ཆུ་རགས་གསར་སྐྲུན་བཅས་གང་གི་ཆེད་དུ་ཡིན་རུང་ཤིང་ནགས་གཅོད་བྲེག་བྱས་ཚེ། ས་རིམ་ཟད་འགྲོ་བའི་རྐྱེན་རྩར་གྱུར་གྱི་ཡོད། རྫས་ལུད་ཚད་ལས་བརྒལ་བར་སྤྱོད་པ་དང༌། གད་རྙིགས་འདོར་བས་ཀྱང་ས་བཅུད་ཉམས་རྐྱེན་བྱེད། ཆུ་ལོག་དང་སྲོག་ཆགས་ཀྱིས་རྩྭ་ར་ཚད་ལས་བརྒལ་ཏེ་སྤྱོད་པས་ཀྱང་སའི་བཅུད་ལྡན་གྱི་རྫས་རྣམས་བརླག་རྐྱེན་བྱས་ཏེ། རྩི་ཤིང་སྐྱེ་འཚར་མི་ཐུབ་པའི་ས་རྒོད་དུ་གྱུར་གྱི་ཡོད།

ས་རིམ་ཟད་དུ་འགྲོ་བ་ནི་སའི་གོ་ལ་གྲུབ་ཙམ་ཉིད་ནས་ཡོད་པའི་རང་བྱུང་གི་བརྒྱུད་རིམ་ཞིག་ཡིན་ཞིང༌། ས་རིམ་ཟད་ཀྱི་ཁོངས་སུ་ས་རྡུལ་གནས་གཅིག་ནས་གཞན་དུ་འཁྱེར་བའི་འགུལ་སྐྱོད་ཀྱང་ཚུད་ཡོད་ཅིང༌། དེ་འདྲའི་འགུལ་སྐྱོད་ནི་གཙོ་བོ་ཆུ་རྒྱུག་པ་(ཆུ་ལོག་)དང་རླུང་ལྡང་བས་ཡིན་ངེས་རེད། དེང་སྐབས་འགྲོ་བ་མིའི་བྱ་གཞག་གི་རྣམ་གྲངས་འཕེལ་ཆེ་བའི་དབང་གིས་ས་རིམ་ཟད་འགྲོ་ཚད་ཧ་ཅང་མཐོན་པོར་སླེབས་ཡོད། དེའི་འབྲས་བུར་ས་རིམ་ཟད་འགྲོ་ཚད་དེ་ས་རང་བཞིན་གྱིས་འགྲུབ་ཚད་ལས་བརྒལ་ཡོད། ས་རིམ་ཟད་དུ་འགྲོ་བ་དེས་ང་ཚོའི་གཞི་རྟེན་དང་འབྱུང་ཁུངས་ཀྱི་རྨང་གཞི་ཧ་ཅང་མགྱོགས་པོར་རྩ་མེད་བཟོ་བའི་ཆ་ནས་ད་ཆ་གནད་དོན་འདི་གོ་ལ་ཧྲིལ་པོའི་གནད་དོན་ཞིག་ཏུ་གྱུར་ཡོད།

ང་ཚོའི་ལུང་པའི་(རྒྱ་གར་)ས་ཁྱོན་ཧྲིལ་པོར་ལྟོས་ན། སའི་སྟེང་ངོས་རྩ་བརླག་སོང་བའི་ཚད་གཞི་མཐོ་པོ་རེད། ལྷག་པར་མི་ཚོགས་མང་བའི་ས་ཁུལ་དུ་གཙོ་བོ་སོ་ནམ་གྱི་ལས་དོན་འཕེལ་ཆེ་བའི་དབང་གིས་ས་ངོས་རྩ་བརླག་སོང་བའི་ཚད་གཞི་དེ་བས་ཀྱང་མཐོ་བ་ཡོད། ས་ཞིང་གཅིག་གི་ཐོག་ལོ་ཏོག་གི་རིགས་གཅིག་ཁོ་ན་མུ་མཐུད་འདེབས་ལས་བྱསཔས་ཀྱང་ས་བཅུད་ཉམས་རྐྱེན་བྱེད་ཀྱི་ཡོད། སྟེང་ས་(མཐུག་ཚད་སན་ཊི་མི་ཊར་ ༢༠ ཙམ་ཡོད།)བརླགས་རྗེས་དེའི་འོག་གི་ས་རིམ་དེ་ལོ་ཏོག་སྐྱེ་འཕེལ་བྱ་ཡུལ་དུ་གྱུར་ཅིང༌། ས་རིམ་འདིར་ས་བཅུད་འཛིན་ནུས་དང༌། སྐྱེ་ལྡན་གྱི་རྫས། རླུང་དང་འདྲེས་ཚད་བཅས་ཉུང་ངུ་ཞིག་ལས་མེད། དེའི་དབང་གིས་རང་བཞིན་སྐྱེ་ལྡན་གྱི་རང་བཞིན་ཡིན་པའི་ས་ལ་སྐྱོན་བྱུང་སྟེ་ས་རྒྱུ་གཤིན་ཚད་དང་ཐོན་འབབ་ཀྱི་ཐད་ཤུགས་རྐྱེན་ངན་པ་ཡོང་གི་ཡོད། ཤིང་ནགས་རྩ་མེད་དང༌། ཆུ་ལོག རྩྭ་ས་བེད་སྤྱོད་ཚད་ལས་བརྒལ་བར་བྱེད་པ་བཅས་ནི་ས་རིམ་ཟད་འགྲོ་རྐྱེན་གཙོ་གྲས་འགའ་རེད། རྫས་ལུད་ཀྱི་ནང་དུ་ཟེ་རླུང་དང༌། འོད་ཀྱི་མ་མ། དུག་སེལ་དཀར་པོ། (potassium) ཏི་ཚ།(zinc) དཀར་གཡའ། (magnesium) ལྟ་བུའི་རྫས་སྣ་ཡོད་པར་བརྟེན། རྫས་སྣ་འདི་རིགས་མང་དྲགས་ན་སའི་གྲུབ་ཆར་འགྱུར་ལྡོག་འགྲོ་ཡི་ཡོད།

ནགས་ཚལ་ལ་མེ་སྐྱོན་བྱུང་བ་དང༌། ཐ་ན་སོ་ནམ་གྱི་ཆེད་དུ་ས་ཞིང་རྨོས་སློག་གཏིང་ཟབ་མོ་བྱས་ནའང་ས་རིམ་ཟད་འགྲོ་བའི་རྐྱེན་ཆགས་ཀྱི་ཡོད། རྩི་ཤིང་རྩ་བ་ནས་མེད་པའང་ཕྲན་བུ་ལས་མེད་སའི་སྟེང་ངོས་རྣམས་ཆུ་དང་རླུང་གིས་འཁྱེར་འགྲོ་བ་ཁྱེད་ཀྱིས་ཤེས་མུས་རེད། ལྗོན་ཤིང་དང༌། རྩྭ། ཤིང་ཕྲན་གྱི་ར་བ་དག་གིས་ས་བརྟན་གནས་ཐུབ་པར་ཕན་གྲོགས་བྱེད་ཀྱི་ཡོད།

བརྟག་དཔྱད་དྲུག་པ།

དཔེ་རིས་ ༢་༤ རྩི་ཤིང་གིས་ས་རིམ་ཟད་འགྲོ་བ་འགོག་ཐུབ།

གཞོང་པའམ་སློ་མ་གཉིས་ཀྱི་ནང་ལྡུམ་ར་ནས་ས་བླངས་ཏེ་གཅིག་གི་ནང་རྩྭ་འམ་འབྲུ་རིགས་བཏབ་ཏེ་ཉིན་ཤས་རིང་ཆུ་བྲན་དགོས། དེ་རྗེས་སྣོད་གཉིས་ཀའི་འོག་གི་གཞོགས་གཅིག་ལ་ས་ཕག་རེ་བཞག་སྟེ་སྣོད་གཉིས་ཅུང་ཟད་ཡོ་བའི་ཚུལ་དུ་བཞག་རྗེས་གཉིས་ཀའི་ནང་ཆུ་བླུགས་དགོས། འདི་ལྟར་བྱས་ན་རྩི་ཤིང་བཏབ་པའི་སྣོད་དེ་ནས་འཛིར་བའི་ཆུའི་ནང་ས་རྡུལ་ཉུང་བ་ཡོད་པ་མཐོང་ཐུབ། དེ་ནི་རྩི་ཤིང་གི་རྩ་བས་ས་བཟུང་བས་རེད། (དཔེ་རིས་ ༢་༤)

ས་ངོས་རིམ་ཟད་ཀྱི་གནས་ཚུལ་དེས་ས་རྒྱུ་གཤིན་པོ་མེད་པར་བཟོ་བ་ཙམ་དུ་མ་ཟད་པར། ཆུ་རྒྱུགས་པས་ས་ཤུར་བཟོ་བ་དང་ལམ་དང་ཁང་བརྩེགས་ལ་སྐྱོན་བྱེད་པ་ལྟ་བུའི་གནོད་པ་མང་པོ་ཡོང་གི་ཡོད། དེ་བཞིན་ཆུ་དང་རླུང་གིས་འཁྱེར་བའི་ས་ཕལ་མོ་ཆེ་རྫིང་དང་མཚོ། གཙང་ཆུའི་ནང་དུ་འགྲོ་བར་བརྟེན། ཆུ་རྙོག་མ་བཟོ་བར་མ་ཟད་རྫིང་དང་མཚོ། གཙང་པོ་བཅས་ཀྱི་ཟབ་ཚད་ཉུང་དུ་གཏོང་གི་ཡོད། དེ་བཞིན་དེ་ལ་བརྟེན་ནས་ཆུར་གནས་སྲོག་ཆགས་དང་རྩི་ཤིང་གི་རྟེན་གལ་ཆེ་ཞིག་ཡིན་པའི་ཆུ་ཞབས་ཀྱི་ས་རིམ་མཐོ་རུ་གཏོང་བ་དང༌། དེ་འདྲའི་ས་ཁུལ་རྣམས་སུ་ཆུ་ལོག་འབྱུང་ཚད་མང་དུ་སོང་ནས་མཐར་ས་གནས་ཀྱི་གནམ་གཤིས་དང་སྣོད་བཅུད་ཀྱི་མ་ལག་ལ་འགྱུར་བ་ཡོང་གི་ཡོད།

རྩ་བའི་རྒྱུ་རྐྱེན་ཁག་ལ་སྟངས་འཛིན་བྱས་ན་ས་རིམ་ཟད་འགྲོ་བའི་གནས་ཚུལ་འདིར་སྔོན་འགོག་ནུས་ལྡན་བྱེད་ཐུབ། ཤིང་འཛུགས་ནགས་སྲུང་བྱ་རྒྱུ་ནི་དེ་འདྲའི་བྱ་ཐབས་གལ་ཆེ་ཤོས་གཅིག་ཡིན་ལ་དེ་ནི་ང་ཚོའི་རིག་གཞུང་གི་ཆ་ཤས་ཤིག་ཀྱང་རེད། གཞུང་ལའང་ས་སྲུང་སྐྱོབ་དང་རིམ་ཟད་འགྲོ་བ་ལས་འགོག་ཐབས་ཀྱི་ལས་གཞི་མང་པོ་ཡོད་ཅིང༌། དབེན་གནས་སྐྲུན་པ་དང༌། གྲོག་ཤུར་ལ་སྟངས་འཛིན་དང་གསར་འབོལ་བྱེད་པ་བཅས་ནི་ས་ངོས་རིམ་ཟད་འགྲོ་བ་འགོག་ཐབས་འགའ་ཞིག་རེད།

ལན་ཐོབས།

  1. སའི་ནང་འདུས་པའི་རྡུལ་གྱི་རིགས་ཁག་གི་མིང་ཤོད།
  2. སའི་རིགས་ཁག་གི་དབྱེ་བ་དང་དེ་དག་གི་རྩ་བའི་འབྱེད་ཆོས་ཁག་འགྲེལ་བརྗོད་གྱིས།
  3. ས་ངོས་རིམ་ཟད་ཀྱི་ཐད་རྩོམ་ཐུང་ཞིག་བྲིས།

གལ་ཆེའི་མིང་ཚིག་ཁག

སྔོ་ལུད། ས་བཅུད་ཉམས་པ། ས་ངོས་རིམ་ཟད། ས་རིམ། ས་ཡོམ། ས་གྲུབ་ཚུལ། སྟེང་ས། སའི་ཆགས་རིམ། བྱེ་མ། འདམ་བག འདམ་ཉོག འཁྱེར་ས། ས་ལྷག ས་ནག ས་དམར། ས་དམར་སྐྱ། ཆུ་ས།

བསྡུས་དོན།

  • ས་ནི་སའི་གོ་ལའི་ཕྱི་པགས་དེ་ཡིན།
  • ཆུ་དང་གངས། རླུང་སོགས་རང་བྱུང་གི་འགྱུར་ལྡོག་འབྱུང་རིམ་ནང་རྡོ་མང་པོ་ཧྲུག་ཆག་འགྲོ་ཞིང༌། རྡོ་ཞིབ་དེ་དག་ཕྱིས་སུ་འཆི་རུལ་སོང་བའི་སྐྱེ་ལྡན་གྱི་ཕུང་པོ་སྔོ་ལུད་དང་འདྲེས་ཏེ་ས་གྲུབ་པ་རེད།
  • ས་ནི་འབུ་ཕྲ་དང༌། ཧམ་སྤུའི་རིགས། གདོད་སྐྱེས་སྲོག་ཆགས། ས་འབུ་སོགས་སྲོག་ཆགས་མང་པོའི་རྟེན་གཞི་ཡིན།
  • སའི་ཆགས་རིམ་ནི་སའི་རིམ་པ་མི་འདྲ་བ་ཁག་ལ་ཟེར་ཞིང༌། ནམ་རྒྱུན་སྤྱིར་བཏང་ས་རིམ་ཞེས་པ་དེར་གོ
  • ས་ནི་སྤྱིར་བཏང་རྡུལ་ཕྲ་མོ་དང༌། སྐྱེ་ལྡན་གྱི་དངོས་པོ། རླུང༌། སྲོག་ཆགས། ཆུ། ཚྭ་རིགས་བཞུན་མ་མང་པོ་བཅས་ལས་གྲུབ་པ་རེད།
  • གསེག་མ་དང༌། བྱེ་མ། འདམ་ཉོག འདམ་བག་བཅས་པ་རྣམས་ནི། གྲུབ་རྒྱུ་མི་འདྲ་བའི་ས་ཁག་ཅིག་ཡིན།
  • སའི་གྲུབ་རྒྱུའི་ཞིབ་ལོས་ཀྱི་ཆ་ནས་བྱེ་ས་དང༌། གཤིན་ས། འདམ་བག་བཅས་སུ་དབྱེ་བ་དང༌། གྲུབ་ཆའི་གཏེར་རྫས་ཀྱི་ཁྱད་པར་དབང་གིས་ས་ནག་དང་ས་དམར། ས་དམར་སྐྱ་བཅས་སུ་དབྱེ་བ་ཡིན།
  • འཛམ་གླིང་ཐོག་ཚེ་སྲོག་རྒྱུན་གནས་ཐུབ་པར་ས་གལ་ཆེན་པོ་ཆགས་ཡོད།
  • ཤིང་ནགས་གཅོད་བྲེགས་དང༌། གཞུང་ལམ་དང༌། ཆུ་རགས། ཁང་པ་འཛུགས་བསྐྲུན། གཞན་ཡང་གད་སྙིགས་གཡུགས་པ་བཅས་ཀྱིས་ས་བཅུད་ཉམས་རྐྱེན་དང༌། ས་ངོས་རིམ་ཟད་འགྲོ་བའི་རྐྱེན་བྱེད་པ་ཡིན།
  • ཤིང་འཛུགས་ནགས་གསོ་དང་གྲོང་རོང་གསར་འབོལ་བྱེད་པའི་ལམ་ནས་ས་ངོས་རིམ་ཟད་འགྲོ་བ་སྔོན་འགོག་བྱེད་ཐུབ།

སྦྱོང་ཚན།

  1. ས་གྲུབ་པའི་བརྒྱུད་རིམ་མི་འདྲ་བ་ཁག་འགྲེལ་བརྗོད་གྱིས།
  2. ས་རྡུལ་གྱི་ཆེ་ཚད་མི་ལི་མི་ཊར་གཉིས་ལས་མང་བ་ཡོད་པ་དེ། སའི་རིགས་གང་ཞིག་ཡིན་ནམ།
  3. སའི་རིགས་གང་ཞིག་ལ་ས་ལྷག་ཟེར་རམ།
  4. ས་ཁུལ་ཞིག་གི་སའི་ནང་བྱེ་རྡོ་དང༌། འདམ། འཛམ་བུ་ཤེ་ལ་(Shale)  མཚོ་རྡོ་(Limestone)བཅས་ཡོད་པ་ དེ་སའི་རིགས་གང་ཡིན་ནམ། དེ་ཇི་ལྟར་གྲུབ་བམ།
  5. སའི་གལ་གནད་སྐོར་ལ་རྩོམ་ཡིག་ཅིག་བྲིས།
  6. སའི་ནང་གི་རྡུལ་ཁག་གི་མིང་དང་དེ་དག་གི་ཆེ་ཆུང་བྲིས།
  7. ས་རིམ་ཟད་འགྲོ་བའི་རྐྱེན་རྩ་གཙོ་བོ་རྣམས་ག་རེ་ཡིན་ནམ།
  8. རྩི་ཤིང་གིས་ས་ངོས་རིམ་ཟད་འགྲོ་བ་སྔོན་འགོག་ཐུབ་ཚུལ་ཁྱེད་ཀྱིས་ཇི་ལྟར་གསལ་སྟོན་བྱ་རྒྱུ་ཡིན་ནམ།
རྩོམ་སྔ་མ།བོད་སོག་ཆིངས་ཡིག་གི་ཞལ་བཤུས།
རྩོམ་རྗེས་མ།སྒྲོལ་མ་མེ་ཏོག
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།